Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
བཀའ་སྲུང་སྤྱིའི་བཀའ་གཏད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་རྣམས་ཀྱི་བཀའ་གཏད་སྤྱི་ཆིངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་སྤྱིའི་བཀའ་གཏད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་རྣམས་ཀྱི་བཀའ་གཏད་སྤྱི་ཆིངས།next

བཀའ་སྲུང་སྤྱིའི་བཀའ་གཏད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་རྣམས་ཀྱི་བཀའ་གཏད་སྤྱི་ཆིངས།


CMR033_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་སྤྱིའི་བཀའ་གཏད་ཡོད་ལགས་སོ། །ཐུགས་རྗེ་ཆེན་གསང་བ་འདུས་པའི་བཀའ་སྲུང་རྣམས་ཀྱི་བཀའ་གཏད་སྤྱི་ཆིངས་བྱ་བ་ཕྱག་ལགས་སོ།།


CMR033_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ། འཇིག་རྟེན་པ་དང་འཚམས་པའི་ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱི་རྗེས་གནང་སྤྱི་ཁྱབ་བཀའ་གཏད་ནི་སོ་སོའི་གཏོར་མ་དང་ཙཀ་ལི་རྣམས་སྟ་གོན་བྱས་ལ་རང་ཡི་དམ་གང་ཡིན་བསྒོམས་ནས་ཆོས་སྐྱོང་དེ་ཡི་བསྐྱེད་ཆོག་དུས་གཏོར་མའི་སྟོད་ཆོས་སྐྱོང་ལ་སྨད་མཆོད་པར་བསྐྱེད་ནས་སྤྱན་འདྲེན་མཆོད་བསྟོད་གཞུང་ལྟར་བྱས་ལ་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ། སྤྲོ་ན་སོ་སོའི་ལོ་རྒྱུས་བཤད་དེ། བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་ཆོས་སྐྱོང་ཆེན་པོའི་རྗེས་གནང་བཀའ་གཏད་ལེགས་པར་ཞུས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་


CMR033_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་བའི་ཕྱིར། །རྗེའི་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། ད་རྒྱུད་མ་དག་པ་དག་པར་བྱ་བའི་ཕྱིར་དུ་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད།་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ། བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་མགྲོན་དུ་གཉེར༔


CMR033_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྤྱོད་པ་མཆོག་སྤྱད་ནས་འགྲོ་ཕན་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། ད་ཐ་མལ་པ་ལ་ཆོས་སྐྱོང་གཏད་ཀྱང་མི་ཆུན་པས་ཡི་དམ་གྱི་ལྷར་བསྒོམ་དགོས་ཏེ། དེ་ལ་ཡི་དམ་གང་བསྒོམ་འདྲ་ནའང་། དྲེགས་པ་ཐམས་ཅད་ཀྱི་གཉན་པོ་ཕྱག་ན་རྡོ་རྗེ་ཡིན་པས། ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་བཅོམ་ལྡན་འདས་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེངས་བ། གོས་སྔོན་པོའི་སྟོད་གཡོགས་དང་ཤམ་ཐབས་ཅན། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་མེ་འབར་བའི་ཀློང་ན་ཞབས་གཉིས་འདོར་ཐབས་ཀྱིས་པད་ཉིའི་གདན་ལ་བཞུགས་པ། ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་གིས་མཚན་ཅིང་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་ངོ་བོར་བྷེ་ཤིག །དེ་ནས་ཡང་བླ་མ་ཡང་གསང་བདག་དང་དབྱེར་མེད་པའི་ཡི་དམ་དངོས་ཡིན་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྒོའི་སྐུ་ཡི་རྗེས་གནང་བསྩལ་དུ་གསོལ། །ཞེས་


CMR033_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། མདུན་དུ་བཤམས་པའི་གཏོར་མ་འདི་ཉིད་མི་དམིགས་པ་སྟོང་པའི་ངང་ལས། ཞེས་ཆོས་སྐྱོང་གང་ཡིན་མངོན་རྟོགས་སྤྱན་འདྲེན་བཞུགས་གསོལ་རྒྱས་བསྡུས་ཅི་རིགས་བྱས་ལ། །ད་ཁྱེད་རང་གསང་བདག་ཏུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་མདུན་དུ་བཞུགས་པའི་ཆོས་སྐྱོང་གི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད། ཡིད་ལ་ཇི་ལྟར་འདོད་པའི་ཕྲིན་ལས་ཐམས་ཅད་སྒྲུབ་ཅིང་། དཔའ་བོ་ཆེན་པོ་ཁྱེད་ཀྱི་ཆོས་སྐྱོང་བའི་སྲུང་མ་བདག་གིས་བྱའོ། །ཕྲིན་ལས་ཐམས་ཅད་བདག་གིས་སྒྲུབ་བོ་ཞེས་ཁས་བླངས་དམ་བཅས་པར་སྒོམས་ཤིག །སྤྲོ་ན་སྐུ་ཙཀ་གམ་ཕྱར་དར་གཏེད་ལ། །སྤོས་དང་རོལ་མོ་བྱ་ཞིང་སྔགས་བརྗོད་ནས་སློབ་མའི་མགོར་རྡོ་རྗེ་བཞག་ལ། ཏིཥྛ་བཛ྄༔ ཞེས་བརྗོད། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་སྐུ་ཡི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེས་ཆོས་སྐྱོང་འདིའི་སྐུ་བསྒོམ་ཞིང་སྤྱན་འདྲེན་བཞུགས་གསོལ་བྱ་བ་ནི་སྐུ་ཡི་རྗེས་གནང་ཡིན།


CMR033_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ད་གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྗེའི་གསུང་གི་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ནས་ཆོས་སྐྱོང་གི་ཐུགས་ཀར་ཐིམ་པས་དེའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གློག་ཞགས་ལྟར་འཕྲོས་ཞལ་ནས་ཐོན་ཏེ། སྲོག་སྔགས་འབུལ་བའི་ཚུལ་དུ་ཁྱེད་རང་གི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས། ཆོས་སྐྱོང་འདིའི་སྔགས་ཀྱི་ནུས་པ་ཐམས་ཅད་འགྲུབ་པར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྙིང་པོ་གང་ཡིན་ལན་གསུམ་རྗེས་ཟློས་བྱ་བཅུག །སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་ཆོས་སྐྱོང་འདི་ཡི་ཁ་དོག་དང་མཐུན་པ་ཞིག་ཕུལ་བའི་མོས་པ་མཛོད་ལ་འདི་ཡི་རྗེས་ཟློས་མཛོད། ཆོས་སྐྱོང་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། མེ་ཏོག་གི་ཕྲེང་བ་དང་དམ་ཚིག་གི་རྡོ་རྗེ་མགོར་བཞག་པའི་མོས་པ་མཛོད། སྒོ་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་


CMR033_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཞེས་ལན་གསུམ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་གསུང་གི་བཀྲ་ཤིས་ཤོག །མེ་ཏོག་སྤྱི་བོར་བཞག་ཤིས་པ་བརྗོད། འོ་དེས་སྔགས་བཟླ་བ་གསུང་གི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས་དེ་རིང་ཕྱིན་ཆད་འདིའི་སྔགས་བཟླ་བ་རུང་ཞིང་དྲག་སྔགས་ཀྱི་ནུས་པ་ཐོགས་པ་མེད་པའི་རྟེན་འབྲེལ་འགྲིགས་པའོ། །གསུམ་པ་ཐུགས་ཀྱི་བཀའ་གཏད་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཆེའི་ཐུགས་ཀྱི་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་༔ གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཆོས་སྐྱོང་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཆོས་སྐྱོང་གི་ས་བོན་ལས་ས་བོན་གཉིས་པ་ཞིག་དམ་ཚིག་གཅིག་ཏུ་བསྲེ་བའི་ཚུལ་གྱིས་སློབ་མའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས། སྲོག་དབང་དུ་འདུས་ནས་འདར་ཕྲི་ལི་ལི་བྱེད་ཅིང་དཔའ་བོ་ཁྱེད་ཀྱིས་ཅི་གསུང་བཀའ་


CMR033_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བསྟན་པ་བསྲུང་བར་འདོད་པས་ཕྲིན་ལས་བདག་གིས་སྒྲུབ་ཅེས་ཁས་བླངས་དམ་བཅས་ནས་ཕྱག་མཚན་དེ་ཁྱེད་རང་ལ་ཕུལ་བར་སྒོམས་ཤིག །ཅེས་ཡོད་ན་ཕྱག་མཚན་གཏད་མེད་ན་གཏོར་མ་གཏད། སྲོག་སྔགས་ཀྱི་མཇུག་ཏུ། ཙིཏྟ་སིདྡྷི་ས་མ་ཡ་ཧཱུཾ། ཞེས་ལན་གསུམ། དེས་དམ་ཚིག་གཅིག་ཏུ་འདྲེས། ཐུགས་ཀྱི་བཀའ་གཏད་རྗེས་གནང་ཐོབ་པ་ཡིན། དེ་ལྟར་སྐུ་བསྒོམ་པ་དང་སྔགས་བཟླ་བ་དང་ཏིང་ངེ་འཛིན་རང་གི་སེམས་ལས་གཞན་དུ་མ་གྲུབ་པ་ཐག་ཆོད་ལ། རང་སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག །རོལ་མོ་དང་སྤྲོ་ན་རྡོ་རྗེ་སྙིང་གར་བཞག་ལ་རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཐུགས་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེས་ཆོས་སྐྱོང་གི་སྲོག་ལ་དབང་ཐོབ་ཅིང་འདིས་ཏིང་ངེ་འཛིན་བསྒོམ་པར་དབང་བ་སྟེ་ཐུགས་ཀྱི་རྗེས་གནང་ཡིན། དེ་ནས་ཡོན་ཏན་གྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྒེའི་ཡོན་


CMR033_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་ཆོས་སྐྱོང་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་གྱི་ཆོས་སྐྱོང་དེའི་ཕྱག་མཚན་ཁྱེད་རང་ལ་ཕུལ་བས། ཆོས་སྐྱོང་འདི་ཡི་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་གྱུར་སྙམ་དུ་སྒོམས་ཤིག །རྨི་ཕྱག་རྒྱ་ཕྱག་མཚན་འདི་དག་ནི། །ཁྱེད་རྣམས་ལ་ནི་སྦྱིན་པར་བྱ། །ཞི་དང་རྒྱས་དང་དབང་དང་འགུགས། །གདུག་པ་བསྒྲལ་དང་ཆོ་འཕྲུལ་སྟོན། །མནན་དང་བསྐྲད་དང་ལ་སོགས་པ། །ལས་ཚོགས་ཐམས་ཅད་འགྲུབ་པར་གྱིས། །སྔགས་བརྗོད་ཅིང་གཏད་དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཡོན་ཏན་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། དེས་ཆོས་སྐྱོང་སྤྱིའི་སྒོ་ནས་དངོས་གྲུབ་ཐམས་ཅད་འགྲུབ་པར་དབང་བ་ཡོན་ཏན་གྱི་རྗེས་གནང་ཡིན། ད་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྗེའི་ཕྲིན་ལས་རྗེས་གནང་


CMR033_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ། །ལན་གསུམ། དེ་ནས་སློབ་དཔོན་བཅོམ་ལྡན་ཕྱག་ན་རྡོ་རྗེ་དངོས་སུ་གསལ་བས། གཏོར་མ་འདི་ཉིད་ཆོས་སྐྱོང་ཆེན་པོ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བ། ཁྱེད་ལ་བྲན་དང་ཕོ་ཉའི་ཚུལ་དུ་བཀའ་བསྒོས་ཤིང་གཉེར་དུ་གཏད་པས་ལུས་དང་གྲིབ་མ་ལྟར་འཁོར་ཞིང་སྡོང་གྲོགས་བྱེད་པར་སྒོམས་ཤིག །གཏོར་མ་ལག་ཏུ་བཞག་ལ་རྒྱས་པར་ཆོས་སྐྱོང་འཁོར་བཅས་ཀྱི་མིང་བརྗོད། བསྡུ་ན། རྗེ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་ཆེ་ཆེ་མཆོག་ཧེ་རུ་ཀ་དང་གཤིན་རྗེ་དང་རྟ་མཆོག་ཧེ་རུ་ཀ་དང་དཔལ་ཕྱག་ན་རྡོ་རྗེ་དང་། གུ་རུ་པདྨ་འབྱུང་གནས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི་དམ་ཚིག་གི་རིམ་པ་ལས་མ་འདའ་བར། དེང་ནས་བཟུང་སྟེ་རྡོ་རྗེའི་སློབ་མ་འདིའི་ཆོས་སྐྱོང་བའི་སྲུང་མ་མཛོད་ཅིག །བྱིན་པའི་ཟས་ཟོ། གསོལ་བའི་ཕུད་འཐུང་། གདམས་པའི་ངག་ཉོན། བཅོལ་བའི་ལས་གྱིས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། རྐྱེན་དང་བར་ཆད་ཟློག །ནད་གདོན་བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་བ་དང་། ཚེ་དང་དཔལ་འབྱོར་ཐམས་ཅད་ཟླ་བ་


CMR033_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །སྔགས་ཨག་ཚར་གསུམ་བརྗོད། གཏོར་མ་ཅུང་ཟད་བྱིན་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཕྲིན་ལས་བཀྲ་ཤིས་ཤོག །དེས་བཀའ་གཏད་པའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་ཕྲིན་ལས་ཀྱི་རྗེས་གནང་ཡིན། དེ་ལྟར་རྗེས་གནང་བཀའ་གཏད་ཀྱི་རིམ་པ་རྒྱས་པར་ཐོབ་པ་ཡིན་པས་ཆོས་སྐྱོང་སྒྲེ་འདི་བཀའ་ཡི་སྲུང་མར་བསྟེན་ཏེ་མཆོད་ཅིང་བསྒྲུབས་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་རྒྱས་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་སོགས། དེ་ལྟར་རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི༔ དེ་ནས་རྗེས་ཆོག་སྤྱི་ལྟར་རོ། །ཞེས་པ་སྤྲུལ་སྐུའི་ཕྱག་ལེན་བདེ་ཕྱིར་ཨ་རཱ་གས་བཀོད་པ་ལ་འགལ་འཁྲུལ་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས་ཤིང་དགེ་བས་སངས་རྒྱས་ཀྱི་བསྟན་པ་འཕེལ་བར་གྱུར་ཅིག། །།


previousབཀའ་སྲུང་སྤྱིའི་བཀའ་གཏད་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བཀའ་སྲུང་རྣམས་ཀྱི་བཀའ་གཏད་སྤྱི་ཆིངས།next