Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཞེ་དྲུག་པ། ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། །
   
   
   
   
   
   
   
   


 
previousལེའུ་ཞེ་དྲུག་པ། ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། །next

ལེའུ་ཞེ་དྲུག་པ། ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། །


CMR032_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

༼མོ༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། །ཆོས་སྐྱོང་སྤྱི་སྒྲུབ་ཀྱི་བུ་ཡིག་མདེལ་ཐུང་ཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ། མ་མགོན་ལྕམ་དྲལ་ཚོགས་ལ་གུས་བཏུད་ནས། །ཆོས་སྐྱོང་སྤྱི་སྒྲུབ་བུ་ཡིག་གསལ་བཀོད་བྱ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །གཞན་རྣམས་ཆོས་སྐྱོང་སྤྱི་སྒྲུབ་གཞུང་བཞིན་ལ། །རང་བྱུང་མ་དང་དུད་སོལ་རེ་མ་ཏི། །ཨེ་ཀ་ཙ་ཏི་ལ་སོགས་ཡེ་ཤེས་ཀྱི། །ལྷ་མོ་སྒྲུབ་ཚེ་དམིགས་རིམ་མི་འདྲ་སྟེ། །རང་གི་ཐུགས་ལས་འོད་ཟེར་ཁ་དོག་ལྔ། །སྟོང་སྐུད་ལྟ་བུ་རང་གི་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་ཀར་ཐིམ་པའི་མོད། །སྔགས་ཕྲེང་དྲག་འཁོར་ལྷ་མོའི་ཐུགས་རྒྱུད་བསྐུལ། །ལྷ་མོས་བདག་ལ་བུ་ཡི་འདུ་ཤེས་སྐྱེས། །བདག་ལ་ཤིན་ཏུ་བྱམས་པའི་རང་བཞིན་གྱི། །འོད་ཟེར་ཚུར་བྱུང་རང་གི་སྙིང་གར་ཞུགས། །ལྷ་མོའི་བྱིན་རླབས་དངོས་གྲུབ་བདག་ལ་ཐིམ། །ལྷ་མོར་མ་ཡི་འདུ་ཤེས་དད་གུས་བསྐྱེད། །དེ་ནི་མ་ལྟར་སྒྲུབ་པའི་དམིགས་རིམ་ཡིན། །སྔོན་ལྟར་རང་གི་འོད་ཟེར་ལྷ་མོར་ཕོག །ལྷ་མོས་བདག་ལ་མིང་པོའི་འདུ་ཤེས་སྐྱེས། །ལྷ་མོ་བདག་ལ་བརྩེ་ཞིང་གདུང་བ་ཡི། །རང་བཞིན་འོད་ཟེར་ལྟེ་


CMR032_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནས་ཚུར་བྱུང་། །རང་གི་ལྟེ་བར་ཞུགས་ནས་ཐུགས་ཀར་ཐིམ། །ལྷ་མོར་སྲིང་མོའི་འདུ་ཤེས་བརྩེ་གདུང་བསྐྱེད། །དེ་ནི་སྲིང་ལྟར་སྒྲུབ་པའི་དམིགས་རིམ་ཡིན། །རང་གི་ཐུགས་ལས་འོད་ཟེར་སྔར་བཞིན་འཕྲོས། །ལྷ་མོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །ལྷ་མོས་བདག་ལ་ཁྱོ་ཡི་འདུ་ཤེས་སྐྱེས། །ལྷ་མོ་བདག་ལ་དགྱེས་ཤིང་ཆགས་པ་ཡི། །འོད་ཟེར་ཐུགས་ཀ་ནས་བྱུང་བྷ་གར་ཐོན། །རང་གི་རྡོ་རྗེ་ནས་ཞུགས་ཐུགས་ཀར་ཐིམ། །དངོས་གྲུབ་ཐོབ་ཅིང་བདེ་བ་རྒྱས་པར་བསམ། །འདི་ནི་ཁྱིམ་པ་རྣམས་ཀྱིས་མི་རུང་སྟེ། །ལྷ་མོ་ཕྲག་དོག་ཆེ་བས་ཆུང་མ་འཆི། །བཙུན་པས་བྱས་ན་འདུལ་ཁྲིམས་གཙང་བ་ཡིས། །གདམས་ངག་མཆོག་ཏུ་ཟབ་པ་ཡིན་པ་སྟེ། །ལྷ་མོ་ཚུལ་ཁྲིམས་སྙིང་ཉེ་མ་ཞེས་བྱ། །རང་ཉིད་ཡི་དམ་ང་རྒྱལ་བརྟན་པ་ཡིས། །འོད་ཟེར་མི་སྤྲོ་སྔགས་ནི་བཀའ་བསྒོའི་ཚུལ། །བརྗོད་པས་ལྷ་མོས་སྔོན་གྱི་དམ་ཚིག་དྲན། །ལྷ་མོས་བདག་ལ་རྗེ་དཔོན་འདུ་ཤེས་སྐྱེ། །ཐུགས་ལ་གང་བཞེད་ཁོ་མོས་བསྒྲུབ་བོ་ཞེས། །ཁས་བླངས་ཞལ་བཞེས་དམ་བཅའ་ཡང་ཡང་མཛད། །རང་འདྲའི་སྤྲུལ་པས་འཇིག་རྟེན་


CMR032_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀུན་གང་། །དཀར་མོས་ཞི་བྱས་སེར་མོས་ཚེ་བསོད་སྤེལ། །དམར་མོས་དབང་བསྡུས་ནག་མོས་དགྲ་བགེགས་བསྒྲལ། །ཀུན་ཀྱང་ཚུར་འདུས་ལྷ་མོ་ཉིད་ལ་ཐིམ། །བྲན་ལྟར་སྒྲུབ་འདི་ཤིན་ཏུ་རྣོ་མྱུར་ཏེ། །ཀོ་ལོང་ཕྲག་དོག་རྩུབ་འགྱུར་ཆེ་བ་ཡིན། །དེ་ཕྱིར་ལྷ་མོ་བསྟེན་དཀའ་མ་ཞེས་བྱ། །དེ་དག་སྒྲུབ་པའི་དུས་ཀྱི་དམིགས་རིམ་སྟེ། །བསྙེན་དང་ལས་སྦྱོར་དམིགས་རིམ་སྤྱི་སྒྲུབ་ལྟར། །ཁྱད་པར་ལྷ་མོ་མ་ལྟར་སྒྲུབ་ན་ནི། །ལས་སྦྱོར་ཞི་རྒྱས་དབང་གསུམ་གང་རུང་སྟེ། །ཁྱད་པར་ཞི་བ་བསྒྲུབ་ན་ཐུན་གྱི་མཇུག ༈ རྩ་སྔགས་ཀཱ་ཡ་ཝཱཀྐ་ཙིཏྟ་དང་། །སརྦ་སིདྡྷི་ཧཱུྃ་ཞེས་སྦྱར་བ་ཡི། །སྔགས་ནི་ཕྲེང་སྐོར་ཙམ་རེ་བཟླས་པའི་ཚེ། །མ་གཅིག་ལྷ་མོའི་ནུ་མ་བདག་གིས་ནུས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསྒོམ། །སྲིང་ལྟར་སྒྲུབ་ན་སྲིང་མོའི་འདུ་ཤེས་ཀྱིས། །ངོ་ཚ་སྲུང་ཞིང་གསང་གནས་སྦ་བ་གཅེས། །མཛའ་ལྟར་བསྟེན་ན་རང་ཉིད་ཡི་དམ་གསལ། །ཁྱད་པར་གཤིན་རྗེ་གཤེད་དང་རྟ་མགྲིན་བསྒོམ། །ལྷ་མོ་དང་སྦྱོར་གསང་མཆོད་ཕུལ་བར་་བསྒོམ། །བྲན་ལྟར་སྒྲུབ་ན་བྱ་ནག་ལུག་ནག་ནི། །དངོས་སམ་ཟན་ལ་


CMR032_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་པ་མཆོད་པར་བྱ། །དེ་དག་སྒྲུབ་ཐབས་སྤྱི་དང་མི་འདྲ་བའི། །ལྷ་མོ་ཁོ་ནའི་ཟབ་གནད་ངོ་མཚར་ཆེ། །ཨྠྀི། །ཡེ་ཤེས་ལྷ་མོ་རྣམས་ནི་མ་ལྟར་བསྟེན། །ལས་ཀྱི་ལྷ་མོ་སྲིང་དང་མཛའ་ལྟར་བསྟེན། །འཇིག་རྟེན་ལྷ་མོ་བྲན་ལྟར་བསྟེན་པ་སྟེ། །མཛའ་བྲན་གཉིས་ཀ་ལྟར་བསྟེན་འཁོར་ཚབས་ཆེ། །ལྷ་མོའི་རིགས་ནི་མང་པོ་འདོན་ན་ནི། །ལ་ལ་མ་དང་ལ་ལ་གྲོགས་དང་སྲིང་། །དེ་དག་སོ་སོར་བསྟེན་པས་ཤིན་ཏུ་ལེགས། །ཨྠྀི། །དེ་ནས་ཆོས་སྐྱོང་སྤྱི་ཡི་སྒྲུབ་པ་ཡི། །ཟབ་ཁྱད་རྣོ་མདེལ་སྔགས་ཀྱི་ཤམ་བུ་ནི། །བསྙེན་སྒྲུབ་བྱས་ཀྱང་རྟགས་མཚན་ཡེ་མེད་ན། །རྩ་སྔགས་ཤམ་བུར་སྔགས་འདི་སྦྱར་ལ་བཟླས། །ཨུ་ནེ་ཨུ་ནེ་ཨུ་ནེ། ཨ་ཨ་ཨཱ། ཨི་ཨི་ཨཱི། ཨུ་ཨུ་ཨཱུ། ཨ་ཀརྨ་ཡ་ས་མ་ཡ་ཛ་ཛཿ ཅེས་བཟླས་རྟགས་མཚན་མེ་ལོང་བལྟས་ལྟར་གསལ། །བསྙེན་སྒྲུབ་རྟགས་ཐོན་ལས་ལ་སྦྱར་བ་ནི། །རྩ་སྔགས་གང་ཡིན་མཇུག་ཏུ་སྔགས་འདི་སྦྱར། །ནད་གདོན་བར་ཆད་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པའི་ལས་སྒྲུབ་སྔགས་ཀྱི་ཤམ་བུ་ནི། །ཚེ་བསོད་དཔལ་འབྱོར་པུཏྟིཾ་ཀུ་རུ་ཧཱུཾ་སྭཱ་ཧཱ། དབང་གི་ལས་སྒྲུབ་


CMR032_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་སྔགས་ཤམ་ནི། །ལོ་ཀཱ་སིདྡྷི་པཱ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། དྲག་པོའི་ལས་སྒྲུབ་དུས་སུ་སྔགས་ཤམ་ནི། །རྩ་སྔགས་མཇུག་ཏུ་ཧཱུྃ་ཕཊ་མི་འབྱར་ན། །གནོད་བྱེད་སརྦ་ཤ་ཧཱུཾ་མཱ་ར་ཡ་ཕཊ། །ཧཱུཾ་ཕཊ་འབྱར་ན་ཧཱུྃ་གི་གོང་དེ་རུ། །མཱ་ར་ཡ་ཡན་སྔགས་དེ་འཛུད་པ་ཡིན། །འདི་དག་སྤྱི་མཚམས་ཆོས་སྐྱོང་བསྙེན་སྒྲུབ་སྟེ། །འབོད་རྦད་བསད་གསུམ་ལྟ་བུ་མ་ཡིན་ནོ། །དེ་ཕྱིར་འདི་དག་ནམ་ཡང་བསྒྲུབ་ཏུ་རུང་། །ཆོས་སྐྱོང་འབོད་རྦད་བསད་གསུམ་སྒྲུབ་པ་དང་། །དེ་གསུམ་གཅིག་དྲིལ་སྒྲུབ་པ་མང་ན་ཡང་། །དགྲ་གཅིག་ངེས་པར་གསོད་ན་མ་གཏོགས་པ། །ནམ་དགའ་རང་གར་སྒྲུབ་པ་རུང་བ་མིན། །དེ་ཕྱིར་སྤྱི་སྒྲུབ་འདི་ནི་ཀུན་ལ་ཕན། །ཆོས་སྐྱོང་སྤྱི་སྒྲུབ་བུ་ཡིག་མདེལ་ཐུང་འདི། །རྟ་ལོ་ཁྲུམས་ཟླའི་མར་ངོའི་ཚེས་བཅུའི་གུང་། །སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་བརྗེད་ཐོར་བྲིས། །གསང་སྔགས་སྔ་འོས་གསལ་བར་བཀོད་པའི་ཉེས། །མ་གཅིག་ལྷ་མོ་སྟོང་རྩའི་དྲུང་དུ་བཤགས། །དགེ་བས་བུ་སློབ་ཡང་སློབ་བརྒྱུད་པར་བཅས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ལེའུ་ཞེ་དྲུག་པའོ་མངྒ་ལཾ།་་་་འདིའང་སྣོད་མིན་ལ་ཤིན་ཏུ་གསང་བ་དམ་ཚིག་གོ། །


previousལེའུ་ཞེ་དྲུག་པ། ཆོས་སྐྱོང་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །བུ་ཡིག་མདེའུ་ཐུང་ཕྲིན་ལས་ཀུན་འགྲུབ་ཡོད། །next