Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ལྔ་བཅུ་པ། གཞུང་དང་མན་ངག་གཉིས་པོ་གབ་འཕྲོད་ཕྱིར། །པཀྵིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད།
   
   
   
   


 
previousལེའུ་ལྔ་བཅུ་པ། གཞུང་དང་མན་ངག་གཉིས་པོ་གབ་འཕྲོད་ཕྱིར། །པཀྵིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད། next

ལེའུ་ལྔ་བཅུ་པ། གཞུང་དང་མན་ངག་གཉིས་པོ་གབ་འཕྲོད་ཕྱིར། །པཀྵིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད།


CMR032_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

༼ཝི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། མ་མགོན་སྒྲུབ་པའི་ཟིན་བྲིས་གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཉྩ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །བླ་མ་རཱུ་པ་བརྩོན་འགྲུས་རྒྱ་མཚོ་ཡིས། །ཆོས་སྐྱོང་བཀའ་སྲུང་སྒྲུབ་ཐབས་དགོས་ཟེར་བ། །ཆོས་སྐྱོང་ཀུན་གྱི་སྤྲུལ་


CMR032_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་རྩ་བའི་ལྷ། །མ་མགོན་ལྕམ་དྲལ་འདི་ལས་ཟབ་པ་མེད། །སྟ་གོན་དཀྱིལ་འཁོར་ལ་སོགས་སྤྱི་སྒྲུབ་བཞིན། །དེ་ནས་འདོན་ལུགས་མི་འདྲ་སྣ་ཚོགས་ཏེ། །བདག་བསྐྱེད་ཕག་མོ་མདུན་བསྐྱེད་མགོན་པོ་བསྒོམ། །དགུ་གཏོར་བསྐང་གསོལ་ལ་སོགས་སྤྱི་འཚམས་ལུགས། །བདག་བསྐྱེད་ཕྱག་རྡོར་མདུན་བསྐྱེད་མགོན་པོ་བསྒོམ། །དེ་ནི་རྒྱུད་ནས་གསུངས་པའི་དགོངས་པ་ཡིན། །བདག་བསྐྱེད་གཤིན་རྗེ་ཕྱག་གཉིས་ཡུམ་འཁྲིལ་བ། །མདུན་བསྐྱེད་ལྷ་མོ་རིགས་གསུམ་གང་རུང་བསྒོམ། །ཨོ་རྒྱན་གྱིས་མཛད་དུས་མཁྱེན་ཡབ་ཆོས་ལུགས། །ཕྱག་བཞི་མ་དང་སྐུ་གསུམ་ལྷ་མོ་དང་། །གཙོ་འཁོར་གསུམ་ལ་ལྷ་མོ་རིགས་གསུམ་ཟེར། །བདག་མདུན་གཉིས་ཀ་རང་བྱུང་རྒྱལ་མོ་བསྒོམ། །དེ་ནི་དུས་གསུམ་མཁྱེན་པའི་ཁྱད་ཆོས་ཡིན། །བདག་བསྐྱེད་ལེགས་ལྡན་སྲུང་འཁོར་གཞུང་ལྟར་བསྒོམ། །མདུན་བསྐྱེད་ཡབ་རྐྱང་ཕྱོགས་བཅུ་མགོན་པོས་བསྐོར། །དེ་ནི་འགྲོ་མགོན་རས་ཆེན་བཞེད་པ་ཡིན། །བདག་མདུན་གཉིས་ཀ་ཡབ་རྐྱང་བེར་ཆེན་བསྒོམ། །དེ་ནི་རང་བྱུང་རྡོ་རྗེའི་བཞེད་པ་ཡིན། །ཞལ་སྦྱོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་ནི། །པཀྵིའི་ཡབ་


CMR032_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཞལ་གཟིགས་གཉིས་ཀ་ཡིན། །དེ་ལ་འཁོར་མང་བསྐོར་བ་དེང་སང་འདི། །རྟོགས་ལྡན་མཁའ་སྤྱོད་དབང་པོའི་བཞེད་པ་ཡིན། །དེ་ལ་འཇམ་དབྱངས་ཆེན་པོས་བཀག་མཛད་ཀྱང་། །མ་ཁོག་མཐོང་བ་དོན་ལྡན་དེ་རྗེས་འབྲང་། །མགོན་ཉོབ་མ་ཞེས་བྱ་བའི་ཆོག་ཆེན་མཛད། །རྒྱལ་དབང་བརྒྱད་པས་བཀའ་ཡིས་བསྐུལ་མཛད་པས་། །དཀོན་མཆོག་འབངས་ཀྱིས་དེང་སང་འདི་ཀ་བཏུས། །མེ་ལྕེ་ཕྲེང་བ་བེར་ཆེར་བརྩེགས་པ་སོགས། །བེར་ནག་ཅན་རྒྱུད་བརྒྱད་སྟོང་ཉུང་འགྱུར་ཙམ། །དངོས་གྲུབ་བསྟན་གཟིགས་ལྷ་མོའི་སྲོག་རྒྱུད་སོགས། །ལྷ་མོའི་རྒྱུད་ཀྱང་བརྒྱད་སྟོང་ཉུང་འགྱུར་ཙམ། །ཞིབ་པར་མཇལ་བས་ངེས་ཤེས་དད་པ་ཐོབ། །ཞལ་སྦྱོར་རྒྱུད་ལ་མ་གསུངས་ཟེར་མོད་ཀྱི། །རིན་ཆེན་དཔུང་རྒྱན་སྲོག་གི་འཁོར་ལོའི་རྒྱུད། །ལྷ་རྒྱུད་གསང་བ་ཆེན་པོ་གསུམ་ཀ་ལས། །ཞལ་སྦྱོར་འདི་ཉིད་གསལ་བར་གསུངས་པ་མཐོང་། །འདོན་ཆ་འདི་སྒྱུ་དག་ཕལ་ཆེར་རྒྱུད་ཚིག་ལགས། །མལ་གྱོ་ནས་བརྒྱུད་མགོན་པོའི་ཡིག་རྙིང་དང་། །ཞང་བཙུན་གཏེར་ཁ་ལྷ་མོའི་ཡིག་རྙིང་ནི། །འདྲ་མིན་རྫོགས་མཐའ་མེད་པ་དུ་མ་


CMR032_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །དཀོན་མཆོག་འབངས་ཀྱིས་བསྒྲིགས་པའི་པོད་གཞུང་དང་། །རྒྱལ་དབང་དགུ་པས་བསྒྲིགས་པའི་པོད་གཞུང་མཇལ། །དེ་ཕྱིར་ཆོས་འདིའི་མཐའ་རྒྱ་བདག་གིས་ཆོད་། །སློབ་དཔོན་གཅིག་ནས་ཚང་མ་འོང་དཀའ་བས། །མཆོག་དམན་སློབ་དཔོན་བདུན་ལས་དབང་གདམས་ཐོབ། །རབ་རིབ་འཁྲུལ་པ་གཉིད་ཀྱི་སྣང་བ་ལ། །སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་དེས། །མགོན་པོའི་བཀའ་རྫོགས་ལུང་རྫོགས་གནང་བར་མཛད། །བསྙེན་ཅིང་སྒྲུབ་པའི་གཞུང་མཐུན་རྟགས་མཚན་ཐོབ། །ཉམས་དང་རྨི་ལམ་སྐབས་སུ་ལན་འགའ་མཇལ། །ང་ཡི་སྙིང་གི་ཆོས་སྐྱོང་འདི་ཡིན་པས། །བུ་ཁྱོད་སྙིང་གི་ཆོས་སྐྱོང་འདི་ལ་མཛོད། །གྲུབ་ཆེན་ཀརྨ་པཀྵིའི་ཞལ་སྔ་ནས། །མ་མགོན་ཡིག་སྣས་འཛམ་གླིང་ཁྱབ་ན་ཡང་། །དེ་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་མེད། །དཔེ་རུལ་མང་པོས་དགོས་པ་ཅི་ཞིག་ཡོད། །ནམ་མཁའི་ལྷ་བཟུང་མན་ནས་ཁོང་རང་ཡན། །ཞལ་གཟིགས་གྲུབ་ཐོབ་བརྒྱུད་པ་རྒྱུན་མ་ཆད། །གྲུབ་རྟགས་འཛམ་གླིང་ཁྱབ་པར་མ་ཐོས་སམ། །ཕྱིན་ཆད་ཁོང་གི་ལུགས་འདི་གྱིས་གསུངས་ནས། །ཡབ་ཡུམ་ཞལ་སྦྱོར་སྒྲུབ་ཐབས་འདི་ག་


CMR032_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ཆོ་གའི་གཞུང་འདི་རྙིང་མ་སོར་བཞག་ཡིན། །འདི་ཡི་མན་ངག་པོ་ཏིའི་གཞུང་རྣམས་སུ། །ཚིག་རེ་ཚིག་གཉིས་སོ་སོར་འཐོར་ནས་ཡོད། །སློབ་དཔོན་ཞལ་ཁྲིད་མེད་པར་ཤེས་པར་དཀའ། །དེ་ཕྱིར་དེང་སང་མགོན་པོ་དར་ཆེ་ཡང་། །འདི་ཡི་བསྙེན་སྒྲུབ་ཐེམས་པར་དཀོན་པ་བྱུང་། །མན་ངག་སྙན་བརྒྱུད་ཤིན་ཏུ་གསང་ཕྱིར་ཡིན། །གོང་དུ་བཤད་པའི་ལུགས་ནི་མང་པོ་དག །ཕར་སྐྱུར་པཀྵིའི་དགོངས་པ་ཉིད་བཤད་ན། །འདི་ལ་གོང་ནོན་ཡི་དམ་མི་དགོས་ཏེ། །བླ་མ་ཡི་དམ་མ་མགོན་དབྱེར་མེད་ཡིན། །འདི་ལ་བདག་མདུན་སོ་སོར་མི་དགོས་ཏེ། །འདི་ནི་རྙིང་མ་སོར་བཞག་ལུགས་ཡིན་ཕྱིར། །ཆོ་ག་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད། །བདག་བསྐྱེད་མགོན་པོར་ལྷ་མོས་ཚུར་འཁྱུད་བསྒོམ། །མདུན་བསྐྱེད་གཞུང་ལྟར་ལྷ་མོར་མགོན་པོས་འཁྱུད། །དེ་གཉིས་དམིགས་པས་ཕྱེ་བ་མ་གཏོགས་པ། །མངོན་རྟོགས་རྒྱས་བསྡུས་གང་ཀླུ་འདོད་གཞུང་དང་མཐུན། །རྒྱས་པའམ་མཚལ་མ་གཉིས་པོ་གང་འདོད་འདོན། །སྤྱན་འདྲེན་སྐབས་སུ་འོད་ཟེར་འཕྲོས་པ་དེས། །རི་རབ་རྩེ་མོའི་སུམ་རྩེན་ལྷ་ཡི་ཡུལ། །དེ་ཡི་


CMR032_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་རྩུབ་འགྱུར་དུར་ཁྲོད་ཚལ། །དེ་དབུས་བྲག་སྟེང་གྲུ་གསུམ་མཐིང་ནག་སྟེང་། །མ་ཧཱ་ཀཱ་ལ་དངོས་སུ་བཞུགས་པ་དང་། །རི་རབ་བྱང་ཤར་དཔག་བསམ་ཡོངས་འདུའི་ཤིང་། །དེ་ལ་དཔལ་ལྡན་ལྷ་མོ་གནས་པ་ལ། །འོད་ཟེར་ཕོག་པས་སྔོན་གྱི་དམ་ཚིག་དྲན། །སྤྲིན་ནག་རླུང་གིས་བསྐྱོད་བཞིན་བྱོན་པར་དམིགས། །དམིགས་པ་མ་གསལ་བར་དུ་མ་མགོན་གྱི། །སྤྱན་འདྲེན་སྔགས་རིང་གཉིས་པོ་ཅི་ནས་བརྗོད། །མཆོད་ཅིང་བསྟིམ་དང་དབང་བསྐུར་གཞུང་དུ་གསལ། །དེ་ནས་བསྟོད་པ་མ་རྫོགས་བར་དུ་འདོན། །ལས་བྱང་དུས་བཞིར་དགོས་རྒྱུ་ཡིན་ན་ཡང་། །དེ་བྱས་བསྙེན་པ་འགའ་ཡང་མི་འགྲོ་བས། །སྔ་དྲོ་བསྟོད་པ་ཡན་དེ་ཐུན་གཅིག་བྱ། །ཉིན་གུང་གསོལ་ཁ་བཏང་བ་ཐུན་གཅིག་བརྩི་། །དགོང་མོ་བསྐང་གསོལ་བྱ་བ་ཐུན་གཅིག་བརྩི། །མཚན་མོ་མཚལ་མའི་བསྟོད་པ་ཡན་ཆད་དེ། །དེ་བཞི་ཐུན་བཞིའི་ལས་བྱང་གོ་ཆོད་ཡིན། །ཐུན་མཚམས་དམར་གཏོར་ཆུང་ངུ་རེ་འབུལ་བ། །གཞུང་གི་དགུག་གཞུག་ཉུང་ངུ་དེ་བྱས་ལ། །སྔ་དྲོའི་ཐུན་ལ་བྱང་ཕྱོགས་དུར་ཁྲོད་དང་། །ཡེ་ཤེས་དབྱིངས་མ་གཉིས་པོ་འདོན་ལ་འབུལ། །ཉིན་


CMR032_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གུང་རྟགས་བསྟོད་གཉིས་པོ་འདོན་པར་བྱ། །དགོང་མོ་འདས་དང་མ་བྱོན་ཡབ་ཡུམ་གཉིས། །མཚན་མོ་གང་ཞིག་བླ་མ་ལ་སྨོད་མ། །ཡུམ་ནི་ཡེ་ཤེས་མཁའ་འགྲོ་བར་ལ་མེད། །ཐུན་གཏོར་དཀྱིལ་འཁོར་དྲུང་ཕུལ་སྤྱི་དང་མཚུངས། །གསོན་ཅིག་མ་ནི་བསྙེན་སྒྲུབ་དུས་མི་འདོན། །དེ་ནས་བསྙེན་སྒྲུབ་དམིགས་པའི་བྱེ་བྲག་ནི། །རང་ཉིད་མགོན་པོ་ཡབ་ཡུམ་ཞལ་སྦྱོར་གྱི། །སྤྱི་བོར་རྩ་བརྒྱུད་བླ་མ་ཀུན་འདུས་པ། །གྲུབ་ཆེན་པཀི་སྐུ་མདོག་སྨུག་ནག་ལ། །ཆོས་གོས་རྣམ་གསུམ་ཞྭ་ནག་གསེར་མདོངས་ཅན། །སྤྱན་མིག་ཟུར་གསུམ་ཆོས་དབྱིངས་ནམ་མཁར་གཟིགས། །སྐུ་ཤ་རབ་རྒྱས་ཨག་ཚོམ་ཟུར་གསུམ་ལྡན། །ཕྱག་གཉིས་བདུད་འདུལ་ཕྱག་རྒྱ་ས་གནོན་གྱིས། །སྣང་སྲིད་ཟིལ་གྱིས་གནོན་པའི་ཚུལ་དུ་བསྐྱེད། །རང་ཉིད་མགོན་པོའི་ཐུགས་ཀའི་ཆ་སྟོད་དུ། །རང་སེམས་ཡི་དམ་སྐུ་ཚད་སོར་བཞི་ཙམ། །ཡེ་ཤེས་སེམས་དཔའི་ཚུལ་དུ་བསྒོམ་པར་བྱ། །ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཞེས་པའི་སྔགས་ཕྲེང་གཡས་སུ་འཁོར་བར་བསྒོམ། །ཡུམ་གྱི་ཐུགས་ཀར་ཉི་སྟེང་བྷྱོ་སྔོན་མཐར། །ཨོཾ་ཡཀྵ་


CMR032_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཏཱ་ལི་ཛཿ ཞེས་པའི་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །ཀུན་ལ་འོད་ཟེར་དེས་མཆོད་ཐུགས་རྒྱུད་མཉེས། །ཐམས་ཅད་མ་མགོན་ལྕམ་དྲལ་སྐུར་གྱུར་ནས། །ཁ་བ་བུ་ཡུག་འཚུབ་བཞིན་ཐམས་ཅད་བྱོན། །བདག་མདུན་ལྷ་ཚོགས་ཀུན་ལ་སིབ་སིབ་ཐིམ། །རྒྱུན་ཆད་མེད་པར་དམིགས་པ་དེ་བསྒོམ་ཞིང་། །དྲག་པོའི་ལྷ་རྒྱུད་གསང་བ་ལས་གསུངས་པའི། །ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་ལས། །སྐུ་ཡི་སྙིང་པོ་ལྷ་སྐུ་བསྒོམ་པས་འཐུས། །ཐུགས་ཀྱི་སྙིང་པོ་བསྐྱེད་རྫོགས་དོན་གྱིས་འཐུས། །བཟླས་གལ་ཆེ་བ་གསུང་གི་སྔགས་ཡིན་ཕྱིར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ཞག་གསུམ་བྱ་བ་བསྙེན་པའི་རིམ་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་མཐིང་ཤས་ཆེ་བའི་ཁ་དོག་ལྔ། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ལ་ཉེ་ཆེ། །གཉིས་སུ་བྱས་ནས་ཡབ་ཡུམ་ཞལ་དུ་ཞུགས། །ཐུགས་ཀྱི་རྒྱུད་བསྐུལ་སྐུ་ཡི་དབྱིབས་བརྒྱུད་ནས། །སྦྱོར་མཚམས་ནས་


CMR032_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་རང་གི་སྦྱོར་མཚམས་ཞུགས། །རྡོ་རྗེའི་སྦུབས་ནས་རང་གི་ཐུགས་ཀར་ཐིམ། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །ཕྱིས་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་བསྒྱུར། །བདག་མདུན་སྔགས་འཁོར་བཞི་དང་བར་གྱི་སྔགས། །སྔགས་ཕྲེང་ལྔ་པོ་མགལ་མེའི་འཁོར་ལོ་བཞིན། །དྲག་ཏུ་འཁོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་མ་མགོན་ལྕམ་དྲལ་ཚོགས། །ཕྱོགས་བཅུར་བཞུགས་པ་ཀུན་ལ་འོད་དེས་མཆོད། །དེ་དག་རྣམས་ལས་མ་མགོན་ཡབ་ཡུམ་སྐུ། །ཆེ་ཕྲ་སྣ་ཚོགས་སྔགས་ཕྲེང་ཡི་གེ་དང་། །རྡོ་རྗེ་རྩེ་ལྔ་ཧཱུཾ་མཐིང་བྷྱོསྔོན་སོགས། །རྒྱུན་ཆད་མེད་པར་ཆར་ཆེན་བབས་པ་བཞིན། །ལྷུག་ལྷུག་སིབ་སིབ་བདག་མདུན་རྣམས་ལ་ཐིམ། །དམིགས་པ་རྩེ་གཅིག་ཞག་གསུམ་སྒྲུབ་པ་ཡིན། །དེ་ནས་འོད་ཟེར་སྔགས་ཀྱི་ཕྲེང་བ་རྣམས། །སྔ་དྲོ་དཀར་དང་ཉིན་ཕྱེད་སེར་བ་དང་། །དགོང་ཀ་དམར་དང་སྲོད་ལ་མཐིང་ནག་བསྒྱུར་།ཕྲིན་ལས་རྣམ་བཞི་སོ་སོར་འགྲུབ་བསམ་ཞིང་། །ཞག་གཅིག་བཟླས་པ་ལས་སྦྱོར་རིམ་པའོ། །དེ་ནུབ་ཟན་གྱི་ལིང་ག་གཅིག་བྱས་ལ། །དགུག་གཞུག་ཕུར་གདབ་


CMR032_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ལས་འགྲིག་བཞིན། །ལིང་རོ་དམར་གཏོར་ཆེ་བ་གཅིག་ནང་འབུལ། །ལས་འགྲིག་བཞིན་དུ་བསྐུལ་པ་ཐམས་ཅད་འདོན། །གསེར་སྐྱེམས་གྲུབ་ལེགས་མ་འཛོམ་དཀར་གཏོར་འབུལ། །རྒྱུ་ལྡོག་འགྲིགས་ནས་བཞེས་འབོད་ཟེར་དུ་འཕང་། །མ་འགྲིག་གནོད་པའི་ཕྱོགས་སུ་འབུལ་རྒྱུ་བསྐུར། །གཏོར་སྣོད་མདུན་དུ་སྒྲུབ་ལ་རྟ་བྲོ་འདོན། །ཕྱིར་ནངས་མཚལ་མ་ཚར་གཅིག་བསྡུས་པ་བྱས། །དངོས་གྲུབ་ལེན་ཆོག་འདོན་ཅིང་གཏོར་དབང་བླངས། །རྟགས་ཡིག་རྗེས་ཆོག་ལ་སོགས་སྤྱི་དང་མཐུན། །འདི་ཡི་བསྙེན་ཚད་ཞག་བདུན་ངེས་པ་སྟེ། །བདུན་གཉིས་བདུན་གསུམ་ལ་སོགས་བསྒྲུབ་ཀྱང་མཆོག །གྲངས་བསྙེན་འབྲུ་གྲངས་འབུམ་ཕྲག་བཅུ་གསུམ་ཡིན། །དེ་དག་མཚམས་དང་སྒྲུབ་པའི་ལུགས་ཡིན་ཏེ། །སྤྲོས་མེད་རྒྱུན་ཁྱེར་ཉམས་སུ་ལེན་འདོད་ན། །མངོན་རྟོགས་ཆོ་ག་ངག་ནས་འདོན་མི་དགོས། །དྲན་རྫོགས་བདག་ཉིད་ཡབ་ཡུམ་ཞལ་སྦྱོར་སྐུ། །སྤྱི་བོར་པཀིའི་སྙིང་གར་ཡི་དམ་ལྷ། །འཁོར་ལ་ནག་པོ་ཡབ་ཡུམ་བཅུ་དྲུག་ལས། །གཞན་པའི་འཁོར་མང་བསྒོམ་པར་མི་བྱ་ཞིང་། །འཁོར་མེད་གཙོ་རྐྱང་བསྒོམ་ཡང་རུང་བ་ཡིན།


CMR032_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པའི་དམིགས་པ་གོང་དང་ཁྱད་པར་མེད། །འོད་ཟེར་སྔགས་ཕྲེང་རང་གི་ཞལ་ནས་ཐོན། །ཡུམ་གྱི་ཞལ་ཞུགས་ཡུམ་གྱི་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རྡོ་རྗེ་ནས་ཞུགས་བསྟིམ། །ཡབ་ལ་བརྟེན་ནས་ཡུམ་ཉིད་སྒྲུབ་ཐབས་ཡིན། །རང་ཉིད་ལྷ་མོར་བསྒོམས་ནས་མགོན་པོར་འཁྱུད། །སྔགས་ཕྲེང་རང་ཉིད་ལྷ་མོའི་ཞལ་ནས་ཐོན། །མགོན་པོའི་ཞལ་དུ་ཞུགས་པས་ཐུགས་རྒྱུད་བསྐུལ། །རྡོ་རྗེའི་ལམ་ནས་རང་གི་བྷ་གར་ཞུགས། །ཐུགས་ཀར་ཞུགས་པས་དངོས་གྲུབ་ཐོབ་པར་དམིགས། །ལྷ་མོ་ལ་བརྟེན་མགོན་པོ་སྒྲུབ་པའི་ཐབས། །བསྐྱེད་རིམ་གོ་ཟློག་བོགས་འདོན་མཆོག་ཡིན་ཞེས། །རྒྱལ་དབང་བརྒྱད་པས་འདི་ལ་བསྔགས་པ་ཆེ། །དེ་ལྟར་དམིགས་པ་བསྒོམ་ཞིང་སྔགས་བཟླས་ཏེ། །སྒྲུབ་པའི་ཐུན་མཚམས་རྣམས་སུ་གེགས་སེལ་དང་། །རྒྱུན་བསྙེན་སྐབས་སམ་ཡང་ན་ནམ་དགོས་སུ། །བར་ཆད་སེལ་བའི་དམིགས་རིམ་ཟབ་མོ་ནི། །རང་ཉིད་མགོན་པོའི་ཕྲག་གོང་གཡས་གཡོན་དུ། །བྱ་རོག་ནག་པོ་ཅུང་ཟད་དམར་བའི་མདངས། །མཆུ་སྡེར་གནམ་ལྕགས་ཕ་ལམ་ལས་གྲུབ་པ། །མེ་སྟག་ཚྭ་ཚྭ་འཕྲོ་བ་གཉིས་


CMR032_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་སྟེ། །དེ་ལས་སྤྲུལ་པའི་བྱ་རོག་དཔག་མེད་པ། །ཆེ་ཆུང་འབྲོང་གཡག་ཙམ་པས་འཇིག་རྟེན་གང་། །འཕུར་ཞིང་ལྡིང་དང་འཇུམ་དང་འབབ་ལ་སོགས། །གཤོག་སྒྲ་འུར་སྒྲ་འབྲུག་ཆེན་ལྡིར་བ་བཞིན། །རང་ལ་གནོད་པར་བྱེད་པའི་དགྲ་དང་བགེགས། །ཐམས་ཅད་བྱིའུས་འབུ་སྲིན་ཐུས་བཞིན་ཟོས། །ཐམས་ཅད་ཚུར་འདུས་འོད་ཞུ་ཐུགས་ཀར་ཐིམ། །ཤཱ་ས་ན་ཡི་སྔགས་ནི་ཚར་གཅིག་བརྗོད། །འདི་ནི་བར་ཆད་སེལ་ཐབས་མཆོག་ཏུ་ཟབ། །སྤྲོས་མེད་བདག་བསྐྱེད་ཏིང་འཛིན་གསལ་བའི་དུས། །བཟའ་བཏུང་མཆོད་པར་དམིགས་པས་ཆོག་མོད་ཀྱི། །ནུབ་རེ་གཏོར་བསྔོས་རྒྱས་པ་ཐོན་ན་རབ། །མ་གྲུབ་མ་དག་མ་ཙམ་ཆག་མེད་བྱ། །མཚལ་མ་ཆག་མེད་ལ་སོགས་མ་གྲུབ་ཀྱང་། །མགོན་པོ་ཐུགས་དམ་གཙོ་བོ་བྱེད་ཆོག་པས། །འདི་འདྲ་ཆོས་ལུགས་འདི་ལ་གསེར་བས་ཕོངས། །གོང་གི་སྒྲུབ་པ་ཞག་གསུམ་མཚམས་དམ་པར། །སྒྲུབ་པ་རྟགས་མཚན་རང་ཉིད་ཡིད་ཆེས་པ། །བྱུང་བ་རང་དང་རང་གི་སློབ་མ་ནི། །དྲུག་བདུན་ཙམ་གྱིས་མྱོང་བས་གྲུབ་པ་བྱུང་། །འདི་འདྲའི་ཕྱག་ལེན་ཞལ་ཁྲིད་ཁོ་ན་སྟེ། །གསལ་པོ་ཕྱོགས་གཅིག་ཡི་གེ་བྲིས་


CMR032_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད། །པོ་ཏི་གཞུང་ལ་སྦས་ཐབས་འཐོར་ནས་ཡོད། །ལུང་འདྲེན་ཚིག་རྣམས་བྲི་བ་ཡི་གེར་འཇིགས། །ཟབ་དང་མི་ཟབ་ཉམས་སུ་ལོངས་ལ་ལྟོས། །གྲུབ་མཐའ་མི་གཅིག་བརྒྱུད་པ་མི་འཛིན་པའོ། །མི་ལ་བསྟན་ན་བཀའ་ཆད་འབྱུང་ངོ་ཞེས། །གྲུབ་ཆེན་པཀཱིའི་བཀའ་རྒྱ་དམ་པར་འདུག །གྲུབ་མཐའ་འདི་འཛིན་ཉམས་སུ་ལེན་རྣམས་ལ། །ཀུན་ལ་ཤོད་ཅིག་སྟོན་ཞིག་བྲིས་ཤིག་གསུངས། །དེ་སྐད་མེ་འབར་ཅང་ཤེས་རྒྱལ་པོའི་ལོ། །དབང་ཕྱུག་ཆེན་པོའི་ཐེབས་ཆེན་ཁྲུམས་ཟླ་བའི། །མ་མགོན་རྒྱུ་དུས་ཉེར་དགུའི་སྔ་དྲོ་ལ། །མ་མགོན་རྣལ་འབྱོར་རཱ་ག་ཨ་སྱས་སྨྲས། །རུ་པ་སྔགས་འཆང་བརྩོན་འགྲུས་རྒྱ་མཚོས་བྲིས། །སྦ་འོས་གསལ་བཀོད་མ་མགོན་དྲུང་དུ་བཤགས། །དགེ་བས་བསྟན་པའི་རྒྱལ་མཚན་ཚུགས་པར་ཤོག །ལེའུ་ལྔ་བཅུ་པའོ་མངྒ་ལཾ།། །།


previousལེའུ་ལྔ་བཅུ་པ། གཞུང་དང་མན་ངག་གཉིས་པོ་གབ་འཕྲོད་ཕྱིར། །པཀྵིའི་ཁྱད་ཆོས་མ་མགོན་ཞལ་སྦྱོར་ཡོད། next