Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཆོས་སྤྱོད་རབ་གསལ་གྱི་དམིགས་རིམ་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྤྱོད་རབ་གསལ་གྱི་དམིགས་རིམ་མདོར་བསྡུས།next

ཆོས་སྤྱོད་རབ་གསལ་གྱི་དམིགས་རིམ་མདོར་བསྡུས།


CMR033_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་རབ་གསལ་གྱི་དམིགས་རིམ་མདོར་བསྡུས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR033_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨཱ་དྷརྟུ་བཛྲ་ཡེ། སྐྱབས་གནས་དམ་པའི་ཞབས་ལ་འདུད། །དགེ་སློང་དབོན་པོ་འཚོ་མཛད་ལ། །འཕྲལ་དུ་གང་ཕན་བསླབ་བྱ་ཞུ། །བླ་མ་ཆོས་ལྡན་རབ་འབྱོར་དེ། །སི་ཏུ་དྲུང་པའི་ཐུགས་ཀྱི་སྲས། །ཆོས་ཀྱི་དབང་ཕྱུག་ཐུགས་ལ་བཏགས། །རང་སེམས་ཡེ་ཤེས་ངོ་འཕྲོད་ནས། །ཀཾ་པོ་གངས་ཀྱི་ར་བ་རུ། །ལོ་གྲངས་བཅུ་གསུམ་སྒྲུབ་བརྒྱུད་བཟུང་། །རག་གྱང་སྟག་ལེབ་ལ་སོགས་སུ། །ངེས་མེད་བྱ་བྲལ་རྣམ་ཐར་བཟུང་། །ས་ཕྱོགས་འདི་རུ་ཕེབས་པ་ལ། །བདག་དང་ཆོས་མཐུན་གྲོགས་པོར་གྱུར། །ང་ཡི་ངག་ལ་ཉན་མཛད་ནས། །ལོ་འགའ་


CMR033_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཚུགས་འགྲོ་དོན་མཛད། །སྐྱབས་མཆོག་རྒྱལ་བ་ཡབ་སྲས་ལ། །མོས་གུས་འགྱུར་མེད་གཏིང་ཚུགས་པས། །འཕྲལ་དུ་མཛད་སྤྱོད་ཅི་འདྲ་ཡང་། །ཁོང་ནི་འབྲེལ་ཚད་དོན་ལྡན་ཡིན། །ཅི་ཕྱིར་ཁོང་གི་མོས་གུས་འདྲ། །སུ་ལ་ཡོད་པ་མ་མཐོང་ངོ། །དེ་ལྟར་རྩེ་གཅིག་དད་པ་ཡིས། །གསོལ་བ་བཏབ་པའི་མི་དེ་ལ། །ཡབ་སྲས་ཐུགས་རྗེས་བཏང་མི་སྲིད། །སྐུ་ཚེ་མཐར་ཕྱིན་དུས་བབ་ནས། །འདས་ལ་ཐུགས་ནད་མཛད་དོན་མེད། །ད་ནི་དབོན་པོ་ཁྱོད་རང་ཡང་། །བླ་མའི་རྣམ་ཐར་ཇི་བཞིན་དུ། །ཡབ་སྲས་རྣམས་ལ་འདི་ཕྱི་ཡི། །བློ་སེམས་གཏོད་ལ་དམ་


CMR033_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཛོད། །ཅི་ཕྱིར་དལ་འབྱོར་ཐོབ་དཀའ་ཞིང་། །ཚེ་འདི་མི་རྟག་མྱུར་དུ་འཆི། །དེང་སང་མི་རྣམས་ཚེ་ཡི་ཚད། །བཞི་བཅུ་ཁ་རལ་སུམ་ཅུར་ཉེ། །མང་པོ་བསླབ་པའི་ལོང་ཁོམ་མེད། །ཚིག་ནི་ནམ་མཁའ་འདོམ་འཇལ་འདྲ། །ཅི་ཙམ་བསླབ་ཀྱང་ཟད་པ་མེད། །ཡོན་ཏན་སྣ་ཁ་མང་པོ་ཡང་། །ཟས་ནོར་བསྡུ་ཕྱིར་མ་གཏོགས་པ། །དམ་ཆོས་སྒྲུབ་ལ་དགོས་རྒྱུ་ཆུང་། །ཆོས་སྤྱོད་རབ་གསལ་ཐོ་རམ་པ། །ཡོད་ན་དེ་རང་ཉམས་ལེན་ཆོག །དེ་ཡི་ཉམས་ལེན་མདོ་ཙམ་བཤད།། ༈ མདུན་གྱི་ནམ་མཁར་སྐད་ཅིག་ལ། །སངས་རྒྱས་ཀུན་འདུས་ཀརྨ་པ། །ཕྱོགས་དུས་རྒྱལ་བ་སྲས་བཅས་རྣམས། །སྤྲིན་ཕུང་ལྟ་བུར་བཞུགས་པར་བསྒོམ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ས་གཞི་གང་བར་ཁྲོམ་ལྟར་འཚོགས། །དེ་ཡི་འདྲེན་དཔོན་རང་གིས་བྱ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ། །བདག་སོགས་འགྲོ་ཀུན་འཇིགས་སྐྲག་ནས། །སྐྱབས་འགྲོ་དིར་དིར་བྱེད་བསྒོམས་ལ། །མ་ནམ་མ་དང་སྐྱབས་འགྲོ་རྣམས། །ཆོས་སྤྱོད་ནང་ལྟར་ལན་གསུམ་བྱ། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས། །སྐྱབས་པར་འདོད་ན་ནམ་མཁའ་དེར། །རྗེ་བཙུན་སྒྲོལ་


CMR033_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྔོན་མོ་ནི། །ཤིན་ཏུ་གསལ་བར་བསྒོམ་གལ་ཆེ། །དེ་ནས་སྐྱབས་ཡུལ་རང་ལ་བསྟིམ། །རང་གི་སེམས་ལ་ཧྲིག་གེར་བལྟ། །བསྐྱབ་བྱ་སྐྱོབ་བྱེད་མི་དམིགས་པ། །དེ་ནི་དོན་དམ་སྐྱབས་འགྲོ་ཡིན། །འགྲོ་དྲུག་སེམས་ཅན་མ་ལུས་པར། །བྱམས་དང་སྙིང་རྗེ་ཚད་མེད་བསྒོམ། །དེ་ཡང་རླུང་དང་བསྲེ་བྱས་ཏེ། །སྣ་ནས་རླུང་གཅིག་ཕར་བཏང་ཚེ། །རང་གི་བདེ་སྐྱིད་བསོད་ནམས་རྣམས། །སེམས་ཅན་ཀུན་ལ་ཐིམ་གྱུར་ནས། །ཐམས་ཅད་བདེ་དང་ལྡན་པར་བསྒོམ། །རླུང་གཅིག་ཚུར་ལ་རྔུབ་པའི་ཚེ། །འགྲོ་དྲུག་ཀུན་གྱི་སྡུག་བསྔལ་དང་། །སྡིག་སྒྲིབ་ཐམས་ཅད་རང་ལ་ཐིམ། །འགྲོ་དྲུག་སྡུག་བསྔལ་བྲལ་བར་བསྒོམ། །འགྲོ་ཀུན་བདེ་ན་དགའ་བ་དང་། །རིས་མེད་འགྲོ་ལ་སེམས་མཉམ་བྱ། །དེ་དག་བསྒོམ་ཞིང་ཆོས་སྤྱོད་ནང་། །སེམས་ཅན་ཐམས་ཅད་བདེ་བ་དང་། །ཞེས་སོགས་ཚད་མེད་བཞི་པོ་ནི། །ལན་གསུམ་འདོན་སྒོམ་སྦྲག་པར་བྱ། །དེ་ནས་ཆོས་སྤྱོད་གཞུང་ལྟར་དུ། ༈ ས་ཕྱོགས་འདི་ཉིད་སངས་རྒྱས་ཞིང་། །བདེ་བ་ཅན་དང་འདྲ་བའི་དབུས། །སེང་ཁྲི་མཆོད་རྫས་དཔག་མེད་བསྒོམ། །ཐུབ་དབང་འཁོར་བཅས་སྤྱན་


CMR033_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས། །སེང་ཁྲི་དེ་ལ་བཞུགས་བསྒོམ་ཞིང་། །སྤྱན་འདྲེན་བཞུགས་གསོལ་གཞུང་ལྟར་བྱ། །དེ་ལ་སྐུ་ཁྲུས་གསོལ་བ་དང་། །ན་བཟའ་འབུལ་དང་མཆོད་པ་འབུལ། །མཎྜལ་ཡན་ཆད་གཞུང་ལྟར་འདོན། །ཇི་སྙེད་སུ་དག་མ་དེ་ཡང་། །མཆོད་པ་རྒྱ་ཆེན་སྣ་ཚོགས་ནི། །ཡིད་ཀྱིས་བསྒོམས་ཏེ་མཆོད་པ་དང་། །ཕྱོགས་བཅུའི་ཞིང་ན་ཡོད་པ་ཡི། མཆོད་པ་བློ་ཡིས་བླངས་ཏེ་མཆོད། ༈ སེམས་ཅན་ཐམས་ཅད་ཕ་མ་སྟེ། །འཁོར་བའི་གནས་སུ་སྡུག་བསྔལ་ཆེ། །དེ་རྣམས་སངས་རྒྱས་སར་འགོད་པར། །རང་ཉིད་ཁོ་ནས་བྱེད་འདོད་དེ། །དེ་ནི་ད་ལྟ་མི་ཐུབ་སྟེ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ནམ་ཞིག་བྱང་ཆུབ་ཐོབ་པའི་ཚེ། །འགྲོ་ཀུན་བདག་གིས་འདྲེན་བསམ་པའི། །བསམ་པ་བཟང་པོ་དང་ལྡན་པའི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་སོགས་ཤོ་ལོ་ཀ་གསུམ་པོ། །ལན་གསུམ་བར་དུ་བརྗོད་པར་བྱ། །དེ་ནས་རང་ཉིད་སེམས་དཔར་གྱུར། །དེ་ཕྱིར་རང་ཉིད་དགའ་བ་བསྒོམ། །ལྷར་བཅས་འགྲོ་བའི་དོན་ཆེན་རྣམས། །བདག་གིས་བསྒྲུབ་ཕྱིར་ལྷ་ཀླུ་སོགས། །འགྲོ་བ་ཡི་རང་སྒོམས་ཤིག་ཅེས། །གཞན་རྣམས་དགའ་བ་


CMR033_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བཅུག་དང་། །རང་གི་སྡོམ་པ་དམ་བཅའ་སོགས། །དེ་འཕྲོ་ཚིག་རྣམས་ཚར་གཅིག་ཆོག །འདི་ཡིས་བྱང་སེམས་སྡོམ་པ་རྣམས། །མ་སྐྱེས་པ་དག་གསར་དུ་སྐྱེ། །ཉམས་པ་སོར་ཆུད་འགྱུར་བ་དང་། །མ་ཉམས་པ་ཡང་གོང་དུ་འཕེལ། །ཐེག་ཆེན་ཉམས་ལེན་རྩ་བ་ཡིན། །དེ་ནས་ཐུབ་པ་འཁོར་དང་བཅས། །འོད་ཞུ་བདག་ལ་ཐིམ་པར་བསྒོམ། །མ་ཡེངས་རང་གི་སེམས་ལ་བལྟ། །གཟུགས་དང་དངོས་པོ་མ་མཐོང་ཡང་། །མ་མཐོང་བ་དེ་མཐོང་བའི་མཆོག །སྟོང་ཉིད་ངོ་བོ་མཐོང་བ་སྟེ། །དོན་དམ་སེམས་བསྐྱེད་དེ་ཡིན་ནོ། །དེ་ཡན་ཙམ་ཞིག་མ་ཆག་པར། །ཉམས་སུ་བླངས་བར་བྱས་ན་ཡང་། །སྐྱབས་འགྲོ་ཐེག་དམན་ཉམས་ལེན་ཚང་། །སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ། །ཐེག་པ་ཆེན་པོའི་ཉམས་ལེན་ཚང་། །ཐུབ་པ་སྤྱན་འདྲེན་ཡན་ལག་བདུན། །བྱ་རྒྱུད་དོན་ཡང་ཚང་བ་སྟེ། །ཐུབ་པ་བླ་མ་དབྱེར་མེད་བསྒོམ། །བླ་མེད་བླ་མའི་མཆོད་ཆོག་ཚང་། །རང་སེམས་ངོ་བོ་སྐབས་སུ་བལྟ། །དབུ་ཕར་ལྟ་བའི་ཉམས་ལེན་ཚང་། །ཤཱཀ་ཐུབ་བསྟན་པའི་གཞུང་ཤིང་གི །ཉམས་ལེན་གཙོ་བོ་དེར་འདུས་པས། །ཆོས་སྡེ་རྣམས་སུ་ཆགས་མེད་


CMR033_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཐུགས་དམ་མཛད་པ་དེ་ལྟར་ལགས། །དབོན་པོ་ཁྱེད་རང་ཐུགས་དམ་མཛོད། །འདོན་སྒོམ་སྦྲག་པ་གལ་ཆེའོ།། ༈ ལྟུང་བཤགས་འདོན་པའི་ཚེ་ན་ཡང་། །མདུན་གྱི་ནམ་མཁར་སེང་ཁྲིའི་སྟེང་། །སངས་རྒྱས་ཀུན་འདུས་ཀརྨ་པར། །ལྟུང་བཤགས་ལྷ་ཚོགས་རྣམས་ཀྱིས་བསྐོར། །སྐད་ཅིག་ཉིད་ལ་གསལ་བར་བསྒོམ། །རང་ལུས་བྱེ་བ་དུང་ཕྱུར་སྤྲུལ། །དེ་དག་རྣམས་ལ་ཕྱག་འཚལ་ཞིང་། །བདག་སོགས་འགྲོ་བ་མ་ལུས་པའི། །སྡིག་ལྟུང་ཐམས་ཅད་བཤགས་པར་བསྒོམ། །སྤྲོ་ན་དངོས་སུ་ལྷ་གྲངས་ལ། །འདོན་པ་དང་བསྟུན་ཕྱག་འཚལ་ན། །ཉེས་ལྟུང་སྦྱོང་བའི་མཆོག་ཡིན་ནོ། །མཐར་ནི་ལྷ་ཚོགས་རང་ལ་བསྟིམ། །བདེ་བར་གཤེགས་པ་དེ་རྣམས་དང་། །རང་ཉིད་དབྱེར་མེད་གྱུར་བསམས་ལ། །མ་ཡེངས་རང་གི་སེམས་ལ་བལྟ། །བཤགས་བྱ་བཤགས་བྱེད་བྲལ་བ་ཡི། །དོན་དམ་བཤགས་པའི་མཆོག་ཡིན་ནོ།། ༈ མདུན་གྱི་ནམ་མཁར་ངོ་བོ་ནི། རྒྱལ་བའི་དབང་པོ་ཉིད་ཡིན་ལ། །རྣམ་པ་ཤཱཀྱའི་སྐྱེས་མཆོག་ནི། །དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ། །དེ་ནས་ཤཱཀྱ་ཐུབ་པ་ཡི། །སྐྱེས་རབས་དང་ནི་རྣམ་ཐར་སོགས། །ཡིད་ཀྱིས་


CMR033_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་དྲན་བྱས་ཏེ། །དང་པོ་བྱང་ཆུབ་ཐུགས་བསྐྱེད་ཅིང་། །གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །འཕོ་དང་ལྷུམས་ཞུགས་ལ་སོགས་པའི། །མཛད་པ་དེ་དང་དེ་མཛད་ཅེས། །ཡིད་ཀྱི་ཡུལ་དུ་རྩིས་བགྲང་ཞིང་། །ངག་ཏུ་སྐྱེས་རབས་སྡོམ་ཚིག་དང་། །མཛད་བཅུ་ལ་སོགས་འདོན་བྱ་ཞིང་། །མཐར་ནི་ཐུབ་དབང་རང་ལ་བསྟིམ། །འདི་ནི་གཏི་མུག་འདུལ་བའི་མཆོག །རྟེན་འབྲེལ་བསྒོམ་པའི་མན་ངག་ཡིན། །གཉིད་དང་བྱིང་རྨུགས་ཞི་བ་དང་། །ཤེས་རབ་ཆེ་སོགས་ཕན་ཡོན་འབྱུང་།། ༈ ཡང་ན་ནམ་མཁར་ཤཱཀ་ཐུབ་བསྒོམ། །སེམས་ནི་འཕྲོ་རྒོད་ཆེ་བ་ན། །སྐྱིལ་ཀྲུང་བསྣོལ་མཚམས་རིག་པ་གཏད། །སེམས་ནི་བྱིང་རྨུགས་འཐིབས་གྱུར་ན། །དཔྲལ་བའི་མཛོད་སྤུར་རིག་པ་ལ་གཏད། །བྱིང་རྒོད་མེད་ན་ཐུགས་ཀར་གཏད། །སེམས་ནི་གཞན་དུ་མི་འཕྲོ་བ། །ཐུབ་པའི་སྐུ་ལ་སེམས་གནས་ན། །དེ་ནི་ཐུན་མོང་ཞི་གནས་ཡིན། །འདི་ཡི་ཕན་ཡོན་མཐའ་ཡས་པ། །ཏིང་འཛིན་རྒྱལ་པོའི་མདོ་ལས་གསུངས། །དེ་ལྟར་ཡིད་ལ་བསྒོམ་བྱ་ཞིང་། །སེམས་བརྩེ་མ་ལ་སོགས་པ་ཡི། །ཐུབ་པའི་བསྟོད་པ་འདོན་སྒོམ་སྦྲག། ༈ ནམ་


CMR033_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ངོ་བོ་ཀརྨ་པ། །རྣམ་པ་ཐུབ་པའི་དབང་པོ་ལ། །ཉེ་སྲས་བརྒྱད་ཀྱིས་བསྐོར་བར་བསྒོམ། །སྤྱན་འདྲེན་ལ་སོགས་མི་དགོས་ཏེ། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །བདག་དང་ཚེ་འདས་ཡོན་བདག་སོགས། །སེམས་ཅན་ཀུན་གྱིས་རྩེ་གཅིག་ཏུ། །གསོལ་བ་མགྲིན་གཅིག་འདེབས་བསམ་ཞིང་། །གཙོ་རྒྱལ་མ་ཡི་གསོལ་འདེབས་བྱ། །ཐུབ་དབང་སྲས་བཅས་སྐུ་ལས་ནི། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །རང་དང་ཚེ་འདས་ལ་སོགས་པའི། །སེམས་ཅན་ཀུན་ལ་ཐིམ་པ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་བསལ། །འཁོར་བའི་འཇིགས་ལས་སྐྱོབ་པར་བསྒོམ། །མཐར་ནི་ལྷ་ཚོགས་རང་ལ་བསྟིམ། །རང་གི་སེམས་ལ་ཚུར་བལྟས་པས། །ངོ་བོ་སྟོང་པ་ཆོས་ཀྱི་སྐུ། མ་འགགས་རང་གསལ་ལོངས་སྤྱོད་རྫོགས། །སྣ་ཚོགས་འགགས་མེད་སྤྲུལ་པའི་སྐུ། །དེ་གསུམ་དབྱེར་མེད་ངོ་བོ་ཉིད། །ཡར་ལ་རྒྱལ་བའི་ཐུགས་རྒྱུད་དང་། །མར་ལ་འགྲོ་དྲུག་སེམས་རྒྱུད་དང་། །རྣལ་འབྱོར་རང་གི་སེམས་ཉིད་གསུམ། །ཆོས་ཉིད་སྟོང་པའི་ངང་དུ་གཅིག །ལྟ་བ་འཁོར་འདས་དབྱེར་མེད་ཡིན།། ༈ མདུན་གྱི་ནམ་མཁར་


CMR033_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་དབང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འགྲོ་འདུལ་ཁ་སར་པཱ་ཎི་བསྒོམ། །ཡང་ན་བདག་གཞན་ཐམས་ཅད་ཀྱི། །སྤྱི་བོར་རེ་རེ་བསྒོམ་ཡང་་ལེགས།བདག་དང་སེམས་ཅན་ཐམས་ཅད་ཀུན། །འཁོར་བའི་འཇིགས་པས་ཉམ་ཐག་ནས། །སྨྲེ་སྔགས་འོ་དོད་འབོད་བསམ་ཞིང་། །སྨྲེ་སྔགས་བསྟོད་པ་འདོན་པར་བྱ། །སྐུ་ལས་བདུད་རྩིའི་རྒྱུན་བབས་ནས། །སྤྱི་བོ་ཚངས་པའི་བུག་ནས་ཞུགས། །སྡིག་སྒྲིབ་ནད་གདོན་ཐམས་ཅད་ནི། །དུད་ཁུ་ལྟ་བུར་ས་འོག་སོང་། །ལས་ཀྱི་གཤིན་རྗེས་འཐུང་བས་ཚིམ། །དུས་མིན་འཆི་བའི་བར་ཆད་ཞི། །བདག་ལུས་བདུད་རྩིས་ལྟེམས་སེ་གང་། །ཐུགས་རྗེ་ཆེན་པོ་འོད་དུ་ཞུ། །བདག་གཞན་ཀུན་ལ་ཐིམ་པར་བསྒོམ། །རང་རིག་ཡེ་ཤེས་སྤྱན་རས་གཟིགས། །རང་གི་སེམས་ལ་གཟིགས་མོ་བྱ། །གསལ་སྟོང་རང་རིག་རྗེན་པར་མཐོང་། །དོན་དམ་ཆོས་སྐུ་སྤྱན་རས་གཟིགས། །མཐོང་བ་མེད་པའི་ཚུལ་དུ་མཐོང་། །འདི་ཉིད་རྙིང་མའི་རྒྱུད་ཚིག་སྟེ། །གསར་མའི་ལུགས་ལ་རྒྱ་གཞུང་འདོད། །རྒྱུད་དང་རྒྱ་གཞུང་གཉིས་ཀའི་ཕྱིར། །བྱིན་རླབས་ཤིན་ཏུ་ཆེ་བ་ཡིན།། ༈ མདུན་གྱི་ནམ་


CMR033_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སྤྱན་རས་གཟིགས། །ཆ་ལུགས་ཞལ་ཕྱག་གང་འདོད་བསྒོམ། །དེ་མདུན་ངག་གི་ཉེས་བྱས་བཤགས། །སེམས་ཅན་ཀུན་གྱི་ངག་སྒྲིབ་རྣམས། །ཐམས་ཅད་རང་ལ་ཐིམ་པར་བསྒོམ། །དེ་ཡི་ནུས་པས་རང་གི་ངག །རྡོ་རྗེའི་ལྗགས་སུ་གྱུར་པར་བསྒོམ། །ནམ་ཞིག་བྱང་ཆུབ་ཐོབ་པའི་ཚེ། །འགྲོ་བ་ཀུན་ལ་ཆོས་སྟོན་པར། །ཤོག་ཅིག་སྙམ་པ་ཡིད་ལ་བསྒོམ། །ཀྱེ་ལགས་མ་ཡི་སྨྲེ་སྔགས་འདོན། །སེམས་བསྐྱེད་ལན་གཅིག་ཐོབ་པ་ལའང་། །སྐུར་བ་བཏབ་ན་དམྱལ་བ་རུ། །ལྕེ་ལ་གླང་དོར་ལྔ་བརྒྱས་རྨོ། །དགོན་སྡེའི་ཕྱོགས་སུ་འདུག་པ་ལ། །གྲུ་རོགས་གྲོགས་མཆེད་ལ་སོགས་ལ། །གཤེ་སྐུར་མི་འཆོར་དཀའ་བའི་ཕྱིར། །བཤགས་པ་འདི་ཡང་གནད་ཆེན་ཡིན།། ༈ མདུན་གྱི་ནམ་མཁར་འཛམ་དཔལ་དབྱངས། །མཆོག་གི་སྤྲུལ་སྐུ་དབྱེར་མེད་པ། །དམར་སེར་རལ་གྲི་པོ་ཏི་འཛིན། །གསལ་བར་བསྒོམས་པའི་གནས་ལྔ་ནས། །འོད་ཟེར་ཁ་དོག་རྣམ་ལྔ་འཕྲོས། །།བདག་དང་སེམས་ཅན་ཀུན་ལ་ཕོག །དུག་ལྔའི་སྒྲིབ་པ་བསལ་ནས་ཀྱང་། །ཡེ་ཤེས་ལྔ་པོ་རྒྱས་པར་བསྒོམ། །གང་གི་བློ་གྲོས་མ་དང་ནི། །ཤེས་བྱའི་མཁའ་དབྱིངས་མ་སོགས་འདོན། །


CMR033_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ནི་འཇམ་དབྱངས་རང་ལ་བསྟིམ། །རང་གི་སེམས་ལ་ཧྲིག་གེར་བལྟ། །རྣམ་རྟོག་ཉོན་མོངས་སྦྱོར་རྩུབ་འཇོམས། །ཡེ་ཤེས་ལྔ་ཡི་དཔལ་འབྱོར་རྒྱས། །རང་སེམས་བསྒྲེས་རྒུད་སྐྱེ་འཆི་བྲལ། །དོན་དམ་འཇམ་དཔལ་གཞོན་ནུ་ནི། །རང་སེམས་ཡིན་ནོ་སྐལ་ལྡན་ཀྱེ།། ༈ མདུན་དུ་པདྨའི་སྡོང་པོ་ནི། །འདབ་མ་ཉི་ཤུ་ཡོད་པར་བསྒོམ། །པོ་ཊ་ལ་ནས་སྒྲོལ་སྔོན་ལ། །སྒྲོལ་མ་ཉི་ཤུས་བསྐོར་བ་ནི། །སྐད་ཅིག་ཙམ་ལ་སྤྱན་དྲངས་ཏེ། །པདྨའི་ལྟེ་བར་སེང་ལྡེང་སྒྲོལ། །འདབ་མར་སྒྲོལ་མ་གཞན་རྣམས་བཞུགས། །དེ་ལ་ཡན་ལག་བདུན་མ་འབུལ། །བདག་དང་སེམས་ཅན་ཐམས་ཅད་དང་། །ཁྱད་པར་རང་དང་བསྲུང་བྱ་རྣམས། །སྒོ་གསུམ་གུས་པས་ཕྱག་འཚལ་བསྒོམ། །ཕྱག་འཚལ་ཉེར་གཅིག་ཚར་གསུམ་མམ། །བདུན་ནམ་ཉེར་གཅིག་ཚར་གཅིག་སོགས། །དལ་ཁོམ་བསྟན་ལ་འདོན་བྱ་ཞིང་། །དེ་ཡི་ཕན་ཡོན་རྣམ་སྣང་གིས། །གསུངས་པའི་དོན་ཡང་དྲན་བྱ་ཞིང་། །ལྷ་མོ་ལ་གུས་ལ་སོགས་བརྗོད། །མཐར་ནི་སྒྲོལ་མ་གཙོ་འཁོར་རྣམས། །རང་དང་བསྲུང་བྱ་རྣམས་ལ་བསྟིམ། །དེ་ནས་རང་གི་སེམས་ལ་བལྟ། །བལྟས་པས་མི་


CMR033_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་དངོས་པོ་མེད། །སྟོང་པ་ཉིད་ཅེས་དེ་ལ་བརྗོད། །རང་གི་སེམས་ལ་གསལ་ན་ཡང་། །ངག་ཏུ་དེ་དོན་བརྗོད་མི་ཤེས། །སྨྲ་བསམ་བརྗོད་མེད་ཅེས་བྱའོ། །དེ་ཤེས་ཤེས་བྱ་ཀུན་གྱི་རབ། །ཤེས་རབ་ཕ་རོལ་ཕྱིན་མ་ཟེར། །རྒྱལ་ཡུམ་སྒྲོལ་མའང་དེ་ཡིན་ནོ།། ༈ མདུན་གྱི་ནམ་མཁར་པད་ཟླའི་སྟེང་། །སྒྲོལ་མ་དཀར་མོ་གཞུང་ལྟར་བསྐྱེད། །རང་དང་བསྲུང་བྱ་ཡོན་བདག་དང་། །ནད་པ་ལ་སོགས་ཐམས་ཅད་ཀྱི། །ཐད་ཀྱི་ནམ་མཁར་རེ་རེ་བསྒོམ། །སྒྲོལ་དཀར་བསྟོད་པ་འདོན་བྱ་ཞིང་། །ཕྱག་གཡས་མཆོག་སྦྱིན་མཐིལ་ནས་ནི། །བདུད་རྩི་འོ་རྒྱུན་ལྟ་བུར་བབས། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་བར་ཆད་དག །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི། །ངོ་བོ་བདུད་རྩིས་ལུས་གང་བསྒོམ། །མཐར་ནི་སྒྲོལ་མ་རང་ལ་བསྟིམ། །བསྲུང་བྱ་རྣམས་ལ་སོ་སོར་བསྟིམ། །བར་ཆད་ཞི་ཞིང་བཀྲ་ཤིས་པ། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །རང་སེམས་སྐྱེ་འཆི་བསྒྲེས་རྒུད་མེད། །དེ་ཡི་དོན་ལ་མཉམ་བཞག་ན། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དཔལ་དང་བསོད་ནམས་ཐམས་ཅད་འཕེལ། །འདི་ནི་རྒྱུན་དུ་ཉམས་སུ་ལོངས། །


CMR033_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༈ ས་ཕྱོགས་དག་པའི་ཞིང་ཁམས་དབུས། །སེང་ཁྲི་པདྨ་ཉི་ཟླ་བསྒོམ། །སྤྱན་འདྲེན་གཞུང་གི་ཚིག་བརྗོད་པས། །ཐུབ་དབང་གནས་བརྟན་འཁོར་དང་བཅས། །བྱོན་ཏེ་གཙོ་འཁོར་འཚམས་པར་བཞུགས། །དེ་མདུན་རང་གི་ལུས་གཅིག་ལ། །ཞིང་རྡུལ་གྲངས་རྙེད་ལུས་སྤྲུལ་ནས། །འཁོར་བཅས་སོ་སོར་ཕྱག་འཚལ་བསྒོམ། །ཐུབ་པ་གནས་བརྟན་འཁོར་བཅས་ལས། །འོད་ཟེར་སྣ་ཚོགས་འཇིག་རྟེན་གང་། །ཐུབ་པ་མཆོག་དང་ཁྱད་པར་དུ། །ཀཾ་ཚང་བསྟན་པ་རྒྱས་པར་བྱས། །དེ་བསྒོམ་མུ་ནེ་ཕྲེང་སྐོར་འདོན། །མཐར་ནི་འཁོར་ཚོགས་གཙོ་ལ་ཐིམ། །གཙོ་བོ་རང་ལ་ཐིམ་པའམ། །ཡང་ན་རྟེན་ལ་ཐིམ་པར་བསྒོམ། །།དེ་ནས་ལྟ་བའི་ངང་ལ་བཞག །ལྟ་བ་འདོད་ལུགས་མང་ན་ཡང་། །སེམས་ཀྱིས་སེམས་ལ་ལྟ་བ་དེ། །དྭགས་བརྒྱུད་ལུགས་ཀྱི་ལྟ་བ་ཡིན། །འདུལ་བའི་ཞི་གནས་གསོ་སྦྱོང་ཡང་། །དེ་ཉིད་ལ་ནི་འདུས་པ་སྟེ། །ཉེས་ལྟུང་ཕྲ་མོ་ཐམས་ཅད་དག །རང་ཉིད་ཆོས་མགོ་ཐོན་པ་དང་། །རྒྱལ་བའི་བསྟན་པའི་རིམ་གྲོར་འགྱུར། །དེ་ཕྱིར་ཆོས་སྡེ་ཐམས་ཅད་དུ། །འདི་ལ་འཚོགས་འདོན་བྱེད་པ་ཡིན།། ༈ མཆོད་པ་


CMR033_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ཚེ་མདུན་གྱི་མཁར། །རྒྱལ་བའི་དབང་པོ་རབ་བཅུ་དང་། །ཞྭ་དམར་རབ་དྲུག་ལ་སོགས་བསྒོམ། །ཇ་དེ་བདུད་རྩིའི་རྒྱ་མཚོ་ལ། །རང་ལས་སྤྲུལ་པའི་མཆོད་པའི་་ཚོགས། །ལྷ་མོ་དཔག་ཏུ་མེད་པ་ཡིས། །ཡེ་ཤེས་ཀ་པཱ་ལ་ཐོགས་ཏེ། །བདུད་རྩི་བཅུས་ཤིང་མཆོད་པར་དམིགས། །དྲུག་སེང་གར་དབང་མ་སོགས་འདོན། །དེ་ནི་ཕྱི་ཡི་ཇ་མཆོད་ཡིན། །རང་ཉིད་ཕག་མོར་བསྒོམ་པ་ནི། །སྙིང་ཁར་སངས་རྒྱས་ཀུན་འདུས་པ། །ཀརྨ་པ་ཉིད་གསལ་བར་བསྒོམ། །ཞལ་བུ་ཡེ་ཤེས་ཀ་པཱ་ལར། །ཇ་ནི་ཟག་མེད་བདུད་རྩི་མཚོ། །ལག་པ་དགང་གཟར་བླུགས་གཟར་ཚུལ། །ཁ་ནི་མེ་ཐབ་ལྕེ་མེ་ལྕེ། །མེ་ལྷ་རྒྱལ་བ་མཆོག་ཉིད་ལ། །སྦྱིན་སྲེག་འབུལ་བའི་དམིགས་པར་བཅས། །ངེས་འབྱུང་ལ་སོགས་ཇ་མཆོད་འདོན། །དམིགས་པ་བསྒོམ་ཞིང་འཐུང་བ་སྟེ། །ཟས་གཞན་ཟ་དུས་དེ་ལྟར་བསྒོམ། །ཅི་ཟ་ཅི་འཐུང་བསོད་ནམས་འཕེལ། །དང་པོ་དམིགས་པ་ཐུན་གཅིག་བསྒོམ། །དེ་ནས་སེམས་ངོ་སྐྱོང་བཞིན་དུ། །ཟ་འཐུང་གང་དང་གང་བྱས་པ། །ཟ་འཐུང་ཚོགས་ཀྱི་འཁོར་ལོ་ཡིན།། ༈ མར་པ་མི་ལ་དྭགས་པོ་དང་། །ཇོ་བོ་རྔོག་ལོ་


CMR033_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པ་དང་། །ཡབ་སྲས་ན་རིམ་སོ་སོ་ཡི། །བསྟོད་པ་འདོན་པ་དེ་ཡི་ཚེ། །རང་ཉིད་ཕག་མོར་གསལ་བ་ཡི། །སྤྱི་བོར་གང་ཡིན་བླ་མ་བསྒོམ། །ཡེ་ཤེས་དམ་ཚིག་དབྱེར་མེད་པ། །དྲན་པ་ཙམ་གྱིས་རྫོགས་པ་སྟེ། །སྤྱན་འདྲེན་ལ་སོགས་མི་དགོས་སོ། །དེ་ནས་སོ་སོར་གསོལ་འདེབས་བྱ། །མཐར་ནི་བླ་མ་རང་ལ་བསྟིམ། །ཉམས་རྟོགས་སྐྱེ་དང་འཕེལ་བའི་ཐབས། །འདི་ལས་ཟབ་པ་ཡོད་མ་ཡིན།། ༈ དེ་བཞིན་སྤྱི་གཙུག་ནམ་མཁའ་ལ། །བཀའ་བཞི་བརྒྱུད་པའི་བླ་མ་སོགས། །རྩ་བརྒྱུད་བླ་མ་ཐམས་ཅད་ནི། །ཁྲོམ་ཚོགས་ལྟ་བུར་བསྒོམ་པ་ཡི། །གཙོ་བོ་ཡབ་སྲས་གང་མོས་བསྒོམ། །བཀའ་བཞི་བརྒྱུད་པའི་གསོལ་འདེབས་འདོན། །མཐར་ནི་བླ་མ་རང་ལ་བསྟིམ། ༈ །རང་ཉིད་ཕག་མོའི་དབུ་གཙུག་ན། །རྒྱལ་དབང་བཅུ་པ་གསལ་བར་བསྐྱེད། །དེ་ཡི་དབུ་གཙུག་ནམ་མཁའ་ལ། །ཟུང་འཇུག་བརྒྱུད་པའི་བླ་མའམ། །ཕྱག་ཆེན་བརྒྱུད་པའི་བླ་མའམ། །ཆོས་དྲུག་བརྒྱུད་པའི་བླ་མའམ། །བློ་སྦྱོང་བརྒྱུད་པའི་བླ་མ་རྣམས། །གང་འདོད་ཐོ་བརྩེགས་ཚུལ་དུ་ནི། །མུ་ཏིག་སྟར་ལ་བརྒྱུས་ལྟར་བསྒོམ། །ཟུང་འཇུག་མ་དང་དངོས་


CMR033_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མ། །བདེ་སྟོང་མའམ་མཚུངས་མེད་མ། །སོ་སོར་བརྒྱུད་རིམ་གསོལ་འདེབས་བྱ། །མཐར་ནི་ཡས་རིམ་འོད་དུ་ཞུ། །ཐམས་ཅད་རྒྱལ་དབང་ཉིད་ལ་ཐིམ། །དེ་ཉིད་རང་ལ།ཐིམ་གྱུར་ནས། །དབང་དང་བྱིན་རླབས་དངོས་གྲུབ་རྣམས། །གཅིག་ཆར་ཉིད་དུ་ཐོབ་པར་བསྒོམ། །འདི་ནི་དམིགས་རིམ་བསྡུས་པ་ཡིན། །རྒྱས་པར་དབང་བཞི་ལེན་ལུགས་ཡང་། །རང་ཉིད་ཕག་མོའི་དབུ་གཙུག་ན། །རྒྱལ་དབང་རིམ་པ་བཅུ་པོ་ནི། །ཐོ་བརྩེགས་ཚུལ་དུ་བསྒོམས་བྱས་ལ། །མ་འོངས་སངས་རྒྱས་མ་འདོན་ཞིང་། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །རང་གི་ཚངས་བུག་ནས་ཞུགས་ཏེ། །ལུས་ཀྱི་གནས་བཞི་རིམ་པར་གང་། །སྒྲིབ་པ་བཞི་དག་དབང་བཞི་ཐོབ། །སྐུ་བཞི་མངོན་དུ་བྱེད་པར་བསྒོམ། །༈ རང་ཉིད་ཡི་དམ་སྤྱི་བོ་ནས། །ཞྭ་དམར་རབ་བདུན་ཐོ་བརྩེགས་བསྒོམ། །མཁའ་ཁྱབ་མ་སོགས་གསོལ་འདེབས་བྱ། །སྐུ་ལས་འོད་ཟེར་དཀར་དམར་མཐིང་། །ལྗང་སེར་བཞི་འཕྲོས་རང་ཉིད་ཀྱི། །སྤྱི་མགྲིན་སྙིང་ལྟེ་བཞིར་ཐིམ་པས། །སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ། །སྐུ་བཞི་ས་བོན་ཐོབ་པར་བསྒོམ། །མཐར་ནི་དེ་རྣམས་འོད་དུ་ཞུ། །ཇི་


CMR033_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆུ་ལ་ཆུ་བཞག་ལྟར། །རང་དང་དབྱེར་མེད་གཅིག་པར་བསྒོམ། །དེ་ལྟར་སྒོམ་མཁན་སེམས་ཡིན་པས། །སེམས་ལ་མ་ཡེངས་བལྟས་ཙ་ན། །བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་ཆོས་ཀྱི་དབྱིངས་སུ་གཅིག །བླ་མ་དང་ནི་སངས་རྒྱས་དང་། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །སེམས་ལས་གཞན་དུ་གྲུབ་པ་མེད། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཐབས། །བླ་མ་ཆོས་སྐུའི་མོས་གུས་ཏེ། །མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །དེ་ཕྱིར་ཆོས་སྤྱོད་རབ་གསལ་ལ། །གསོལ་འདེབས་མང་བ་དེ་ལྟར་རོ།། ༈ རང་ཉིད་ཐ་མལ་སྤྱི་གཙུག་ཏུ། །ཡབ་སྲས་ཐུབ་དབང་དབྱེར་མེད་པ། །རྒྱན་དྲུག་མཆོག་གཉིས་བསྐོར་བར་བསྒོམ། །ཚོགས་གཉིས་ཆུ་གཏེར་མ་འདོན་ཞིང་། །མཐར་ནི་རང་ལ་བསྟིམ་པ་ཡིས། །ཡོན་ཏན་འགོས་ཤིང་ཤེས་རབ་འཕེལ།། ༈ གུང་ཚིགས་བྱེད་པའི་ཚེ་ན་ཡང་། །དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས། །ཐམས་ཅད་ཡིད་ལ་དྲན་བྱ་ཞིང་། །ཐུབ་དབང་སངས་རྒྱས་མ་སྔ་ན། །འཁོར་ལོས་སྒྱུར་རྒྱལ་ལྔ་བརྒྱ་རུ། །སྐྱེ་རྒྱུ་བསོད་ནམས་ལུས་ཡོད་པ། །རབ་བྱུང་ཀུན་གྱི་འཚོ་བའི་ཕྱིར། །སྟོན་པས་


CMR033_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བར་མཛད་པའི་ཕྱིར། །མུ་ཏིག་བྲེ་ནི་རེ་རེ་ཡིས། །འབྲས་བྲེ་གང་ལས་མ་ཁུག་ཀྱང་། །རབ་བྱུང་འཚོ་བས་མི་ཕོངས་གསུངས། །དེ་སོགས་དྲིན་ལས་དྲན་བྱས་ལ། །དཀོན་མཆོག་རྗེས་དྲན་འདོན་བྱ་ཞིང་། །སྟོན་པ་ལ་སོགས་དཀོན་མཆོག་ལ། །སྔགས་དང་བཅས་པས་ཕུད་མཆོད་འབུལ། །འཕྲོག་མ་སོགས་ལ་ཆངས་བུ་ཡང་། །གུང་ཚིགས་དུས་སུ་མ་ཆག་ན། །ནོར་སྒྲུབ་མཆོག་ཏུ་འགྱུར་བ་ཡིན། །རྗེས་སུ་དཀོར་སྦྱོང་གཟུངས་དང་ནི། །བསྔོ་བ་གཞུང་ལྟར་བྱས་པས་ན། །རི་རབ་ཙམ་གྱི་དཀོར་ཡང་འཇུ། ༈ མདོ་སྒྲུབ་དམིགས་པ་གྲངས་མང་ཡང་། །རང་ཉིད་ཤཱཀྱ་ཐུབ་པ་ལ། །དགྲ་བཅོམ་ལྔ་བརྒྱས་བསྐོར་བར་བསྒོམ། །ཐུགས་ཀར་ཟླ་སྟེང་བོ་ཡིག་ལ། །ཤེར་སྙིང་མདོ་དང་སྙིང་པོས་བསྐོར། །དེ་ལས་འོད་འཕྲོས་སྣོད་བཅུད་ཀུན། །སྒྱུ་མ་རྨི་ལམ་ལྟ་བུར་གྱུར། །དེ་ནས་རང་སེམས་ངོ་བོར་བལྟ། །ཟབ་དོན་ཡིད་ལ་བསམ་པ་ཡིན། །ཐལ་མོ་རྡེབ་པའི་དུས་དེ་ལ། །དགྲ་བཅོམ་ལྔ་བརྒྱ་ཐམས་ཅད་ཀྱིས། །སྣམ་སྦྱར་ཕྱོགས་གཅིག་ཏུ་བརྡབས་པས། །བར་ཆད་བགེགས་ཀུན་བཟློག་པར་བསྒོམ།། ༈ རང་ཉིད་སེང་གདོང་ལྷ་མོ་བསྒོམ། །ཕྱག་


CMR033_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉི་མ་ཟླ་བ་བསྣམས། །དེ་གཉིས་བརྡབས་པས་གནོད་བྱེད་རྣམས། །ཐལ་བ་རྡུལ་དུ་བརླག་པར་བསྒོམ།། ༈་རང་ཉིད་ཕག་མོའི་སྤྱི་གཙུག་ན། །རྩ་བའི་བླ་མ་སི་ཏུ་པ། །ཚེ་དཔག་མེད་པའི་སྐུ་རུ་བསྒོམ། །དེ་ཡི་དབུ་གཙུག་བཀའ་བརྒྱུད་རྣམས། །ཕྱག་རྣམས་གཡས་པས་སྐྱབས་སྦྱིན་དང་། །གཡོན་པས་ཚེ་ཡི་བུམ་པ་འཛིན། །ཚེ་བུམ་བདུད་རྩིའི་རྒྱུན་བབས་པས། །ཚངས་བུག་ནས་ཞུགས་ལུས་གང་བསྒོམ། །མཐར་ནི་ཐམས་ཅད་སི་ཏུར་ཐིམ། །དེ་ཉིད་འོད་ཞུ་རང་ཐིམ་བསྒོམ། །ནད་པ་ལ་སོགས་དོན་ཡིན་ན། །དེ་ཡི་སྤྱི་བོར་དེ་ལྟར་བསྒོམ། །བདུད་རྩི་བབས་དང་བསྟིམ་སོགས་བྱ། །ཐམས་ཅད་སྐྱབས་འཇུག་མཆོག་ཏུ་འགྱུར། །མཐར་ནི་སྐྱེ་འཆི་མེད་པའི་དོན། །རང་སེམས་ངོ་བོ་རྗེན་པར་སྐྱོང་། །སྨོན་ལམ་རིགས་ནི་གང་འདོན་ཀྱང་། །རིག་པ་གཞན་དུ་མ་ཡེངས་པར། །དེ་དང་དེ་ལྟར་འགྱུར་བར་ཤོག །སྙམ་དུ་འདུན་པ་རྩེ་གཅིག་བྱ། །དེ་ལྟར་ཆོས་སྤྱོད་ཧྲག་བསྡུས་ཀྱི། །དམིགས་རིམ་མདོར་བསྡུས་བྲིས་པ་ཡིན། །རྒྱས་པར་བྱས་ན་མཐའ་ཡས་ཏེ། །དམ་ཆོས་ཀུན་གྱི་གནད་འགག་རྣམས། །ཆོས་སྤྱོད་རབ་གསལ་འདི་ལ་


CMR033_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་། །དེ་ཕྱིར་དགེ་འདུན་ཐམས་ཅད་ཀྱིས། །ཉམས་ལེན་གཙོ་བོ་འདི་ལ་མཛོད། །འཕྲལ་དུ་ཡིད་ལ་གང་ཤར་ཙམ། །དབོན་པོ་ཀརྨ་འགྲོ་དོན་གྱི། །ཐུགས་ལ་ཕན་པར་བྱ་བའི་ཕྱིར། །དགེ་སློང་རཱ་ག་ཨ་སྱས་བྲིས། །བློ་གསལ་ཉམས་ལེན་འདོད་པ་ཡི། །གཉོམ་ཆུང་གཞན་ལ་ཕན་པར་ཤོག །ཅེས་པ་མེ་སྤྲེལ་ཁྲུམས་ཟླ་ཡི། །བཅོ་བརྒྱད་ཉིན་པར་བྲིས་པ་དགེ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆོས་སྤྱོད་རབ་གསལ་གྱི་དམིགས་རིམ་མདོར་བསྡུས།next