Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
དབང་གི་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདབང་གི་ཞལ་གདམས།next

དབང་གི་ཞལ་གདམས།


CMR033_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཞལ་གདམས་བཞུགས་སོ།


CMR033_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ར་ཡེ། བཙུན་པ་ཏིང་འཛིན་ཞེས་བྱ་བས། །དབང་གི་ཞལ་གདམས་དགོས་ཟེར་བ། །སྤྱིར་ན་ཐེག་པ་ཆེན་པོ་དང་། །ཁྱད་པར་གསང་སྔགས་ཆོས་རྣམས་ཀྱི། །གཞི་དང་རྩ་བ་སེམས་བསྐྱེད་ཡིན། །དབང་བསྐུར་ཞུ་དང་བདག་འཇུག་དང་། །གཞན་ལ་བསྐུར་བ་ཐམས་ཅད་ལ། །འགྲོ་བའི་དོན་དུ་བཅོམ་ལྡན་འདས། །བདག་གིས་ཐོབ་ཕྱིར་བྱའོ་ཞེས། །སེམས་བསྐྱེད་ལྡན་ན་ལམ་དུ་འགྲོ། །ཟང་ཟིང་བསྡུ་ཕྱིར་ཞི་བ་དང་། །ནད་གདོན་ཞུ་ཕྱིར་བདག་འཇུག་དང་། །ཟས་ནོར་འདོད་ཕྱིར་དབང་བསྐུར་བ། །ངན་སོང་ས་བོན་ཁོ་ན་


CMR033_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཟས་ནོར་བསྡུ་ལ་ཁྱད་མེད་ཀྱང་། །བསམ་པའི་དབང་གིས་ཆོས་དང་སྡིག །རང་གིས་དབང་ལུང་མ་ཐོབ་པར། །དཔེ་ཆ་རྙེད་ཅིང་བློར་བཟུང་པས། །གཞན་ལ་གཤར་ཅིང་དབང་བསྐུར་བ། །མཚམས་མེད་ལྔ་ལས་སྡིག་ཆེ་བས། །དམྱལ་བ་རང་གིས་ཉོ་བ་སྟེ། །ཅི་ཕྱིར་རྒྱལ་བའི་བཀའ་བཅག་ཅིང་། །དམ་ཆོས་བརྐུས་ནས་བཙོང་བའོ། །ཟས་ནོར་ཨེ་རྙེད་ཁོ་ན་ཡིས། །དབང་བསྐུར་ཆོས་བཤད་བྱེད་པ་ནི། །དབང་ལུང་ལེགས་པར་ཐོབ་ན་ཡང་། །གསང་སྔགས་ནོར་ལ་བཙོང་བ་སྟེ། །ཡི་དྭགས་རྟེན་ཡུལ་བྱེད་འདོད་ཡིན། །གཞན་ཕན་


CMR033_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་རྣམ་དག་ཅིང་། །ལེགས་པར་ཐོབ་ནས་བྱེད་པ་ནི། །རྒྱལ་བའི་ཕྲིན་ལས་བསྒྲུབ་པ་ཡིན། །ཨེ་རྙེད་སྙིང་ལ་མ་འཆང་ཡང་། །ཤུགས་ཀྱིས་རྗེས་གནང་རེ་རེ་ལ། །གསེར་སྲང་བརྒྱ་སྟོང་བྱུང་བ་ཡང་། །དཀོར་གྱི་སྒྲིབ་པས་མི་གོས་ཤིང་། །སྦྱིན་བདག་བསོད་ནམས་ཚོགས་རྫོགས་པ། །དམ་པའི་ཆོས་ཀྱི་རིན་ཐང་ཡིན། །དེ་གཉིས་བསམ་པའི་ཁྱད་ཀྱིས་བསྒྱུར། །དབང་ཐོབ་ཕྱག་ལེན་མཁས་ན་ཡང་། །རྩ་བའི་ཡི་དམ་གཅིག་ཙམ་གྱི། །དུས་རྟག་གྲངས་ཀྱི་བསྙེན་པ་གསུམ། །དེ་གཉིས་ལྡན་པ་ཅིག་མེད་ན། །གསང་སྔགས་ཡན་ལག་དམ་ཚིག་ཉམས། །དེ་ཡང་དམྱལ་བའི་ས་བོན་ཡིན། །བསྐྱེད་རིམ་རྩལ་ནི་མ་འབྱོང་ན། །ཆོ་གའི་ཆ་ལག་ཚང་དགོས་ཏེ། །མ་ཚང་བསྐུར་ན་ཉེས་སྒྲིབ་ཆེ། །བསྐྱེད་རིམ་འབྱོངས་ནས་བདག་མདུན་བུམ། །སོ་སོར་རྒྱས་པར་མ་གྲུབ་ཀྱང་། །སྐད་ཅིག་དྲན་རྫོགས་འཇའ་ཚོན་བཞིན། །བསྒོམ་པར་ནུས་ན་ཆོ་ག་ཡང་། །ཚང་མ་མི་དགོས་བསྐུར་ཆོག་པ། །པཎ་ཆེན་རྡོ་རྗེ་གདན་པས་བཞེད། །འོན་ཀྱང་བསྙེན་པ་བརྒྱ་ཙ་བརྒྱད། །མ་ཐོན་བསྐུར་བར་མི་རུང་བ། །རྒྱུད་སྡེ་རྣམས་ནས་གསལ་བ་ཡིན། །


CMR033_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བུམ་བསྐྱེད་གཙོ་ཆེའོ། །དམ་ཚིག་ཉམས་ཆག་ཡེ་མེད་ན། །བདག་འཇུག་ལེན་ནི་མི་དགོས་ལ། །ཐེ་ཚོམ་ཡོད་ན་བླང་དགོས་ཏེ། །ཆག་ཉམས་ཀྱིས་ནི་གཞན་ལ་དབང་། །བསྐུར་ཀྱང་བྱིན་རླབས་འབྱུང་བ་མིན། །གསང་སྔགས་རྙིང་མ་ཕལ་ཆེར་ལ། །ཏིང་ངེ་འཛིན་གྱིས་བདག་འཇུག་བླངས། །དབང་ཚིག་འདོན་ནི་མི་དགོས་སོ། །དབང་ཚིག་བརྗོད་ཅིང་དབང་ལེན་པ། །འདོད་ན་རྙིང་མ་ལ་ཡང་རུང་། །དགོངས་འདུས་འོད་འབར་སོགས་ན་གསལ། །རཏྣ་ལུག་ལ་ཕྱག་སྲོལ་མེད། །འོན་ཀྱང་སྒྲུབ་པ་ཐམས་ཅད་མཇུག །དངོས་གྲུབ་ལེན་ཆོག་དོན་ལ་གཅིག །རྗེས་གནང་མི་འདྲ་དུ་མ་ཡི། །ཐམས་ཅད་བསྙེན་པ་ཐོན་དཀའ་ཡང་། །ཆོ་འཕྲུལ་ཆེན་པོའི་ཟླ་བ་དང་། ཉི་ཟླ་གཟས་འཛིན་བྱུང་བའི་ཚེ། །ཕྲེང་སྐོར་འགའ་ཟུང་བཟླས་པ་ཡིས། །འགྱུར་གྱི་དབང་གིས་བསྙེན་པ་ཐེམ། །དེ་ནི་དུས་ཀྱི་འགྱུར་ཡིན་ལ། །གནས་རི་བཟང་བར་བསྙེན་ན་ཡང་། །སུམ་བརྒྱ་དྲུག་ཅུའི་འགྱུར་དུ་ངེས། །དེ་དག་མཁས་པའི་གསུང་རྒྱུན་ཡིན། །དབང་བསྐུར་ཚར་མ་ཐག་གི་ཚེ། །བསྙེན་པ་མང་ཉུང་ཅི་རིགས་བརྗོད། །དེ་ཚེ་ཏིང་


CMR033_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབང་བླང་བས། །རང་གིས་ནུས་པ་མི་ཉམས་པ། །ཨོ་རྒྱན་ཆེན་པོས་གསུངས་པ་ཡི། །མན་ངག་ཁྱད་དུ་འཕགས་པ་ཡི། །དེ་འདྲའི་གནད་ཟབ་མ་ཤེས་པར། །དབང་བསྐུར་མང་ན་བྱིན་རླབས་ཟད། །ཚེ་ཐུང་བསོད་ནམས་ཇེ་ཞན་འགྲོ། གཉེན་ཅིང་ཟབ་པའི་དབང་ལུང་ཡང་། །སྣོད་ལྡན་དམ་ཆོས་བསྒྲུབ་པ་དང་། །ཆོས་དེས་བསྟན་ལ་ཕན་ནུས་ལ། །ཕྱག་རྟེན་ཆུང་བས་མ་བསྟན་ན། །སེམས་ཅན་བློས་བཏང་ལྟུང་བ་སྟེ། །མཁའ་འགྲོ་ཆོས་བདག་ཐུགས་ཀྱིས་ཁྲེལ། །སྣོད་མིན་ཉམས་སུ་མི་ལེན་པར། །ཟས་ནོར་ངོ་ཡིས་དབང་དང་ལུང་། །བྱས་ཀྱང་ཆོས་བདག་སྲུང་མ་ཁྲོ། །བར་ཆད་བཀའ་ཡི་ཆད་པ་འོང་། །གལ་ཏེ་ཚེ་འདིར་མ་བསྐྱོན་ཀྱང་། །བཀའ་ལས་འདས་ཕྱིར་ནང་འགྲོར་ལྟུང་། །དེ་ཕྱིར་སྤེལ་དང་མི་སྤེལ་བའི། །དམ་སློད་ཚོད་ཟིན་གནད་དུ་ཆེ། །ཁྱད་པར་རྩ་བའི་ཡི་དམ་དམ། །ཉམས་སུ་ལེན་ངེས་མ་གཏོགས་པ། །སྤེལ་ན་བསྙེན་པ་བསྐྱར་དགོས་སོ། །རྩེ་གཅིག་ཉམ་ལེན་བྱེད་ངེས་ན། །མ་སྤེལ་བྱང་སེམས་དམ་ཚིག་ཉམས། །དེ་ཕྱིར་སློབ་མའི་རྒྱུད་ལ་བརྟགས། །འཁོར་འདས་དབྱེར་མེད་ལྟ་བ་སྟེ། །


CMR033_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སེམས་ཅན་ངོ་བོ་ཅིག །འཁོར་བ་ཉིད་ཀྱང་མྱ་ངན་འདས། །འགྲོ་ཀུན་གདོད་ནས་སངས་རྒྱས་ཉིད། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །གསང་སྔགས་ཁྲོམ་དུ་གྱུར་ན་ཡང་། །གསང་སྒྲོགས་ལྟུང་བ་མི་འབྱུང་ངོ། །དེ་འདྲ་མ་རྟོགས་གང་དག་གིས། །ཁྲོམ་ཆོས་རྒྱུ་འབྲས་གཙོར་བོ་བཤད། །ཕྱགས་རྫོགས་ལ་སོགས་གསང་སྔགས་གི །ངོ་སྤྲོད་ཧ་ཅང་གསལ་མི་རུང་། །དེ་ཕྱིར་ཚད་ལྡན་བླ་མ་རྣམས། །ཁྲོམ་དུ་ངོ་སྤྲོད་མི་གསལ་བ། །དེ་ཡི་དོན་ལ་དགོངས་པ་ཡིན། །རྟོགས་འབུལ་སོ་སོར་ངོ་སྤྲོད་གཟབ། །ཁྲོམ་ཆེན་རྣམས་ལ་དབང་བསྐུར་བ། །དམ་ཚིག་སྲུང་མཁན་ཆེར་མེད་པས། །ལྟུང་བའི་ཆར་པ་ཕབ་འདྲ་བས། །ངན་སོང་ས་བོན་བཏབ་འདྲ་ཡང་། །ཉམས་ལས་མ་ཐོབ་ཉེས་པ་ཆེ། །རེ་ཞིག་ངན་སོང་ལྟུང་ན་ཡང་། །ཚན་ཆེ་དར་དྲག་ཡུན་ཐུང་བས། །ཐར་བས་དམ་ཆོས་དེ་དང་འཕྲད། །རིམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར། །མཐའ་ཡོད་ཕྱིར་ན་ཕན་པ་ཡིན། །མ་ཐོབ་ངན་སོང་ལྟུང་བ་སྟེ། །ཡུན་རིང་ཐར་ཀྱང་དམ་ཆོས་དང་། །མི་འཕྲད་མཐའ་མེད་འཁོར་བར་འཁྱམས། །དེ་ཕྱིར་སྤྱོད་


CMR033_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་སྡེ་ལས། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །དབང་བསྐུར་བྱ་ཞེས་གསུངས་པ་ཡིན། །དབང་སྐུར་བྱེད་པའི་གང་ཟག་ཀྱང་། །རབ་ཀྱིས་བསྐྱེད་རྫོགས་ཟུང་དུ་ཆུད། །གཞན་རྒྱུད་ལུས་ངག་ཡིད་གསུམ་ལ། །སྐུ་གསུམ་ས་བོན་ཐེབ་པ་དགོས། །འབྲིང་ཡན་རྩ་བའི་དམ་ཚིག་གཙང་། །བསྙེན་སྒྲུབ་རྟགས་མཚན་ཐོབ་པ་དགོས། །ཐ་མ་རྩ་བའི་སྡོམ་ཁྲིམས་གཙང་། །བསྐྱེད་རིམ་གསལ་ཞིང་རྩ་བ་ནི། །ཡི་དམ་གཅིག་ལ་གྲངས་བསྙེན་ཐེམ། །དེ་ཙམ་མེད་ན་བསྐུར་ཐབ་མེད། །བྱང་ཞིང་ཕྱག་ལེན་མཁས་ན་ཡང་། །བསྐུར་ན་ངན་འགྲོའི་ས་བོན་འཕེལ། །དེ་ཕྱིར་རང་ཚོད་རང་གིས་ཟུང་། །སེམས་བསྐྱེད་བསམ་པ་བཟང་བ་ནི། །མི་དགེ་འགའ་ཞིག་དགེ་བར་འགྱུར། །བསམ་པའི་སེམས་བསྐྱེད་ཞན་པ་ན། །དམ་ཆོས་འགའ་ཞིག་མི་དགེར་འགྱུར། །དེ་ཕྱིར་སེམས་བསྐྱེད་བཟང་བ་གཅེས། །མཇུག་ཏུ་བསྔོ་བ་སྨོན་ལམ་ནི། །རྣམ་པར་དག་པས་རྒྱས་བཏབ་ན། །རྡོ་རྗེ་འཆང་ལ་བསྟེན་དྲོང་ཆོག །སངས་རྒྱས་ཐོབ་པའི་ཐབས་ཟབ་ཡིན། །དབང་སྐུར་བྱེད་ཁ་སྔོན་འགྲོ་ཡི། །གཏོར་མ་བགེག་བསྐད་མ་བྱས་ན། །ནག་ཕྱོགས་


CMR033_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་འདྲེས་བར་ཆོད་དེ། །བྱིན་རླབས་མི་འབྱུང་བར་ཆད་འཇུག །ལོ་རྒྱུས་སྐྱེར་སྒང་རྣམ་ཐར་གསལ། །ཨ་བྷི་ཊི་ཀ་ཏེ་ཞེས་པ། །ལེགས་སྦྱར་སཾ་སྐྲྀ་ཏ་ཡི་སྐད། །གཏོར་དང་བླུག་པ་ཞེས་བྱ་སྟེ། །སྡིག་སྒྲིབ་གཏོར་ཞིང་ཡེ་ཤེས་བླུག །དོན་འགྱུར་དབང་དུ་འཇུག་པ་ཡིན། །དབང་གི་ཞལ་གདམས་གོ་བདེ་འདི། །ལྕི་སྟོད་རྒོད་ཀྱི་ལྕམ་ཞེས་པ། །རྨ་གཡང་ཆགས་པའི་ས་ཆ་རུ། །ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བས། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །གང་དྲན་འཕྲལ་དུ་བྲིས་པ་དང་། །བློ་ཆུང་གསར་པ་འགའ་ཞིག་ལ། །ཕན་པ་ཅུང་ཟད་འབྱུང་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousདབང་གི་ཞལ་གདམས།next