Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ང་གཅིག་པ། དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་ཁྱད་ཆོས་མགོན་པོའི་ནོར་སྒྲུབ་ཡོད། །
   
   
   


 
previousལེའུ་ང་གཅིག་པ། དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་ཁྱད་ཆོས་མགོན་པོའི་ནོར་སྒྲུབ་ཡོད། །next

ལེའུ་ང་གཅིག་པ། དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་ཁྱད་ཆོས་མགོན་པོའི་ནོར་སྒྲུབ་ཡོད། །


CMR032_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། འགྲོ་མགོན་རས་ཆེན་ཀླུ་གྱིས་མཛད་པའི་མགོན་པོ་ནོར་ལྷ་ལྟར་སྒྲུབ་པ་རྒྱུན་ཁྱེར་དུ་བྱ་བའི་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། ཌོམྦི་ཧེ་རུ་ཀ་ཡི་སྤྲུལ་པའི་སྐུ། །འགྲོ་མགོན་རས་པ་ཆེན་


CMR032_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མཛད་པ་ཡི། །མགོན་པོ་ནོར་ལྷ་ལྟར་དུ་སྒྲུབ་པ་འདི། །གཞུང་གི་དཔེ་མོད་ཀུན་གྱིས་ཤེས་མོད་ཀྱང་། །ཞལ་ཁྲིད་མེད་ཕྱིར་ཕྱག་ལེན་བདེ་བ་མིན། །བཅའ་ཚོགས་གསོལ་ཁ་གཞུང་ལྟར་རྒྱས་པར་བྱ། །འདི་ཡི་སྒྲུབ་པ་གུད་དུ་མ་བྱས་ཀྱང་། །བདེ་རིམ་བསྐང་གསོལ་བྱེད་པའི་སྐབས་རྣམས་སུ། །སྔགས་དང་དམིགས་པ་ཐུན་རེ་བསྒོམ་པ་ཡིས། །ལོངས་སྤྱོད་མངའ་ཐང་ཤུགས་ཀྱིས་འདུ་བ་ཡིན། །དེ་ཕྱིར་བསྐང་གསོལ་ཤེས་ཚད་རྣམས་ལ་ཕན། །ཐུན་མཚམས་སྐད་ཅིག་ཡི་དམ་གནས་འགྱུར་ནས། །།རང་ཉིད་བེར་ཅན་ཡབ་རྐྱང་གཞུང་ལྟར་ལ། །དོན་ལ་ཕྱོགས་བཅུའི་མགོན་པོ་ཡིན་པ་ལ། །ཆ་ལུགས་རང་འདྲ་བེར་ཅན་བཅུ་ཡིས་བསྐོར། །ཀུན་ཀྱང་དབུ་ལ་རིན་ཆེན་རྩེ་བྲན་ལྔ། །ཀུན་ཀྱང་རིན་ཆེན་རྒྱན་ཆ་དུ་མས་བཀླུབས། །ནོར་ལྷ་མཆེད་བརྒྱད་ལ་སོགས་ནོར་ལྷས་བསྐོར། །རང་གི་ཐུགས་ཀར་རང་གི་ཡི་དམ་ལྷ། །བསྙེན་སྒྲུབ་ཐེམས་པའི་ཡི་དམ་གཞན་མེད་ན། །ཡེ་ཤེས་མགོན་པོ་ལེགས་ལྡན་བསྒོམ་པས་ཆོག །དེ་གཉིས་གང་བྱེད་ཐུགས་ཀར་ཉི་མའི་སྟེང་། །ཧཱུཾ་མཐིང་མཐའ་མར་བཟླས་སྔགས་གཡས་སུ་འཁོར། །


CMR032_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཞལ་སྦྱོར་འཁོར་མང་གཞུང་ལྟར་བསྒོམ། །དེ་དག་ཀུན་ཀྱང་རིན་ཆེན་རྒྱན་ཆས་ཀླུབས། །རང་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས། །རང་འདྲ་མགོན་པོ་བཅུ་ལ་འོད་ཟེར་ཕོག །དེ་ཡི་འོད་ཟེར་ནོར་ལྷ་མཆེད་བརྒྱུད་བསྐུལ། །དེ་ལས་འོད་འཕྲོས་འཇིག་རྟེན་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་བཅུད་བསྡུས་བདག་ལ་བསྟིམ། །ཡང་ནི་བདག་ལས་འོད་ཟེར་མདུན་བསྐྱེད་བསྐུལ། །མདུན་བསྐྱེད་ཕྱོགས་བཅུ་མགོན་པོའི་གྲལ་བཞུགས་པའི། །གཏེར་བདག་ཛམ་བྷ་ལ་དང་རྣམ་ཐོས་སྲས་། །ཕྱུགས་ལྷ་ཤ་བ་རི་དང་རེ་མནྟ། །རེ་མན་ནི་དཔལ་རབ་འཆང་བ་ཡིན། །ནོར་ལྷ་བཞི་པོ་དེ་ལས་འོད་ཟེར་འཕྲོས། །རྟ་གཡང་ནོར་གཡང་ཟས་ནོར་ལོངས་སྤྱོད་གཡང་། །ཐམས་ཅད་བསྡུས་ནས་བདག་དང་གནས་ཁང་བསྟིམ། །རེས་འགའ་དེ་དག་སྐུ་ཡི་འོད་ཟེར་གྱིས། །དགོས་འདོད་རིན་ཆེན་སྣ་ཚོགས་ཆར་འབེབས་བསམ། །གསོལ་ཁའི་མཇུག་ཏུ་སྔགས་འདི་ཅི་ནུས་འབད། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བདག་ལ་རཏྣ་སིདྡྷི་སིདྡྷི་ཧཱུྃ། ཞེས་པའི་སྔགས་དེ་ཅི་ནུས་བཟླས་པར་བྱ། །དེ་ནི་ནོར་སྒྲུབ་མཆོག་ཏུ་


CMR032_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་སྟེ། །གསོལ་ཁ་ནམ་བྱེད་དུས་སུ་སྔགས་དམིགས་ཆོག །ཁྱད་པར་དམིགས་པའི་བསྒྱུར་ཁ་ཅུང་ཟད་ནི། །བདག་བསྐྱེད་འོད་ཟེར་མདུན་བསྐྱེད་མ་མགོན་བསྐུལ། །མ་མགོན་འོད་ཟེར་རྣམ་སྲས་ཛམ་ལྷ་གཉིས། །དྲག་ཏུ་བསྐུལ་བས་དེ་གཉིས་འོད་ཟེར་གྱིས། །ཟས་ནོར་ལོངས་སྤྱོད་རིན་ཆེན་སྣ་ཚོགས་པ། །ཆར་ལྟར་འབེབས་ཤིང་ན་བུན་ལྟར་འཕྱུར་དམིགས། །ཡང་ནི་འོད་ཟེར་དཔལ་རབ་མགོན་པོ་བསྐུལ། །རྟ་གཡང་ཀུན་བསྡུས་རྟ་ལ་ཐིམ་པར་བསམ། །བདག་མདུན་འོད་ཟེར་ནུབ་བྱང་མགོན་པོ་བསྐུལ། །ནོར་གཡང་ཀུན་འདུས་ནོར་ལ་ཐིམ་བསམ་པས། །གོད་ཁ་ཆོད་ཅིང་སྒྲུབ་འཕེལ་གཡང་ཆགས་འགྱུར། །སྤྱིར་ནི་མ་མགོན་འཁོར་བཅས་སྒྲུབ་པ་འདི། །འཇིག་རྟེན་མཆོད་བསྟོད་རྒྱུད་ཟླ་༡་དུ་གཏོགས་པར་གསུངས། །འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པའི་ཕྱིར། །བརྒྱུད་པ་འཛིན་ཞིང་དམ་ཚིག་སྲུང་བ་དང་། །མཆོད་བསྟོད་རྒྱ་ཆེར་འབུལ་ཞིང་བསྟོད་བསྐུལ་གྱིས། །བསྒྲུབ་མི་དགོས་པས་ཕྲིན་ལས་རྣམ་པ་བཞི། །འགྲུབ་པར་འགྱུར་ཞེས་གྲུབ་ཆེན་པཀིས་གསུངས། །དེ་ཕྱིར་གསོལ་ཁ་དག་ལ་བརྩོན་བྱ་ཞིང་། །སྔགས་དང་དམིགས་


CMR032_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤམ་བུ་དེ་ཡོད་ན། །འཛམ་བུ་གླིང་རྣམས་དབང་དུ་བསྡུ་བ་དང་། །དགོས་འདོད་སྣ་ཚོགས་ཆར་ལྟར་འབེབས་པའི་ཕྱིར། །ནོར་ལྷ་རྣམས་ཀྱི་མཆོག་ཀྱང་འདི་ཡིན་ཏེ། །འདི་འདྲ་གཞན་ལ་མེད་ཅེས་གསུངས་པ་ཡིན། །དེ་སྐད་ཅང་ཤེས་པད་མ་རཱ་གའི་མདོག །དབང་ཕྱུག་ཆེན་པོའི་དུས་ཆེན་ཁྲུམས་ཟླ་ཡི། །གནམ་གང་མགོན་པོ་ལན་གསུམ་རྒྱུ་བའི་ཉིན། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་དེ། །བླ་མ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །སྒྲ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་བསྟན་པ་ཕྱོགས་བཅུར་འཕེལ་གྱུར་ཅིག །ལེའུ་ང་གཅིག་པ་སྣོད་མིན་ལ་གསང་རྒྱའོ།། བཀྲ་ཤིས། །


previousལེའུ་ང་གཅིག་པ། དཔལ་འབྱོར་མངའ་ཐང་ཤུགས་ལ་འཕེལ་བའི་ཕྱིར། །རས་ཆེན་ཁྱད་ཆོས་མགོན་པོའི་ནོར་སྒྲུབ་ཡོད། །next