Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ང་གཉིས་པ། རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། །
   
   


 
previousལེའུ་ང་གཉིས་པ། རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། །next

ལེའུ་ང་གཉིས་པ། རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། །


CMR032_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

༼ཟི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། མ་མགོན་གྱི་རྫོགས་རིམ་རྩ་རླུང་གི་གདམས་པ་མར་པའི་སྙན་བརྒྱུད་ལྷོ་བྲག་མགོན་པོ་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། མགོན་པོ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ནས། །སྙན་བརྒྱུད་མ་མགོན་རྩ་རླུང་གདམས་པ་བྲི། །ཆོས་བདག་མཁའ་འགྲོས་བཀའ་གནང་བྱིན་གྱིས་རློབས། །གྲུབ་ཆེན་ཌོམྦི་ཧེ་རུ་ཀ་ཆེན་པོར། །མ་མགོན་


CMR032_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་ཉིད་ཀྱིས་ལུང་བསྟན་ནས། །མགོན་པོའི་རྒྱུད་དགུ་ལྷ་མོའི་རྒྱུད་དགུ་དང་། །བཅོ་བརྒྱད་དོན་བསྡུས་མ་མགོན་ཞལ་སྦྱོར་གྱི། །སྒྲུབ་ཐབས་རྫོགས་རིམ་དང་བཅས་རྩ་ཚིག་མཛད། །རྒྱ་གཞུང་ཉུང་ཞིང་མན་ངག་སྙན་དུ་བརྒྱུད། །མར་པའི་སྙན་བརྒྱུད་ལྷོ་བྲག་མགོན་པོ་ཟེར། །ཏེ་ལོ་ནཱ་རོ་མར་མི་དུས་མཁྱེན་བར། །གཅིག་བརྒྱུད་ཡིན་ཏེ་གཞན་གྱིས་ཐོས་པ་མེད། །རྗེ་བཙུན་མི་ལ་རས་པའི་ཞལ་ནས་ཀྱང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡིན་གསུངས་པ། །རྩ་བ་དེ་ཡི་དོན་ལ་དགོངས་པ་ཡིན། །ཌོམྦིས་མཛད་པའི་སྒྲུབ་ཐབས་དྲག་སྔགས་བསྐོར། །མལ་གྱོ་ནས་བརྒྱུད་འགྲོ་མགོན་རས་པས་གསན། །སྒྲུབ་པས་ཞལ་གཟིགས་མགོན་པོའི་སྐོར་འདི་ལ། །ང་ལས་མཁས་མེད་སྙམ་པའི་ང་རྒྱལ་ཡོད་། །ཡབ་ཡུམ་གཙང་ཡིན་ཁམས་སུ་བྱོན་པའི་ཚེ། །ཀཾ་པོ་གནས་ནང་དུས་མཁྱེན་སྙན་གྲགས་ཆེ། །ཆོས་ཞུ་མ་བསམ་གྲུབ་རྟགས་འགྲན་དུ་བྱོན། །དུས་མཁྱེན་མཇལ་བས་འགྲོ་མགོན་ཆས་ཇ་ལ། །བྷནར་འཇལོ་བའི་ཆུ་བླུགས་ཐུག་པ་བསྐོལ། །ཚ་དང་རྡོར་གྱི་ཚབ་ལ་ཐབ་གཉའ་ནས། །བོང་བུའི་རུས་པ་ཨོ་ཐོ་རུ་ལུ་གཅིག །བླངས་ནས་ཚྭ་རྡོར་


CMR032_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ལ་ཐུག་པ་དཀྲུག །རྒྱུན་དུ་ལན་རེ་ལས་ནི་མི་དཀྲུག་སྟེ། །དེ་རིང་གལ་ཆེ་ལན་གཉིས་དཀྲུག་དགོས་གསུངས། །འགྲོ་མགོན་རས་པས་འདི་འདྲའི་མུ་གེ་ལ། །དགོངས་ནས་ཡི་མུག་ཐུགས་ཁྲེལ་བཞག་པར་བྱས། །དེ་ནས་དཔོན་སློབ་གཉིས་ཀྱི་བྷནྡཱར་བླུགས། །འགྲོ་མགོན་རས་པས་གསོལ་ཉན་མེད་དགོངས་ཛ། །རོ་མཆོག་བརྒྱད་ལྡན་དེ་འདྲ་གསོལ་མ་མྱོང་། །དེ་ནས་རས་ཆེན་དད་པ་ཅུང་ཙམ་སྐྱེས། །ཁྱེད་དང་ང་གཉིས་རླུང་ནུས་འགྲན་དགོས་ཞུས། །ང་ནི་རྒས་དྲག་ཁྱོད་ཀྱི་ཡ་མི་འོང་། །ཕ་ཀིར་སོང་དང་ང་ཡི་སློབ་བུ་གཅིག །ཡོད་པས་དེ་དང་འགྲན་པར་གྱིས་ཤིག་གསུངས། །དེ་རུ་སོང་བས་ཕུག་པ་གཅིག་གི་ནང་། །སྟག་གཅིག་ཉལ་འདུག་སྐྲག་ནས་མྱུར་དུ་བྱོན། །དུས་མཁྱེན་ལ་ཞུས་ད་རུང་སོང་དང་གསུངས། །སོང་བས་མཚོ་གཅིག་སྔོ་ལྟེམ་འཁྱིལ་ནས་འདུག །མཚོ་ཡི་ནང་དུ་རྡེལ་བུ་འགའ་རེ་འཕངས། །མི་ནི་མི་འདུག་ཚུར་ལ་ལོག་ནས་འོང་། །དུས་མཁྱེན་ལ་ཞུས་ད་རུང་སོང་དང་གསུངས། །སོང་བས་སྒོམ་ཆེན་དབུ་སྐྲ་སེ་ཅོག་གེ །གཅིག་གིས་སྐྱིལ་ཀྲུང་བཅས་ནས་བཞུགས་འདུག་པའི། །པང་དུ་ད་ཅིའི་


CMR032_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པའི་རྡེའུ་འདུག །དེ་ལ་རླུང་ནུས་འགྲན་དགོས་ཞུས་པ་ཡིས། །དགུན་ཁ་ལུང་པ་ཆབ་རོམ་གང་བ་དེ། །སྟོད་དུ་འབའ་ཚ་སྟག་དིལ་བ་དེ་བཞུགས། །གཉིས་ཀ་གཅེར་བུ་རས་རྐྱང་ཆུ་རས་མཛད། །འབའ་ཚ་སྟག་དིལ་སྐུ་ཡི་མདའ་འབེན་ཚུན། །འཁྱགས་ཞུ་སྐྱིལ་ཀྲུང་གྲམ་པ་ལ་ཐུག་ཅིང་། །ཆུ་ཁོལ་རླངས་པ་ན་བུན་ལྟར་འཁྲིགས་ཀྱང་། །ཆུ་དེ་བཏང་ན་འཁྱག་དེ་ཞུ་དོགས་ནས། །མར་ལ་མ་བཏང་ཡར་ལ་འཁྱིལ་ཞིང་འཕྱུར། །རས་ཆེན་འཁྱགས་ཞུ་ཐུབ་ཀྱང་ཆུ་མ་དྲོས། །སྐུ་སྨད་ཆུར་ནུབ་ཤིན་ཏུ་འཁྱགས་པར་བྱུང་། །ཐོ་རངས་དུས་སུ་དུས་གསུམ་མཁྱེན་པ་ཉིད། །སེང་གེ་ཆིབས་ནས་ནམ་མཁར་དངོས་སུ་བྱོན། །བུ་འབའ་ཚ་སྟག་དིལ་བ། །ཁྱོད་ཀྱིས་སྒོམ་ཆུང་གསར་བུ་དེ་འཁྱགས་གྲིར་མ་བསད། །གསུངས་པས་སྐུ་ལ་འཁྱིལ་བའི་ཆུ་ཚན་བཏང་། །ལུང་པ་དེ་ཡི་འཁྱགས་རྣམས་ཐམས་ཅད་ཞུ། །སློབ་བུ་འདི་ལ་རྫུ་འཕྲུལ་འདི་འདྲ་ན། །བླ་མར་འགྲན་དགོས་སྨྲས་པ་ང་རེ་འཁྲུལ། །དགོངས་ཤིང་འགྲོ་མགོན་རས་པའི་ང་རྒྱལ་ཆག །ཆོས་འབྲེལ་ཙམ་ཞིག་ཞུ་བ་མ་གཏོགས་པ། །དུས་མཁྱེན་སློབ་མ་བྱེད་བསམ་མེད་པ་ལ། །


CMR032_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་ཡོན་ཏན་གང་ཤེས་གསུངས་པ་ལ། །ང་ནི་མགོན་པོར་མཁས་ཞེས་ཤེས་ཚད་སྨྲས། །དུས་མཁྱེན་ཞལ་ནས་དེ་ཚོ་ཕྱི་སྒྲུབ་སྐོར། །ཕྲིན་ལས་དགྲ་བགེགས་བསྒྲལ་བའི་སྔགས་ནག་ཡིན། །སྟོད་ལས་བྱང་ཆུབ་སྒྲུབ་ཐབས་མེད་དམ་གསུངས། །མ་མཆིས་ཉིད་ལ་བདོག་ན་གནོང་ཞུས་པས། །མར་པའི་སྙན་བརྒྱུད་མ་མགོན་རྩ་རླུང་གནང་། །དེ་ཡིས་ཡིད་ཆེས་དད་པའི་གདེང་ཚུད་ནས། །དུས་མཁྱེན་ཆོས་བརྒྱུད་འཛིན་པ་དེས་བྱུང་གསུངས། །འདི་ཉིད་སྙན་བརྒྱུད་ཤིན་ཏུ་ཟབ་པའི་ཕྱིར། །རྒྱ་གཞུང་རྩ་བ་སྡེབ་ངོས་ཙམ་ལས་མེད། །མཁའ་སྤྱོད་དབང་པོ་དོན་ལྡན་ལ་སོགས་པའི། །དམ་དུམ་བརྗེད་ཐོ་ལྟ་བུར་མཛད་པ་མང་། །ཁྲིད་ཡིག་ཆ་ཚང་ཡི་གེར་བྲིས་པ་མེད། །ཕྲིན་ལས་སྒྲུབ་པའི་དམིགས་རིམ་བརྒྱ་རྩ་སོགས། །ཡོད་པར་གསུངས་ཀྱང་དེ་ཡི་རྩ་བ་ནི། །ཡབ་ཡུམ་ཞལ་སྦྱོར་རབ་ཀྱིས་དབང་བཞིའམ། །ཐ་ན་ཞལ་སྦྱོར་གཏོར་དབང་ཐོབ་པར་བྱ། །རབ་ཏུ་སྔོན་ལ་བསྙེན་པ་ཐོན་ན་མཆོག །མ་ཐོན་ན་ཡང་བསྒོམ་ལ་ཉེས་འགལ་མེད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས་འཐུས། །རང་ཉིད་མགོན་པོ་རྐང་


CMR032_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་གྲི་ཐོད་ཅན། །བེར་ཅན་མངོན་རྟོགས་སྤྱི་དང་མཐུན་པར་བསྒོམ། །ལྷ་མོ་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཕྱག་བཞི་མ་ཡིས་འཁྱུད་པར་རང་བྱུང་བཞེད། །སྐུ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །འདི་སྐབས་རླུང་ནི་འབུད་པ་དགུ་ཕྲུག་བྱ། །དམིགས་པ་མ་གསལ་བར་དུ་འཇམ་རླུང་བཟུང་། །དེ་ནས་ཡུམ་དེ་ཡབ་ལ་ཐིམ་པའི་མཐུས། །ནང་གི་མཁའ་འགྲོ་མ་ནི་རྩ་ཡིན་ཕྱིར། །རྩ་གསུམ་་་་་་་ལུས་དང་རྩ་ཡི་སྟོང་ར་ཐིག་ལེའི་རྣལ་འབྱོར་སོགས་ཡང་གསང་བླ་མེད་ཀྱི་སྒྲུབ་པ་བདེ་ཆེན་རབ་འབར་ནང་དུ་བལྟ་བར་བྱའོ། མཆན། འཁོར་ལོ་ལྔ་ལྡན་ཆོས་དྲུག་བཞིན། །པཀྵིའི་བཞེད་ལྟར་གནས་ལྔར་ཡིག་འབྲུ་ལྔ། །དུག་ལྔའི་ངོ་བོ་གཏུམ་མོའི་མེས་བསྲེགས་པས། །མགོན་པོ་རིགས་ལྔར་ལྷ་མོ་རིགས་ལྔས་འཁྱུད། །འཁོར་གྱི་ལྷ་མོ་རྩ་ཡི་གྲངས་རྣམས་དང་། །ཁ་ཊོ་མེད་དེ་གཡས་བརྐྱང་གཡོན་བསྐུམ་བཞུགས། །གནས་ལྔའི་ལྷ་ཡི་ཐུགས་ཀར་རང་མདོག་གི །ཧཱུྃ་དང་བྷྱོ་ཡིག་སོ་སོར་བསྒོམ་པར་བྱ། །མགོན་པོའི་ཐུགས་ཀར་ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ལྷ་མོའི་ཐུགས་ཀར་ༀ་ཏྲཀ་རཀྵ་མ་ཧེ་དུན་བྷྱོ་མ་ཧཱ་ཡཀྵ་ཏིཀ་ཎ་ཀཱ་ལི་དུན་བྷྱོ། ཞེས་པ་དེ་གཉིས་བསྒོམ་རྒྱུ་ཡིན་ན་ཡང་། །


CMR032_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པཀིས་ཁྱད་ཆོས་ཟབ་ཁྱད་ནི། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ འདི་ནི་བེར་ནག་ཅན་གྱི་སྙིང་པོར་བཞེད། །གསར་རྙིང་མགོན་པོའི་རྒྱུད་གཞུང་ཐམས་ཅད་ནས། །འདི་ལས་ཕན་ཡོན་ཆེ་བའི་སྔགས་མ་མཆིས། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ དེ་ནི་ལྷ་མོ་སྤྱི་ཡི་སྔགས་ཡིན་ཞིང་། །ཁྱད་པར་རང་བྱུང་མ་ཡི་ཡང་སྙིང་ཡིན། །ལྷ་མོའི་རྒྱུད་སྡེ་སྲིད་དོ་འཚལ་ཀུན་ལས། །དེ་ལས་ཕན་ཡོན་ཆེ་བའི་སྔགས་མ་མཆིས། །དེ་ཕྱིར་དེ་གཉིས་གནས་ལྔར་གཡས་གཡོན་འཁོར། །རླུང་བཟུང་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སུམ་མདོའམ་ལྟེ་འོག་སོར་བཞི་ནས། །གཏུམ་མོའི་མེ་འབར་ལུས་ཀུན་མེ་ཡིས་གང་། །མེ་ལྕེ་བ་སྤུའི་བུ་གར་ཕྱིར་ཐོན་པས། །ང་ལུས་ཀུན་མེ་འབར་མེ་དཔུང་ཇེ་ཆེར་མཆེད། །གནས་དེའམ་ནི་བསྲུང་བྱ་གར་ཡོད་ཁྱབ། །གནོད་བྱེད་བསྲེག་དམིགས་འཁྲུལ་འཁོར་དྲུག་བསྐོར་བྱ། །རླུང་དང་འཁྲུལ་འཁོར་བརྩོན་ན་དྲོད་སྐྱེ་འགྱུར། །ཐུན་མཚམས་མེ་དཔུང་ཚུར་འདུས་རང་ལ་བསྟིམ། །ཡང་ནི་མེ་སྦར་སྤྱི་བོའི་ཧཾ་ཡིག་ཞུ། །རྩ་གནས་ཀུན་གང་བདེ་བས་ལུས་གང་བསམ། །དམིགས་


CMR032_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་ན་བདེ་ཉམས་གནས་ཉམས་སྐྱེ། །དེ་ཚེ་ངོ་བོ་བལྟས་ལ་བདེ་སྟོང་བསྲེ། །སྔགས་འཁོར་བསྒོམ་ཞིང་སྔགས་རྣམས་ཡིད་ཀྱིས་བཟླ། །གནས་ལྔའི་མགོན་པོ་ལྔ་ལས་འོད་ཟེར་དང་། །རང་མདོག་ལྷ་ཚོགས་མང་པོ་སྤྲོས་པ་ཡིས། །རིགས་ལྔའི་ལྷར་གྱུར་ལྷ་ཀུན་མཆོད་བྱེད་ཅིང་། །དེ་དག་མ་མགོན་རིགས་ལྔའི་སྐུར་གྱུར་ནས། །ཚུར་བྱོན་གནས་ལྔའི་ལྷ་ལ་བསྟིམ་པ་ཡིས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་པོ་ཡི། །མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ། །དཔྲལ་བའི་མ་མགོན་དཀར་པོའི་འོད་ཟེར་གྱིས༔ །རང་གཞན་ནད་གདོན་བར་ཆད་ཞི་བ་དང་། །མགྲིན་པའི་མ་མགོན་དམར་པོའི་འོད་ཟེར་གྱིས། །ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ་དང་། །ཐུགས་ཀའི་མ་མགོན་མཐིང་ཀའི་འོད་ཟེར་གྱིས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་བསྡུས། །རང་ཐིམ་ཉམས་དང་རྟོགས་པ་གོང་དུ་འཕེལ། །ལྟེ་བའི་མ་མགོན་སེར་པོའི་འོད་ཟེར་གྱིས། །ཚེ་དང་བསོད་ནམས་བསྟན་པ་རྒྱས་པར་སྤེལ། །གསང་གནས་མ་མགོན་ལྗང་ནག་འོད་ཟེར་གྱིས། །བདུད་དང་དགྲ་བགེགས་ཐམས་ཅད་ཚར་གཅོད་སོགས། །དམིགས་པའི་བསྒྱུར་ཁ་


CMR032_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་ཡོད་པར་གསུངས། །འདི་དག་སྐབས་སུ་འཁྲུལ་འཁོར་སོ་བདུན་བྱ། །དམིགས་པའི་བསྒྱུར་ཁ་རྒྱས་པར་མང་མཆིས་ཀྱང་། །རྩ་བའི་དམིགས་རིམ་དེ་ཙམ་ཞིག་གིས་འཐུས། །རྩ་རླུང་ལ་བརྟེན་དགྲ་བགེགས་བསྒྲལ་བ་ནི། །ཤིན་ཏུ་ཟབ་གཉན་གྲུབ་ཆེན་པཀཱིའི་ལུགས། །རང་ཉིད་མགོན་པོ་ཡབ་རྐྱང་གནམ་ས་ཙམ། །སྐུ་ལུས་སྟོང་གསལ་བསྒོམ་པའི་ལྟེ་འོག་ཐད། །མེ་ཡི་རང་བཞིན་གྲུ་གསུམ་རྒྱ་ཆེའི་དབུས། །ཞལ་སྦྱོར་རམ་ནི་གཙོ་རྐྱང་གང་ཡང་རུང་། །ཞལ་ནི་ཟུར་གསུམ་ཡར་ལ་གདངས་པ་དེ། །མེ་ཡི་རང་བཞིན་མེ་དཔུང་འབར་བར་བསྒོམ། །རང་གི་ཐུགས་དབུས་ཟླ་སྟེང་ཧཱུཾ་མཐིང་མཐར། །ཤཱ་ས་ན་སོགས་མགོན་པོའི་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་དམར་ནག་འཕྲོས་པ་དེ། །ཤངས་བུག་གཡས་ཐོན་ལྕགས་ཀྱུའི་དབྱིབས་ལྟ་བུས། །གནོད་བྱེད་དགྲ་བགེགས་གང་ཡིན་ཐམས་ཅད་བཀུག །ཤངས་བུག་གཡོན་ཞུགས་ལྟེ་བའི་མ་མགོན་གྱི་།ཞལ་དུ་རྐང་རྟིང་སྐྱ་ལྷག་སོང་བར་བསམ། །ལུས་ངག་ཡིད་གསུམ་ནུས་པ་ཚེ་སྲོག་རྣམས། །བྱ་སྒྲོ་མེ་ལ་སྲེག་བཞིན་རྡུལ་དུ་བརླག །རླུང་ནི་ཕར་འཕྲོས་འོད་ཟེར་ཕར་


CMR032_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་དང་། །ཚུར་ལ་རྔུབ་དུས་བཀུག་པའི་དམིགས་པ་དང་། །ནང་དུ་དགོང་ཚེ་ཞལ་དུ་སྲེག་པ་དང་། །ཁོ་ཡི་སེམས་ཉིད་ཆོས་དབྱིངས་ཀློང་ཐིམ་པར། །བསྒོམ་ལ་ཉམས་ལེན་ངང་ལ་ཐུན་གཅིག་བཞག །དེ་ཚེ་ཤཱ་ས་ན་དང་ཧུ་ར་སོགས། །དྲག་སྔགས་ཡིད་ཀྱིས་བཟླས་པར་བྱ་བ་ཡིན། །རྩ་རླུང་གོམས་ཤིང་དམིགས་པ་གསལ་བའི་མིས། །དགྲ་བསྒྲལ་བགེགས་འདུལ་འདི་ལས་ཟབ་པ་མེད། །མཆོད་གཏོར་ཆད་བསྐུལ་ཅི་ཡང་མི་དགོས་གསུངས། །གོང་མ་སྒྲུབ་པ་འདི་ནི་ལས་སྦྱོར་ཡིན། །འདི་ཉིད་སྙན་བརྒྱུད་ཤིན་ཏུ་ཟབ་པའི་ཕྱིར་། །འཁྲུགས་མེད་གསལ་བར་བཀོད་ན་བཀའ་ཆད་འབྱུང་། །དེ་ཕྱིར་བསྙེན་པའི་དམིགས་རིམ་མཇུག་འདིར་བྲི། །རང་ཉིད་མགོན་པོ་ཡབ་རྐྱང་གོང་ལྟར་གསལ། །དེ་ཡི་དཔྲལ་མགྲིན་ཐུགས་ཀ་གསུམ་པོ་རུ། །ཨོ་དཀར་ཨཱདམར་ཧཱུྃ་མཐིང་གསལ་བར་དམིགས། །དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དང་། །སྣ་བུག་ནས་ཐོན་འཇིག་རྟེན་ཀུན་ཁྱབ་པས། །འཇིག་རྟེན་འདས་པ་དང་ནི་མ་འདས་པའི། །འཁོར་འདས་ཀུན་ལ་འོད་དེས་ཕོག་པའི་མཐུས། །ས་འོག་གནས་རྣམས་སྐུ་ཡི་མགོན་པོ་དཀར། །ས་སྟེང་


CMR032_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་གསུང་གི་མགོན་པོ་དམར། །ས་བླར་གནས་རྣམས་་་་བར་སྣང་ཡན་ཆོད་ཡིན་གསུངས་མཆན། ཐུགས་ཀྱི་མགོན་པོ་མཐིང་། །རང་མདོག་བེར་གསོལ་ཀུན་ཀྱང་སྔགས་སྒྲ་སྒྲོག །རླུང་ཞིག་ཚུར་ལ་རྔུབ་པ་དང་བསྟུན་ནས། །དེ་ཀུན་ཨོ་དཀར་ཨཱཋདམར་ཧཱུྃ་མཐིང་གྱུར། །སྣ་གཡོན་ནས་ཞུགས་གནས་གསུམ་ཡིག་འབྲུར་ཐིམ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། །རླུང་བཟུང་མི་དམིགས་ངང་ལ་ཅུང་ཟད་གཞག །སླར་ཡང་རླུང་ཞིག་ཕར་ལ་གཏོང་བའི་ཚེ། །སྣོད་ཀྱི་འཇིག་རྟེན་ཆོས་འབྱུང་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཐམས་ཅད་མགོན་པོའི་སྐུ། །ཕོ་རྣམས་མགོན་པོ་མོ་རྣམས་དཔལ་ལྷ་མོ། །སྒྲ་སྐད་ཐམས་ཅད་མ་མགོན་སྔགས་སུ་བསམ། །དེ་ཡང་སེམས་ལས་གཞན་དུ་མ་གྲུབ་པས། །སེམས་ཉིད་ངོ་བོ་སྟོང་པ་དཔལ་ལྷ་མོ། །རང་བཞིན་གསལ་བ་ཡེ་ཤེས་མགོན་པོ་ཉིད། །སྟོང་གསལ་དབྱེར་མེད་ཡབ་ཡུམ་ཞལ་སྦྱོར་བ། །སྣ་ཚོགས་འཕྲོས་པ་ལས་བྱེད་དྲེགས་པའི་འཁོར། །ཡེ་ནས་ལྷུན་གྲུབ་རང་ལ་གནས་པ་སྟེ། །ཡེ་ནས་ཆོས་སྐུ་རྗེན་པ་ཡིན་པ་སྟེ། །རང་ངོ་རང་གིས་ཤེས་པས་ཡེ་ཤེས་ཟེར། །དེ་


CMR032_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས། །སྐྱོབ་པའི་སྐྱབས་དང་མགོན་ནི་དེ་ཡིན་ཕྱིར། །ཡེ་ཤེས་མགོན་པོ་རང་གི་སེམས་ཉིད་ཡིན། །དེ་དོན་མགོན་པོའི་རྒྱུད་ཆེན་རྣམས་སུ་གསལ། །འཕགས་བཞི་བསྐྱེད་བྱེད་ལྷ་མོ་ཡུམ་ཆེན་མོ། །རང་གི་སེམས་ལས་གུད་དུ་མེད་པའི་ཚུལ། །ལྷ་མོའི་རྒྱུད་གཞུང་རྣམས་ལས་ཤིན་ཏུ་གསལ། །དེ་ཉིད་རྟོགས་ན་རྩུབ་ཆགས་འཁུ་ལྡོག་མེད། །མ་མགོན་ལུས་དང་གྲིབ་བཞིན་འབྲལ་མི་སྲིད། །བསྙེན་པའི་དམིགས་རིམ་དོན་ལྡན་ཞབས་ཀྱི་ལུགས། །དཔལ་འབྱོར་དོན་གྲུབ་ཉིད་ལ་ཚོགདམས་པ་ཡིན། །དེ་ལྟར་མ་མགོན་རླུང་ཁྲིད་མདོར་བསྡུས་འདི། །རཱུ་པ་བརྩོན་འགྲུས་རྒྱ་མཚོས་ནན་གྱིས་བསྐུལ། །བཀའ་རྒྱ་དམ་པས་སྨྲ་བར་དཀའ་ན་ཡང་། །མ་མགོན་སྲུང་མ་རྣམས་ལ་གསོལ་བཏབ་པས། །འདིར་མོས་གསར་བུ་རྣམས་ལ་ཕན་སྙམ་ནས། །ལོ་ཡི་རྒྱལ་པོ་ཅང་ཤེས་མེ་འབར་ལོ། །དབང་ཕྱུག་ཆེན་པོའི་དུས་ཆེན་ཁྲུམས་ཟླ་ཡི། །ཉེར་དགུ་མ་མགོན་དུས་ཆེན་དགུ་གཏོར་ཉིན། །ཉིན་གུང་རྣལ་འབྱོར་རཱ་ག་ཨ་སྱས་སྨྲས། །རཱུ་པའི་རིགས་ལས་བྱུང་བའི་སྔགས་འཆང་ནི། །བརྩོན་འགྲུས་མཆོག་ལྡན་བརྩོན་


CMR032_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་རྒྱ་མཚོས་བྲིས། །གསང་སྔགས་སྔ་འོས་གསལ་བར་བཀོད་པའི་ཉེས། །གང་མཆིས་མ་མགོན་སྲུང་མའི་ཚོགས་ལ་བཤགས། །དགེ་བས་སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཤོག །ལེའུ་ང་གཉིས་པའོ་མངྒ་ལཾ།་་་་་དབང་ལུང་མ་ཐོབ་པ་དང་ཉམས་སུ་མི་ལེན་པ་ལ་གསང་བར་ཞེས་གསུངས་ཨྠྀི།། །།


previousལེའུ་ང་གཉིས་པ། རྩ་རླུང་སྒོ་ནས་ཕྲིན་ལས་ཀུན་འགྲུབ་ཕྱིར། །སྙན་བརྒྱུད་ལྷོ་བྲག་མགོན་པོའི་གདམས་ངག་ཡོད། །next