Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཞེ་དགུ་པ། བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། །
   
   
   
   
   


 
previousལེའུ་ཞེ་དགུ་པ། བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། །next

ལེའུ་ཞེ་དགུ་པ། བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། །


CMR032_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཆོས་སྐྱོང་སྤྱིའི་རྟེན་གཏོར་སོགས་གཏོར་མའི་ཡིག་སྣ་ལྷའི་ནོར་བུ་ཀེ་ཀེ་རུ་ཞེས་བྱ་བ་བཞུགས་སོ། །གསང་རྒྱའོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྔགས་ལ་མོས་པའི་བླ་མ་་བརྩོན་འགྲུས་ཀྱིས། །རྟེན་གཏོར་ལ་སོགས་གཏོར་མའི་རྣམ་དབྱེ་རྣམས། །ཆོས་སྐྱོང་སྤྱི་ལ་ཕན་པའི་ཞལ་གདམས་ཞུས། །དེ་དོན་གསར་རྙིང་རྒྱུད་གཞུང་རྒྱ་མཚོ་དང་། །ཁྱད་སྒྱུ་པར་གཏོར་མའི་ལས་རྒྱུད་ལ་སོགས་ནས། །གཏོར་མ་མེད་ན་བར་ཆད་སེལ་བར་དཀའ། །གཏོར་མར་བརྩོན་ན་བར་ཆད་མི་ཚུགས་ཤིང་། །མཆོག་ཐུན་དངོས་གྲུབ་སྒྲུབ་པའི་


CMR032_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གསུངས། །ཕྱི་ཡི་གཏོར་མ་ཆུ་གཏོར་བརྒྱ་རྩ་སོགས། །གསང་བའི་གཏོར་མ་ལུས་སྦྱིན་ཀུ་སུ་ལུ། །གསང་སྔགས་ནང་གི་གཏོར་མ་གཏོར་བསྔོས་ཏེ། །འདི་གསུམ་མ་ཆག་བསོད་ནམས་ཚོགས་བསགས་མཆོག །ནང་གཏོར་མ་གཏོགས་ཆོས་སྐྱོང་གཏོར་མ་ལ། །རྟེན་གཏོར་རིགས་གཉིས་གཏའི་གཏོར་རྟག་གཏོར་དང་། །རྒྱུན་གཏོར་ཐུན་གཏོར་དུས་གཏོར་རྣམ་དབྱེའོ། །རྟེན་གཏོར་འཕྲལ་དུ་སྒྲུབ་པའི་རྟེན་གཏོར་ནི། །སྒྲུབ་ཚེ་ལྷར་བསྐྱེད་ཚར་ནས་དབང་ལེན་པ། །དགོན་གནས་ལ་སོགས་བཞག་རྒྱུའི་རྟེན་གཏོར་ནི། །མ་མགོན་ལ་སོགས་དྲག་པོའི་ལྷ་ཡིན་ན། །ནས་ནག་གཙང་མ་སྣོད་དུ་བླུགས་བྱས་ལ། །སྭ་བྷ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །ནས་འབྲུ་རེ་རེ་ཧཱུྃ་ཡིག་སྔོན་པོར་བསྒོམ། །དེ་ནས་མི་དམིགས་བྱས་ལ་རྗེན་འཐག་བྱ། །ཞི་བར་ནས་དཀར་སོ་སོའི་ས་བོན་དམིགས། །དེ་ཡང་རྗེན་འཐག་བྱ་བ་གོང་དང་འདྲ། །ཆུ་ཆང་ཟན་ཆང་བྱས་ན་རུལ་བས་སྤང་། །མར་ཁུ་བྱས་ན་གཏོར་གཟུགས་བཅའ་མི་ཉན། །མར་དཀར་ཆུ་བཅག་ཆང་གི་ཉིང་ཁུས་སྦྲུས། །གཙང་མའི་ཁྲག་དང་བདུད་རྩིའི་རིལ་བུ་བསྲེ། །ཞི་བའི་རིགས་ལ་དེ་


CMR032_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དག་མི་བསྲེ་སྟེ། །ནོར་ལྷའི་རིགས་ལ་མངར་གསུམ་ཤིང་ཏོག་རིགས། །ཀླུ་ཡི་རིགས་ལ་ཀླུ་སྨན་ཕྱེ་མ་དང་། །བ་དཀར་ར་དཀར་འབྲི་ཟལ་འོ་མ་བསྲེས། །དྲག་པོ་ཡིན་ན་ཟངས་ལྕགས་སྣོད་ལེགས་ཏེ། །ཞི་བར་ལིའམ་ཤིང་སྣོད་ཤིང་ཤུན་རུང་། །རྫ་ལས་གྲུབ་པའི་ཟླ་གམ་གཏོར་སྣོད་དབྱིབས། །དེ་ནི་མ་མགོན་གཏོར་མར་མཆོག་ཏུ་བཤད། །བསེ་དང་ར་གན་རྡོ་ལེབ་སྡོད་མི་རུང་། །གཏོར་མ་ཆེ་ན་འོག་གདན་སྟེགས་བུའི་སྟེང་། །ཡང་ན་གཏོར་སྣོད་ནང་དུ་བརྡའ་ཙམ་བྲི། །ཟླུམ་པོ་དཀར་པོའི་ནང་དུ་གྲུ་བཞི་སེར། །དེ་ནང་ཟླ་གམ་དམར་ནག་གྲུ་གསུམ་མཐིང་། །དེ་ནི་ལས་བཞིའི་དཀྱིལ་འཁོར་བརྡའ་མཚོན་ཡིན། །གྲུ་བཞི་ཟླུམ་པོ་ཕྱི་ནང་བརྗེས་ཀྱང་རུང་། །དེ་སྟེང་གཏོར་མ་དབྱིབས་ནི་དབང་གཏོར་བཞིན། །རང་རང་གཏོར་གཟུགས་ལྷུན་མཐུག་ཟུར་མི་རྣོ། །གཏོར་མ་ཆེ་ན་སྟོད་སྨད་རྣམ་པ་ལྔར། །སོ་སོར་ཤོག་དྲིལ་བཅུག་པར་བྱ་བ་སྟེ། །བརྒྱུད་པའི་བླ་མ་སྟོད་རིམ་ས་ཐོབ་རྣམས། །སོ་སོའི་མཚན་སྔགས་ཤོག་དྲིལ་བྲི་བ་སྟེ། །ས་ཐོབ་མིན་པར་བླ་བརྒྱུད་མི་བྲི་བར། །ཨོཾ་ཨཱ༔སརྦ་གུ་རུ་ཧཱུཾ་གིས་ཆོག །དེ་འོག་ཆོས་སྐྱོང་དེ་


CMR032_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་འདུལ་བའི་ལྷ། །ཡི་དམ་གང་ཡིན་དེ་ཡི་སྙིང་པོ་བཙུག །གཏོར་མའི་སྟོད་དེར་བསྙེན་སྔགས་འབོད་སྔགས་བཅུག །རྐེད་པར་སྒྲུབ་སྔགས་དངོས་གྲུབ་ཤམ་བུ་དང་། །རྦད་སྔགས་སྔགས་རིང་བཅས་པར་བཅུག་པར་བྱ། །རྩ་བར་བསད་སྔགས་སྔགས་རིང་བཅུག་པར་བྱ། །གཏོར་མ་ཆུང་ན་ཟངས་ལྕགས་སྦུ་གུའང་། །སྨྱུག་ཚིགས་ནང་དུ་སྟོད་སྨད་སོ་སོར་བཅུག་།དེ་ཉིད་གཏོར་མའི་སྲོག་ཤིང་བྱས་པས་འཐུས། །འཇིག་རྟེན་ལྷ་ལ་བླ་མའི་མཚན་མི་བཅུག །གོང་ནོན་གཉེན་པོའི་ལྷ་ཡི་སྔགས་ཀྱིས་ཆོག །གཏོར་མའི་དབུས་སུ་རིན་ཆེན་སྣ་ཚོགས་པ། །བཅུག་ན་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཟབ། །སྨན་སྣ་ཀུན་བཅུག་ནད་ཉུང་རྟེན་འབྲེལ་འགྱུར། །ཡེ་ཤེས་པ་ལ་བདུད་རྩི་རིལ་བུ་དང་།འཇིག་རྟེན་པ་ལ་ཀླུ་སྨན་རིལ་བུ་བཅུག །གསེར་དང་གསེར་ཤོག་མང་པོ་བཙུག་པ་ལ། །གསེར་གཏོར་ཞེས་བྱ་ཁམས་ཆེན་བརྩི་སྲོལ་གདའ། །ཞི་དྲག་མར་རྒྱན་སོ་སོ་གང་འོས་དང་། །སོ་སོའི་ས་བོན་ཡིག་འབྲུ་བཀོད་པར་བྱ། །ཡབ་སྲས་ལ་སོགས་སྟོབས་ཆེན་ཕྱག་ལེན་ལ། །གོས་ཆེན་བཟང་པོར་གཏོར་མའི་དབྱིབས་དྲུབ་ནས། །ནང་དུ་


CMR032_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྨན་རིན་ཆེན་ཤོག་དྲིལ་བཀང་། །དངུལ་གྱི་མར་རྒྱུན་བརྡུང་ནས་བཏགས་པ་ལགས། །ཆུ་མ་འདྲེས་པའི་ཨ་བསྣོའི་གཏོར་མ་དེ། །ལོ་སྟོང་སོང་ཡང་མི་རུལ་ཞིག་མི་འགྱུར། །དེ་ནི་མྱོང་བས་གྲུབ་པའི་ལོ་རྒྱུས་ཐོས། །ཤ་རྒྱན་འོས་པའི་གཏོར་མ་ཡིན་ན་ནི། །ཤ་མ་འདྲེས་པའི་ཚིལ་ལ་དྲས་བྱས་ཏེ། །དེ་ཡང་མར་ཁུའི་ནང་ནས་དྲངས་ལ་འཛུགས། །རྩེ་ལ་སོ་སོའི་ཙཀཱི་དར་གདུགས་ཕུབ། །ཆེ་ཆུང་མདའ་གང་ཁྲུ་གང་མཐོ་གང་དང་། །ཐ་ན་མཛུབ་གང་གིས་ཀྱང་ཆོག་པ་ཡིན། །ཆེ་ན་རང་མདོག་མདའ་དར་བཙུགས་པར་བྱ། །དང་པོ་བཤམས་ནས་སྤོས་བདུག་ཆབ་ཀྱིས་བྲན། །ཆང་རྒོད་ནང་མཆོད་བྲན་ཅིང་བསྒུལ་མི་བྱ། །རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་མེ་ཆུ་རླུང་གསུམ་གྱིས། །བསྲེགས་གཏོར་བཀྲུས་ནས་སྟོང་པ་ཉིད་དུ་བསམ། །གཏོར་སྣོད་ཕྲིན་ལས་བཞི་ཡི་དཀྱིལ་འཁོར་ནི། །ལྕགས་རི་རིམ་པ་ཕྱི་ནང་བཞི་འདྲ་བ། །ནང་མ་ཀུན་ལ་སྒེས་སྐར་འདྲ་བའི་ནང་། །དབུས་སུ་རླུང་མེ་ཐོད་སྐྱེད་སྤྱི་ལྟར་སྟེང་། །བྷན་སྟོང་གསུམ་མཉམ་པ་གཅིག་བསྒོམས་ཏེ། །ནང་དུ་ཤ་ལྔ་ཡེ་ཤེས་བདུད་རྩི་


CMR032_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། །དེ་མན་གཏོར་མའི་སྨད་ཆ་གཏོར་སྣོད་བཅས། །གཏོར་མའི་སྐེད་པར་ཆོས་སྐྱོང་གཞལ་ཡས་གསལ། །རྩེ་རུ་བླ་མ་ཡི་དམ་སྤྲིན་ལྟར་གཏིབས། །ཞི་བའི་ཆོས་སྐྱོང་ནོར་ལྷ་སོགས་ཡིན་ན། །རླུང་མེ་ཐོད་སྐྱེད་བྷན་མི་བསྒོམ་པར། །རིན་ཆེན་སྣ་ཚོགས་བདུད་རྩིས་གང་བར་བསྒོམ། །གཏོར་ཆོག་བཞིན་དུ་ཆོས་སྐྱོང་སྤྱན་འདྲེན་བསྟིམ། །བྷནྡྷའམ་ནི་རིན་ཆེན་སྣོད་དེ་ནས། །བདུད་རྩི་འཕྱུར་པས་ཕྲིན་ལས་རྣམ་བཞི་ཡི། །དཀྱིལ་འཁོར་བཞི་པོ་བདུད་རྩིས་ལྡེམས་སེ་གང་། །བདུད་རྩིའི་རླངས་པ་མཆོད་རྫས་དཔག་མེད་པ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་རྣམ་པ་བདུན། །མཆོད་པའི་ལྷ་མོ་བཅུ་དྲུག་སྤྲིན་ལྟར་གཏིབས། །ཞི་བའི་དཀྱིལ་འཁོར་ནང་དུ་དཀར་གསུམ་དང་། །རྒྱས་པའི་དཀྱིལ་འཁོར་ནང་དུ་ནོར་བུའི་རིགས། །དབང་གི་དཀྱིལ་འཁོར་ནང་དུ་དར་ཟབ་ཚོགས། །དྲག་པོའི་དཀྱིལ་འཁོར་དགྲ་བགེགས་ཤ་ཁྲག་སོགས། །ཕུད་རླངས་བསྐང་རྫ་ས་སྒྲུབ་རྫས་རྟེན་པའི་རྫས། །ཟད་མེད་དཔག་མེད་འཕྲོ་ཞིང་འདུ་བ་ལས། །ཆོས་སྐྱོང་འཁོར་བཅས་དེ་ལ་ཐུགས་མཉེས་ནས། །བྱིས་པ་གཞོན་ནུ་རྩེད་མོར་ཡེངས་པའམ། །འདོད་སྲེད་ལྡན་པ་ནོར་


CMR032_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པ་བཞིན། །རྟག་ཏུ་དགྱེས་ཤིང་འཁོར་ཞིང་བཞུགས་པ་དེ། །བསིལ་བ་ཚལ་སོགས་རང་རང་བཞུགས་གནས་དང་། །གཏོར་མ་དེ་ཉིད་དབྱེར་མེད་རོ་གཅིག་བསམ། །རྟག་ཏུ་མི་གཤེགས་མི་བསྡུ་དེ་ལྟར་བཞག །བདུན་གཉིས་བདུན་གསུམ་བར་དུ་ཐུན་རེ་རེ། །གཏོར་མར་སེམས་གཏད་སྟོང་ཕྲག་ཙམ་རེ་བསྙེན། །དེ་ནི་རྟེན་གཏོར་བསྙེན་པའི་རིམ་པ་སྟེ། །རྗེས་ནས་དགུ་གཏོར་དུས་ཀྱང་དེ་ལ་བསྟིམ། །དུས་བཟང་སྐར་བཟང་དུས་སུ་གསོ་བྲན་བྱ། །རྒྱུན་དུ་མི་ཡིས་མི་མཐོང་སྦས་ཏེ་བཞག །ཤོག་བུར་བྲིས་སམ་ཤིང་ལ་བརྐོས་པ་ཡི། །ཟླ་ཕྱེད་རྡོ་རྗེ་གཅིག་དང་སྲུང་སྐུད་ནི། །བལ་ལམ་དར་རས་གཙང་མར་མདུད་བྱས་ལ། །རྩ་སྔགས་ཤམས་བུར་བདག་དང་བུ་སློབ་དང་། །རྟ་ཕྱུགས་དགོན་སྐོར་ལ་སོགས་སྲུངས་ཤིག་དང་། །རཀྵ་རཀྵ་སྭཱ་ཧཱ་སྤེལ་བའི་སྔགས། །བརྒྱ་རྩས་སྔགས་ཏེ་རྟེན་གཏོར་ལ་བཏགས་བྱ། །དེ་ནི་སྤྱི་ཡི་མི་ནོར་སྲུང་བའི་ཁྱུ་མཆོག་ཁྱད་པར་ཞིང་སྐྱོང་རྟེན་གཏོར་གདམས་ངག་ནི། །སེང་གདོང་ཡབ་ཡུམ་བམ་རོ་ཕོ་མོའི་སྔགས། །དེ་མཇུག་སྡེ་བརྒྱད་སྔགས་ནི་མི་འབྱར་བར། །ཀ་ཆ་མཆོད་ཆ་བྲང་


CMR032_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་སོགས་པ། །མིང་བྲིས་མཇུག་ཏུ་ཞིང་སྐྱོང་ཡབ་ཡུམ་ལ། །བཅོལ་ལོ་གཏད་དོ་མ་བསྐུར་ཐུབ་པར་སྲུངས། །རཱ་ག་ར་ཏི་ནོར་སྲུངས་ཤིག །ཅེས་བྲིས་ཤོག་དྲིལ་གཏོར་མར་བཏགས་པར་བྱ། །དེ་ནི་དཀོར་ནོར་སྲུང་བའི་མཆོག་ཏུ་གསུངས། །གལ་ཏེ་ཁྱེར་ན་ཆད་མི་དགོས་པར་བཤད། །ཞིག་རལ་བྱུང་ན་བརྗེ་བ་མ་གཏོགས་པ། །དེ་མིན་རྟེན་གཏོར་བརྗེ་བར་བྱ་བ་མིན། །བསྟན་ལ་ཐུག་པའི་དགྲ་བོ་བྱུང་སྲིད་ན། །ཟོར་དུ་འཕངས་ན་ཧུར་ཐུམ་འགྲོ་བར་བཤད། །རང་ཉིད་ཡི་དམ་ང་རྒྱལ་བརྟན་པོ་ཡིས། །ལྷ་ཉིད་གདན་དང་བཅས་ཏེ་འཕངས་བསྒོམ་པས། །ཕ་རོལ་རྡུལ་དུ་བརླག་པར་གདོན་མི་ཟ། །ནུས་པ་ཆུང་ན་རང་ལ་ལྡོག་དོགས་ཆེ། །བསྐུལ་པ་བཏོན་ནམ་ལྷ་དེ་ནམ་མཁར་བཏེག །སེར་སྤྲིན་བཞིན་དུ་འུར་ཆོམ་བཅས་ཏེ་སོང་། །གཏོར་མ་མེ་དཔུང་མཚོན་ཆར་དམིགས་ཏེ་འཕངས། །དེ་ཡིས་རང་ལ་ལྡོག་དོགས་ཡོད་པ་མིན། །རྟེན་གཏོར་བརྗེའམ་འཕེན་དགོས་བྱུང་བའི་རྗེས། །དེ་ཉིན་ཉིད་དུ་གྲུབ་ན་རབ་ཡིན་ཏེ། །མ་གྲུབ་ཡུན་རིང་མ་འགོར་སྔར་བཞིན་བཅལ། །རང་ཉིད་གནས་དེར་མི་འདུག་འགྲོ་དགོས་ན། །


CMR032_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མར་དབང་བླངས་བཀྲ་ཤིས་གཤེགས་གསོལ་བྱ། །གཏོར་མའི་རུ་རྩི་སྔགས་ཀྱི་ཤོག་དྲིལ་དང་། །ཙཀ་ལི་ལ་སོགས་ཆས་རྣམས་རང་གིས་ཁྱེར། །གཏོར་མ་ཅུང་ཟད་ཟོས་འཕྲོ་གཏོར་བདུག་སྦྱིན། །དེ་ནས་རྟག་འདུག་གནས་དེར་སྔར་ལྟར་བཅལ། །དེ་ལྟར་སྒྲུབ་པའི་ཚེ་ཡི་རྟེན་གཏོར་དང་། །བསྟན་པ་ཇི་སྲིད་གནས་ཀྱི་རྟེན་གཏོར་རྫོ་གས། །རྟག་གཏོར་ཕུག་གཏོར་གོང་གཏོར་དོན་གཅིག་སྟེ། །ལོ་རེ་ལན་རེ་བརྗེ་བའི་ཕུག་གཏོར་ཡིན། །རིམ་གྲོ་ཡིན་ན་མ་གྲོལ་བར་དུའོ། །རག་རིམ་ལྷ་གྲངས་བཅའ་བ་ཀུན་གྱིས་ཤེས། །གཏོར་མའི་རྩེ་ཐད་རང་རང་ལྷ་རྣམས་བསྒོམ། །རྟག་པར་འཇོག་པས་རྟག་གཏོར་ཞེས་བྱའོ། །དེ་འདྲ་བསྡུས་པ་ནུབ་རེ་རྒྱུན་དུ་བཅའ། །དེ་ནུབ་ཉིད་ནས་བསྡུ་བ་རྒྱུན་གཏོར་ཏེ། །ཕུག་གཏོར་རྒྱུན་དུ་བཅའ་བ་མི་ཁྱོལ་ཕྱིར། །རྟག་གཏོར་རྒྱུན་དུ་གསོ་བ་རྒྱུན་གཏོར་ཡིན། །གཏའ་གཏོར་ཞེས་བྱ་གཏའ་མར་བཟུང་བ་དེ། །གཏོར་མ་ཀླུ་ཤིན་ཏུ་བཟང་བ་གཅིག་བཤམས་ཏེ། །ཆོས་སྐྱོང་དྲག་པོའི་ལས་ལ་ཟད་པའི་དུས། །ལས་འདི་འགྲུབ་རྟགས་བྱུང་དུས་འབུལ་ལོ་བྱ། །ལས་གྲུབ་རྨིས་ལྟས་ལ་སོགས་གསལ་བྱུང་


CMR032_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །གསོལ་མཆོད་རྒྱས་པར་བྱས་ལ་དེ་ཉིད་འབུལ། །ཐུན་གཏོར་ཞེས་བྱ་ཐུན་མཚམས་གཏོར་ཆུང་ཉིད། །དུས་གཏོར་ཞེས་བྱ་དགུ་གཏོར་ཚེས་བཅུ་འམ། །ལྷ་དེ་རྒྱུ་དུས་དུས་མཆོད་བཟུང་ལ་འབུལ། །གཞན་དུ་ལོ་སྒྲུབ་གཅིག་ནི་བྱས་པ་བས། །རྒྱུ་དུས་མཆོད་གཏོར་བྱས་ན་མཐུ་ཆེ་གསུངས། །ལས་གཏོར་ཞེས་བྱ་ངེས་མེད་རང་ཉིད་ལ། །བྱ་བ་སྒྲུབ་དགོས་བྱུང་ཚེ་གཏོར་མ་འབུལ། །ང་ཡི་དོན་འདི་སྒྲུབ་ཞེས་ཕྲིན་ལས་བཅོལ། །དེ་ནི་གློ་བུར་ལས་བཅོལ་གཏོར་མ་ཟེར། །ལས་དེ་ཞི་རྒྱས་དབང་དྲག་གང་ཡིན་དང་། །ལྷ་དེ་ཞི་བ་དྲག་པོ་གང་ཡིན་དང་། །དམར་གཏོར་དཀར་གཏོར་ཇི་ལྟར་འོས་པ་དང་།་་།ཞི་རྒྱས་དབང་གི་ལས་ལ་གསོལ་མཆོད་བྱ། །བཟློག་བསད་ཆོ་འཕྲུལ་ལས་ལ་དྲག་ཏུ་བསྐུལ། །ཐེབ་ལྡོག་མི་འགལ་དགྲ་ཕྱོགས་ཟོར་དུ་འཕངས། །རྦད་བསད་སྔགས་བརྗོད་ཞྭ་གོས་དར་ནག་བརྡབ། །ཐག་རིང་འགྲོའམ་ཞི་རྒྱས་དབང་གི་ལས། །འགྲོ་བའི་ཕྱོགས་སུ་གཏོར་མའི་རྩེ་སྟོན་འབུལ། །འདི་ལ་ཕྱོགས་དང་ཐེབ་ལྡོག་བརྩི་མི་དགོས། །ཕྱོགས་དེར་སྲུང་མ་གཤར་ནས་སོང་བར་བསྒོམ། །འགྲོ་ཕྱོགས་མིན་པར་ཕུལ་ལ་ཕྱི་དལ་


CMR032_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །ཞི་རྒྱས་དབང་གི་གཏོར་མ་དངོས་གྲུབ་བཟའ། །དྲག་པོའི་གཏོར་མ་ཚུར་ལ་བླངས་མི་རུང་། །གཏོར་མ་ཕུལ་ནས་གཏོར་སྣོད་ཁྱེར་འོང་ཚེ། །ཁ་ཕྱིར་བསྟན་ནས་ཁྱེར་ན་དངོས་གྲུབ་ཡལ། །ཁ་ནང་བསྟན་ནས་ཁྱེར་ན་དངོས་གྲུབ་འདུ། །དེ་ལྟར་གཏོར་མའི་ཞལ་གདམས་མདོར་བསྡུས་འདི། །གསར་རྙིང་གཏེར་ཁ་ཀུན་གྱི་དོན་བསྡུས་ཡིན། །རྟ་ལོ་ཁྲུམས་ཟླའི་མར་ངོའི་བཅུ་གཉིས་ཀྱི། །དགོང་ཐུན་ཚིགས་སུ་བཅད་དེ་སྨྲས་པ་རྣམས། །བརྩོན་འགྲུས་རྒྱ་མཚོས་མགྱོགས་པར་ཡི་གེར་བྲིས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །ཕྱི་རབས་སྔགས་ལ་མོས་པའི་གང་ཟག་ལ། །ཕྲིན་ལས་ཀུན་འགྲུབ་ཡིད་བཞིན་ནོར་བུར་ཤོག །ལེའུ་ཞེ་དགུ་པའོ་མངྒ་ལཾ།། །།


previousལེའུ་ཞེ་དགུ་པ། བར་ཆད་ཀུན་སེལ་ཅི་བསམ་འགྲུབ་པའི་ཕྱིར། །གཏོར་མའི་ཡིག་སྣ་ལྷ་ཡི་ནོར་བུ་ཡོད། །next