Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གསང་སྔགས་གསར་རྙིང་སྤྱི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་སྔགས་གསར་རྙིང་སྤྱི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས།next

གསང་སྔགས་གསར་རྙིང་སྤྱི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས།


CMR033_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གསར་རྙིང་སྤྱི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས་བཞུགས་སོ། །


CMR033_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨ་ནནྟ་བི་ཛ་ཡེ། བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ། དེ་གསུམ་ལ་རྩ་བ་གསུམ་ཟེར། དེ་དག་གི་བདག་མདུན་བུམ་སོགས་ཆོ་ག་ཆ་ཚང་མ་རེ་ལ་གསར་མ་རྣམས་ཀྱིས་ཆོ་ག་ཟེར། རྙིང་མ་རྣམས་ཀྱིས་ལས་བྱང་ཟེར། ཆོས་སྐྱོང་གི་མངོན་རྟོགས་ཚང་མ་རེ་ལ། གསར་མ་བས་གཏོར་ཆོག་ཟེར། རྙིང་མ་བས་གཏོར་བསྔོས་ཟེར། དེའི་འདོན་ལུགས་རྒྱ་གར་གྱི་ལུགས་དང་། བོད་དུ་གྲྭ་ས་ཆེན་པོའི་ལུགས་དང་། ཡི་དམ་གང་ཡིན་ཞིག་གི་ཆོ་ག་དང་། དེ་དང་འབྲེལ་བའི་ཆོས་སྐྱོང་གཅིག་གི་ཆོ་ག་ཚང་


CMR033_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མ་མ་གཏོགས་འདོན་སྲོལ་མེད། དེ་ཡི་རྗེས་ཆོག་མ་ཚར་གྱི་བར་དུ་གཞན་མི་བསྲེ་བ་ཡིན། ལྷ་གཅིག་གི་བསྙེན་སྒྲུབ་དུས་ཀྱང་དེ་དང་འདྲ། ཐུན་མཚམས་སུ་གཞན་ཐུགས་དམ་རྣམས་ཀྱང་བྱ་བ་ཡིན་ནོ། ༈ །སྐུ་རིམ་བསྐང་གསོ་ལ་སོགས་ལ་དང་པོ་རྩ་བའི་ཡི་དམ་ཞིག་ལ་ཁོག་ཕུབ། དེ་ནས་ཡི་དམ་ཆོས་སྐྱོང་མང་པོ་འདོན་པ་ཡིན་ཏེ། དེ་ནས་ཨུ་རྒྱན་རིན་པོ་ཆེའི་ཞལ་ནས། རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ། །རྒྱལ་བ་ཀུན་གྱི་ལས་གཞུང་བསྲངས། །བདེ་གཤེགས་གཅིག་སྒྲུབ་དེ་ཡི་ངང་། །ཞེས་གསུངས་པའི་དོན་ཏེ། འདི་ལ་འདོན་ལུགས་གཉིས་ལས།


CMR033_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་སྐད་ཅིག་གིས་གནས་གྱུར་ནས་བསྒོམ་ཞིང་། མདུན་བསྐྱེད་རྣམས་གྲལ་རིམ་དུ་བསྒོམ་པ་དེ་ནི་བསྐྱེད་རིམ་མ་འབྱོངས་བའི་དབང་དུ་ཡིན་ལ། བསྐྱེད་རིམ་འབྱོངས་ན། བདག་བསྐྱེད་མང་པོ་མདུན་བསྐྱེད་མང་པོ་བསྒོམ་ཆོག་པ་སྟེ། དེ་ཡང་རྒྱུན་ཁྱེར་ལ་བདག་བསྐྱེད་གཙོ་ཆེ། །བདག་བསྐྱེད་ཀྱི་སྲུང་འཁོར་ནང་དུ་མདུན་བསྐྱེད་ཚུད་པར་བསྒོམ། སྒྲུབ་པའི་དུས་མདུན་དུ་དཀྱིལ་འཁོར་ཡོད་ན་མདུན་བསྐྱེད་ཀྱི་སྲུང་འཁོར་ནང་དུ་བདག་བསྐྱེད་ཚུད་པར་བསྒོམ། དེ་ཡང་བདག་བསྐྱེད་གཙོ་ཆེ་དུས། བདག་བསྐྱེད་དཀྱིལ་འཁོར་ཤར་ངོས་ཀྱི་ཕྱི༔ དུར་ཁྲོད་དང་པད་རའི་ནང་གི་བར་དེར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་དང་ཆོས་སྐྱོང་རྣམས་བསྒོམ། རྩ་བའི་ཡི་དམ་བདག་བསྐྱེད་ཡིན་ཚུགས་ལ་བདག་བསྐྱེད་མི་བསྡུ་བར་གཙོ་བོའི་དཀྱིལ་འཁོར་ནུབ་ངོས་ཀྱི་ཕྱི། དུར་ཁྲོད་པད་རའི་ནང་དེར་བདག་བསྐྱེད་མང་པོ་རྣམས་འཕྲེང་བྱས་ལ་བསྒོམ། དེ་རྣམས་ཀྱི་རྡོ་ར་དང་མེ་རི་ནི་ལྕགས་རི་ལྟ་བུ་སྟེ་ཧད་པོ་ཡིན། །རྩ་བའི་དཀྱིལ་འཁོར་གྱི་ཕྱིའི་རྡོ་ར་དང་མེ་རི་ནི་སྒོ་ང་ལྟ་བུ་སྲུབ་མེད་པ་ཡངས་ཤིང་རྒྱ་ཆེ་བར། འོག་རྡོ་རྗེའི་ས་གཞི་ནི་རྡོ་རྗེ་ཕ་ལམ་ལས་གྲུབ་པ་ཞ་ལ་ལྟ་བུ་འཇམ་པ། རྡོ་རྗེ་ནི་རི་མོ་བྲིས་


CMR033_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུར་འབུར་དུ་དོད་པ། རྡོ་རྗེའི་ར་བ་ནི་དགོན་པའི་ལྕགས་རི་ལྟ་བུ། རྡོ་རྗེའི་གུར་ནི་ལྕགས་རིའི་ནང་དུ་གུར་ཕུབ་པ་ལྟ་བུ། རྡོ་རྗེའི་དྲྭ་བ་ནི་གུར་གྱི་ནང་དུ་སོག་གུར་གྱི་རྩིབ་མ་ལྟ་བུའོ། །རྡོ་རྗེའི་བླ་བྲེ་ནི་གུར་གྱི་ནང་དུ་བླ་བྲེ་བྲིས་པ་ལྟ་བུ། ཡང་མདུན་བསྐྱེད་གཙོ་ཆེ་དུས། མདུན་བསྐྱེད་ཀྱི་ཤར་སྒོའི་ཕྱི། དུར་ཁྲོད་དང་པད་རའི་ནང་དེར་བ། བདག་བསྐྱེད་རྣམས་ཕྲེང་དུ་བསྒོམ་མོ། །མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ནུབ་ངོས་ཀྱི་ཕྱི། དུར་ཁྲོད་དང་པད་རའི་ནང་དེར་མདུན་བསྐྱེད་རྣམས་ཕྲེང་དུ་བསྒོམ། དེ་གཉིས་གང་བྱེད་ཀྱང་བདག་མདུན་གྱི་རྩིག་པ་དང་སོ་ཕག་གི་སྟེང་། མདའ་ཡབ་འོག །དྲྭ་བ་དང་དྲ་ཕྱེད་ཀྱི་བར་དེ་སྟོང་པ་ཡིན་པས། དེ་ཡི་བར་དེར་བདག་མདུན་ཞལ་ཐད་ཀའོ། །དེ་ནས་བདག་མདུན་བར་ན་འོད་ཟེར་སྤྲོ་བསྡུ་བྱེད་པ་ཡིན་ནོ། །དེ་དག་གང་ལས་བཤད་ཅེ་ན། ཐུགས་སྒྲུབ་སོགས་ཨུ་རྒྱན་གྱི་གསུང་རྣམས་ལས། ཕྱི་རོལ་བར་ཁྱམས་ཁོར་ཡུག་ལ། །བདག་སྐྱོབ་ལྷ་དང་རིག་འཛིན་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་བྱེད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་དཀྱིལ་འཁོར་མང་པོ་


CMR033_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོར་མགྲོན་མང་པོའི་གཞུང་རྣམས་དུས་གཅིག་ཏུ་བཏོན་ནས། གཏོར་བསྔོས་བསྐང་བ་གསོལ་ཁ་རྣམས་དུས་གཅིག་བྱེད་ན། རྩ་བའི་ཡི་དམ་གྱི་ཚོགས་བྱས་ན་དེ་ཐམས་ཅད་ཀྱི་ཚོགས་བྱས་པར་འགྱུར་རོ། །དེ་ནས་གཏོར་འབུལ་གཅིག་ལ་བཀུག་གཞུག་བྱས་ནས་ཆོས་སྐྱོང་ཐ་དག་ལ་གཏོར་འབུལ་བྱེད་དུ་རུང་ངོ། །འདི་བླ་མེད་ཀྱི་ལུགས་ཡིན། རྗེས་ཆོག་ནི་མཚམས་གྲོལ་ཁའམ་ཐོན་དུས་བར་མི་བྱའོ། །གལ་ཏེ་བྱས་ན་རུང་སྟེ་གཤེགས་གསོལ་མི་བྱའོ། །ཀུན་རིག་མན་ཆད་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་རྗེས་ཆོག་གཤེགས་གསོལ་ཞག་རེ་བཞིན་མི་བྱེད་མི་རུང་ངོ། །མ་བྱས་ན་ལྷ་བཙོན་དུ་བཟུང་བའི་ཉེས་པ་འབྱུང་། རྙིང་མ་དང་བླ་མེད་ཀྱི་ལུགས་ལ་མདུན་བསྐྱེད་བུམ་བསྐྱེད་རྣམས་རྟེན་ཡོད་ན་སྐུ་གཟུགས་ལ་བསྟིམ་མམ། མེད་ན་གཤེགས་གསོལ་བྱ། བླ་མེད་ལ་སྒྲུབ་པ་དུས་མ་གྲོལ་བར་མདུན་བུམ་གྱི་ལྷ་མི་བསྡུ། གཉིས་ཀ་བདག་བསྐྱེད་སྟོང་པར་བསྡུ་དགོས། མ་བསྡུས་ན་རྟག་པའི་མཐར་གོལ་ཞེས་གསར་མ་བ་རྣམས་ཀྱིས་ཟེར། འོན་ཀྱང་རྙིང་མའི་ལུགས་ལ་སྒྲུབ་པ་མ་གྲོལ་བར་བདག་མདུན་བུམ་པའི་བསྐྱེད་རིམ་མི་བསྡུ་བར་ཐུན་སོ་སོར་མངོན་རྟོགས་འདོན་དུས་གསལ་


CMR033_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཞིག་བྱའོ། །དེའང་སེམས་ངོ་ལེགས་པོ་མེད་པའི་ལས་དང་པོའི་དབང་དུ་ཡིན་ལ། ཉམས་ལེན་བཟང་ན་དྲན་རྫོགས་སུ་འཇའ་ཤར་བ་ལྟར་བསྒོམ་མོ། །དེ་ལ་བདག་བསྐྱེད་མ་བསྡུས་པར་ཉལ་ཡང་སྐྱོན་མེད་དོ། །ཕྱིར་ལྡོག་དང་དབང་བྱེད་པའི་སྐབས་སུ། བདག་བསྐྱེད་གཙོ་བོའི་ཐུགས་ཀ་ནས་རང་ཉིད་གཙོ་བོ་སྐུ་རྐྱང་པ་ཞིག་ཐོན། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷོར་སྒོའི་འགྲམ་དུ་འདུག་ནས་ཚེ་འདས་བཀུག་པ་ལ་དབང་དང་ཕྱིར་ལྡོག་བྱེད་པར་བསམས་ལ་གཡས་བསྐོར་དུ་ཚེ་འདས་ཁྲིད་ནས་ཤར་སྒོའི་དྲུང་གཡོན་ཟུར་དུ་སེང་གེའི་ཁྲི་སྟེང་དུ་རང་ཉིད་འདུག །ཤར་སྒོའི་གཡས་ཟུར་དུ་རྣམ་རྒྱལ་བུམ་པ་ཡོད། མདུན་དུ་ཚེ་འདས་སམ་སློབ་མ་རྣམས་བསྒོམས་ནས་དབང་བསྐུར་བ་ཡིན། དེ་ཡང་རང་གིས་མདུན་བསྐྱེད་ལ་ཞུ་བའི་ངོ་ཆེན་ལྟ་བུ་ཡིན། བུམ་པ་དབང་རྫ་ས་རྣམས་ཀྱང་མདུན་གྱི་ཡུམ་བཞིའི་སྤྲུལ་པས་བཞུགས་པར་བསྒོམ། རྡོ་རྗེ་སློབ་དཔོན་གྱིས་དབང་གི་རྫས་རྣམས་རང་གིས་བཞག་པ་ཡིན། བྱང་བུ་དུས་རྣམ་ཤེས་སྤར་ནས་ཕུང་པོ་དང་སྡིག་སྒྲིབ་བསྲེགས་པར་བསྒོམ་པའི་ལུགས་གཅིག་དང་། རྣམ་ཤེས་མི་སྤར་ནས་ཡེ་ཤེས་ཀྱི་མེ་དཔུང་གིས་ཕུང་པོ་དང་སྡིག་


CMR033_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བསྲེགས་ནས་རྣམ་ཤེས་ལྷ་ཡི་སྐུའམ་ཡིག་འབྲུ་བྱས་ནས་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོད་ནས། རང་གི་ཤངས་བུག་ནས་རླུང་དྲག་པོ་བུས་ནས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཚེ་འདས་འཁོད་པ་དེ་ལ་ཕོག་པས། མདའ་འཕང་བ་ལྟར་བདེ་བ་ཅན་སོགས་ཞིང་ཁམས་སུ་སོང་བར་བསྒོམ་པའི་དམིགས་པ་ནི། ཀུན་རིག་དང་མི་འཁྲུགས་པ་སོགས་རྒྱུད་སྡེ་ཕྱི་མའི་ལུགས། བདག་བསྐྱེད་ཞི་ཁྲོ་སོགས་བྱང་བུ་དཀྱིལ་འཁོར་གྱི་དབུས་སུ་ལམ་བསྟན་པས་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཚེ་འདས་ཞུགས་ནས། གཙོ་བོའི་བྱང་སེམས་ཀྱི་ངོ་བོར་ཞུ། །ཡུམ་གྱི་བྷ་གར་བབས་པས། རྡོ་རྗེ་སེམས་དཔའ་སོགས་ལྷ་ཡི་སྐུ་ཆུང་ངུ་ཞིག་ཏུ་གྱུར་ནས། ཡུམ་གྱི་རྩིབ་ལོགས་གཡོན་གྱི་གོ་བར་ནས་ཕྱུང་སྟེ་མདུན་གྱི་བར་སྣང་ལ་འཁོད་པར་བསྒོམ། རང་རྟོགས་པོ་ཤིན་ཏུ་མཐོ་ན་བདག་བསྐྱེད་ཀྱི་ཞལ་དུ་ཞུགས་པ་སོགས་དེ་ལྟར་བསྒོམ་རྒྱུ་ཡིན། གང་ལྟར་བྱེད་ཀྱང་སྔོན་ལྟར་ཞིང་ཁམས་སུ་འཕེན་རྒྱུ་ཡིན། གསོན་ཤོག་སྤྲོས་བཅས་བྱེད་ན་ཚེ་འདས་དུས་དང་འདྲ་བ་ལ་མིང་བསྒྱུར་བ་ཡིན། དེ་ལ་ཟས་བསྔོ་དང་རྣམ་ཤེས་སྤྱིར་ཆོག་གཉིས་མི་བྱ། སྤྲོས་པ་འབྲིང་ཙམ་བྱེད་ན་ཟ་བྱེད་རྡོ་རྗེ་མཁའ་འགྲོ་གཞུང་


CMR033_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱའོ། །བསྡུས་པ་ནི་ཏིང་ངེ་འཛིན་ཁོ་ནས་བཞུ་ན་ཟ་བྱེད་རྡོ་རྗེ་མཁའ་འགྲོ་གཞུང་ལྟར་ཡིད་ཀྱིས་བསྒོམ། ཁོའི་ལྟེ་བ་ནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ཁོའི་རྣམ་སྨིན་གྱི་ལུས་སྡིག་སྒྲིབ་དང་བཅས་པ་བསྲེགས་ནས་ཟླ་བའི་གདན་ལ་ཡི་དམ་ལྷའི་སྐུ་མེ་དཔུང་གི་དབུས་ན་བཞུགས་པར་བསྒོམ་མོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་སོགས་སྐུ་མདོག་དཀར་པོ་ཆར་ལྟར་བབས་ནས་དེ་ལ་བསྟིམས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཛམ་ལྷ་ལ་སོགས་ཁ་དོག་སེར་པོ་སྤྱན་དྲངས་ནས་བསྟིམས་པས་དེའི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བསམ། ཕག་མོ་སོགས་ཌཱ་ཀིའི་ཚོགས་ཁ་དོག་དམར་པོ་སྤྱན་དྲངས་ནས་བསྟིམས་པས་རླུང་སེམས་དབང་དུ་འདུས་པར་བསམ། ཧེ་རུ་ཀ་སོགས་དྲག་པོའི་ལྷ་ཁ་དོག་མཐིང་ཁ་སྤྱན་དྲངས་ནས་བསྟིམས་པས་བདུད་བཞི་དང་སྡིག་སྒྲིབ་ཐམས་ཅད་ཚར་བཅད་པར་བསྒོམ། དེ་ནས་དེ་ཡི་གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། རྡོ་རྗེའི་གོ་ཁྲབ་བཀོན་པར་བསམ་ཞིང་། ལོ་བརྒྱ་ཐུབ་ཅིང་སོགས་ཤིས་བརྗོད་བྱ་སྟེ། འདི་ནི་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་


CMR033_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནས་གསལ་བར་གསུངས་སོ། །སྦྱོང་རྒྱུད་གཙུག་ལག་དགུ་དང་གཞུང་གི་རྟོགས་པ་ལས། གསོན་ཤོག་དངོས་སུ་མ་གསུངས་ཀྱང་ཤུགས་ཀྱིས་བསྟན་ཏོ། ལྟ་བ་ལེགས་པར་རྟོགས་པའི་གང་ཟག་གིས་བདག་དང་སྦྱིན་བདག་དབྱེར་མེད་བསྲེས་ཏེ་གཏུམ་མོ་བསྒོམས་པས་གསོན་ཤོག་ཤིན་ཏུ་ཟབ་སྟེ། ཕ་རྒྱུད་གསང་བ་འདུས་པའི་རྒྱུད་ཀྱི་དོན་རྣམས་ནི་དོན་གྱིས་གསལ། །སྦྱིན་བདག་ལ་རིག་པ་གཏད་ནས་ཉམས་ལེན་གྱི་ངང་དུ་བཞག་ན། དོན་དམ་པའི་གསོན་ཤོག་གི་མཆོག་ཡིན་ཏེ། སྒྲིབ་སྦྱོང་ལ་དེ་བས་ལྷག་པ་མེད་པའི་ཕྱིར་རོ། །མ་ཎི་བཀའ་འབུམ་དང་ཡང་སྙིང་འདུས་པ་སོགས་ལ་རང་རོ་རང་གིས་སྲོག་ཅེས་པའི་དོན་ཡིན་ནོ། །དེས་ན་གསོན་ཤོག་མ་གསུངས་ཟེར་བ་ནི་ཐོས་པ་ཆུང་བའི་སྐྱོན་ཡིན་ནོ། །རྨི་ལམ་དུ་ཚེ་འདས་རྨིས་ཤིང་དེ་ལ་བརྐྱེན་ནས་མི་དགེ་བ་བྱུང་བ་ནི་ཚེ་འདས་ཀྱི་ཟ་འདྲེས་ཚེ་འདས་ཀྱི་གཟུགས་བཟུང་བ་ཡིན་ཏེ། དེ་གཤེད་འདུལ་ལམ་སྦྱོང་བ་ལ་དམིགས་པ་གཟབ་པར་བྱའོ། །རྨི་ལམ་དུ་ཚེ་འདས་བྱུང་བ་སོགས་ལོངས་སྤྱོད་འདུ་བ་ནི་ཚེ་འདས་ཀྱི་བླ་དེས་ཚེ་འདས་ཀྱི་གཟུགས་བཟུང་བོ་ཡིན་ཏེ། དེ་ལ་ཟས་བསྔོ་གཟབ་པས་མཚུན་བཅོས་ཀྱི་གོ་ཡང་ཆོད་ཅིང་གསོན་པོའི་སྐུ་རིམ་དུ་འགྱུར་


CMR033_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། ཤི་ནས་བདུན་གསུམ་ཚུན་ཆད་རྨི་ལམ་དུ་ཚེ་འདས་བྱུང་བ་ནི་ཚེ་འདས་རང་ཡིན་ཏེ། གོས་དཀར་པོ་གྱོན་པ་དང་། གཅེར་བུར་ཁྲིད་པ་དང་། །གྱེན་དུ་ཁྲིད་པ་དང་། འཇིགས་པའི་གནས་ལས་སྐྱོབ་པ་དང་། ཁོ་ལ་ཁྲུས་བྱས་པ་སོགས་རྨིས་ན་ཚེ་འདས་དྲངས་བའི་རྟགས་སུ་ཨུ་རྒྱན་གྱིས་གསུངས། གར་སྐྱེས་བརྟག་པ་ནི། འཇམ་དཔལ་དཔའ་བོ་གཅིག་གྲུབ་རྒྱུད་སོགས་གསར་རྙིང་དུ་མ་ནས་རྨི་ལམ་དུ་གར་སྐྱེས་བརྟག་པ་སོགས་བྱ་བར་གསུངས། དེ་ལ་གསལ་ཆ་བྱུང་ན་བསླུ་བ་མེད་པ་སྟེ། ཡི་དམ་ལྷ་ལ་མངོན་ཤེས་མངའ་བའི་ཕྱིར་རོ། །ཐུགས་རྗེ་ཆེན་པོའི་འོད་ཆོག་ནས་མེ་ཏོག་གར་བབ་ལ་བལྟས་ནས་སྐྱེ་གནས་བརྟག་པ་དང་། རྒྱ་ནག་རྩིས་གཞུང་ལས་སྨེ་བ་ལ་བལྟས་ནས་སྐྱེ་གནས་བརྟག་པ་དང་། བྱང་བུ་ཚིག་དཀའ་སླ་སོགས་ལ་བལྟས་ནས་སྐྱེ་གནས་བརྟག་པ་ནི་རྟེན་འབྲེལ་ཙམ་ཡིན་གྱི། ཀུན་རྫོབ་དགོངས་པ་ཅན་དོན་ལ་ངེས་པ་མེད་དོ། །ཁྱད་པར་མདོས་དང་བསྐང་ཟློབ་སོགས་ཀྱི་དུས་གཏོར་བསྔོས་རྣམས་ཕྱོགས་གཅིག་ཏུ་བྱེད་པའི་ཚེ། ལྷ་གྲངས་ཀྱི་གཏོར་མ་ཡོད་ན་ལྷ་སོ་སོའི་གཏོར་ཆོག་ལྟར་བྱིན་གྱིས་བརླབ། གཏོར་མ་གཅིག་གམ་འདས་མ་འདས་


CMR033_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཏོར་མ་གཉིས་ལས་མེད་ན། འཇིག་རྟེན་ལས་འདས་པའི་གཏོར་མ་བདུད་རྩི་ལྟར་བྱིན་གྱིས་བརླབ། ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསྒོམས་ལ། གཏོར་མ་དེ་དགོང་ནས་གཤེགས་རྒྱུ་ཡིན་ན། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་བདུད་རྩི་དྲང་ཞིང་གསོལ་བར་བསྒོམ། གཏོར་མ་དེ་མི་བཀྲོལ་བར་རྗེས་ནས་གསོས་ནས་འདོན་དགོས་ན། སྔོན་གྱི་ལྟར་བསྒོམས་ནས་འཁོར་གྱི་ལྷག་མ་ཕྱིར་ནངས་གཙོ་བོ་ལ་བསྔོ་མི་རུང་བས། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས་ཕྱག་ན་བྷནྡྷའི་སྐྱོགས་བསྣམས་ནས་བདུད་རྩིའི་རྒྱ་མཚོ་ནས་བཏུས་ཏེ། ལྷ་སོ་སོའི་མདུན་དུ་བཏེགས་པས་ལྷ་སོ་སོའི་ལྗགས་འོད་ཀྱི་སྦུ་གུས་གསོལ་བར་བསྒོམ་པ་ནི་ལག་ལེན་ཡིན་ནོ། །ཕྱི་རྒྱུད་པའི་གཏོར་མ་ནི་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་བསྒོམས་ནས་གོང་ལྟར་བསྔོའོ། །དེ་ལ་གཞི་བདག་གསང་སྔགས་ཀྱི་དབང་མ་ཐོབ་པ་ཕུགས་གཏོར་གྲར་བསྒྲིག་མི་རུང་། བདུད་རྩིས་བྲན་མི་རུང་། འོན་ཀྱང་གཞི་བདག་སོགས་འཇིག་རྟེན་པ་ཐམས་ཅད་ངོ་བོ་སོ་སོ་ལ་རྣམ་པ་ཡི་དམ་ལྷ་ཡི་སྐུར་བསྒོམ་པས། ཕུག་གཏོར་གྲལ་དུའང་བཞག་རུང་


CMR033_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་མཆོད་བདུད་རྩིས་ཀྱང་བྲན་རུང་ངོ། །དེ་ནས་ཆོས་སྐྱོང་རྣམས་ཀྱི་གསོལ་ཁ་བྱེད་ན། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། སྟེང་ལྷ། འོག་ཀླུ། བར་ལྷ་འདྲེ་མི་གསུམ། ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་བདུད་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་མཐུ་སྟོབས་གཟི་བརྗིད་ཐམས་ཅད་བསྡུས་ནས་ཆོས་སྐྱོང་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་ཆེར་འཕེལ་ནས་བཀྲག་མདངས་ཕུན་སུམ་ཚོགས་པར་བསྒོམ། དེ་ལྟར་དམིགས་པ་ལན་གསུམ་བྱས་པས་ལྷ་རྒུད་པ་དང་ཆོས་སྐྱོང་གི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད་དོ། །ཞེས་པ་ཨུ་རྒྱན་གྱི་གསུང་གི་མན་ངག་ལས་བྱུང་བའོ། །གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། བསྐང་བ་དང་མདོས་དང་མཎྜལ་རྣམས་དོན་གཅིག་པར་གསུངས་པ་ལྟར། །བསྐང་གཏོར་ཡོད་ན་དང་མེད་ན་ཕུགས་གཏོར་ལ་དམིགས་ནས། དེ་ལ་གླིང་བཞི་བྱེ་བ་ཕྲག་བརྒྱ་ལྷ་མིའི་ལོངས་སྤྱོད་ཀྱིས་གང་བ་དཔག་ཏུ་མེད་པ་ཡིད་ཀྱིས་སྤྲུལ་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་དང་འཇིག་རྟེན་གྱི་ཁམས་རྣམས་སུ་གདོད་མ་ནས་གྲུབ་པའི་མཆོད་པ་རྣམས་དང་། རང་ལ་དངོས་སུ་ཡོད་པའི་རྟ་ཕྱུགས་གོ་ཁྲབ་བྲན་གཡོག་སྒོ་ཁྱི་ཡན་ཆོད་བསྐང་རྫས་སུ་


CMR033_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་ཕུལ།། ཞི་ཁྲོའི་བསྐང་ཆོག་དུས། སྟོང་གསུམ་འདི་ཞེས་སོགས་དང་། རབ་འབྱམས་རྒྱ་མཚོ་མ་དང་། ཇི་སྙེད་སུ་དག་མ་རྣམས་དོན་གཅིག་པས་གོ་བར་སླ། ཀུན་གཞི་ཀློང་ཡངས་སོགས་བདུད་རྩི་འདོན་དུས་ནི་ཉམས་ལེན་སྐྱོང་ཞིང་འདོན་པས་འཐུས་ཏེ། བདུད་ཅེས་པ་ནི་རང་ངོ་རང་གིས་མ་རིག་པས་བདུད། དེ་འདུལ་བའི་གཉེན་པོའི་རྩི་ནི་རང་རིག་པའི་ཡེ་ཤེས་ཉམས་ལེན་ངོ་བོ་སྐྱོང་བ་དོན་དམ་པའི་བདུད་རྩི་ཡིན་ཚུལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དགོངས་པ་ཡིན། རཀྟ་དང་གཏོར་མ་མར་མེ་གསུམ་འདོན་པའི་ཚེ། རང་ངམ་ཚེ་འདས་སམ་ཡོན་བདག་གང་ཡིན་གྱི་རྣམ་སྨིན་གདོས་བཅས་ཀྱི་ལུས་ཀྱི་རྣམ་ཤེས་སྤར་ཏེ། རྣམ་ཤེས་དེ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས། ཕུང་པོ་དེ་ཉིད་རཀྟ་དང་གཏོར་མ་མར་མེ་དཔག་ཏུ་མེད་པར་སྤྲུལ་ནས་འབུལ་བ་ཡིན་ཏེ་གཅོད་དམིགས་དང་འདྲ། དེའི་དོན་བཀའ་བརྒྱད་བདེ་གཤེགས་འདུས་ཆེན་གྱི་ནང་དང་གསང་བའི་གཏོར་ཟློག་སྐབས་སུ་གསལ། མར་མེའི་སྨོན་ལམ་ནི། དཀྱིལ་འཁོར་གཅིག་གི་དྲུང་དུ་མར་མེ་གཅིག་ལ་ལྟ་ཞིང་སྨོན་ལམ་བཏབ་པས་འཁོར་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ཅིང་མདོ་ལུགས་ཀྱི་ས་བཅུ་ཅིག་ཆར་


CMR033_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བགྲོད་ནས། སླར་རྫོགས་ཆེན་ལུགས་ཀྱི་བཅུ་དང་ཉི་ཤུ་བགྲོད་དེ། དེ་རིང་ལ་མཆེད་ལྕམ་དང་སྦྱིན་བདག་ཚེ་འདས་སོགས་མི་འབྲལ་བར་ཀུན་ཏུ་བཟང་པོའི་གོ་འཕང་འཐོབ་སྟེ་གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་བའི་སྨོན་ལམ་ཡིན། ཕག་མོ། རྒྱལ་བ་རྒྱ་མཚོ། བདེ་མཆོག་སོགས་གསར་རྙིང་འདྲ་བར། བདག་བསྐྱེད་ཐུན་བཞིར་འདོན་ཞིང་། ཐུན་མཚམས་སུ་གཏོར་བསྔོས་བྱ་བ་ནི། བསྙེན་པ་དང་ཕྱི་སྒྲུབ་ཡིན། མདུན་དུ་དཀྱིལ་འཁོར་རྒྱས་པར་བཤམས་ནས། བདག་མདུན་གཉིས་ཐུན་བཞིར་འདོན་ཞིང་བདག་མདུན་བར་དུ་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་བྱ་བ་ནི་ནང་སྒྲུབ་ཡིན། བདག་མདུན་གཉིས་ཀའི་རྩ་གནས་ལ་ལྷ་བཀོད་ནས་སྔགས་ཕྲེང་བདག་མདུན་བར་དུ་འཁོར་བ་ནི་གསང་སྒྲུབ་ཡིན། །དཀྱིལ་འཁོར་མི་དགོས་པར་བདག་བསྐྱེད་རྐྱང་པ་ལུས་དཀྱིལ་བསྒོམས་ནས་འབྲུ་གསུམ་རྡོ་རྗེའི་བཟླས་པའམ། རླུང་བུམ་པ་ཅན་བསྒོམས་ནས་བཟའ་བཏུང་ནང་གི་མཆོད་པའི་གོ་བཅད་པ་ཡང་ནི་གསང་གི་སྒྲུབ་པ། སྟོང་ཉིད་ལྟ་བའི་རྩི་དང་མ་བྲལ་བར་མངོན་རྟོགས་ངག་ནས་འདོན་མི་དགོས་པར། དྲན་རྫོགས་སུ་འཇའ་ཤར་བ་ལྟར་བསྒོམས་ནས་སྔགས་བཟླ་བ་ནི་དེ་ཁོ་ན་


CMR033_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྒྲུབ་པའོ། །དེ་ཐམས་ཅད་བླ་མེད་ལུགས་ཡིན་གྱི། བྱ་སྤྱོད་རྣལ་འབྱོར་རྒྱུད་སོགས་ལ་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་བྱ་བ་མེད་དོ། །བླ་མེད་ལུགས་ལ་བསྙེན་སྒྲུབ་ཡན་ལག་བཞི་ནི། རང་གི་ཐུགས་ཀར་སྔགས་ཕྲེང་བཀོད་ཅིང་འཁོར་བ་བསྙེན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས་ཕྱོགས་བཅུའི་ཞིང་ཁམས་ནས་ལྷ་དེའི་སྐུ་དང་སྔགས་ཕྲེང་ཕྱག་༈ མཚན་སྤྱན་དྲངས་ནས་རང་ལ་བསྟིམ་པ་ནི་ཉེ་བར་བསྙེན་པ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གྱུར་ནས་ཀུན་གྱི་སྔགས་བཟླ་རོགས་བྱེད་པར་བསྒོམ་པ་ནི་སྒྲུབ་པ། འོད་ཟེར་དཀར་སེར་དམར་ལྗང་བཞི་སྤྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རླུང་སེམས་སྣང་བ་དབང་དུ་འདུས་པ་དང་། བདུད་བཞི་ཚར་བཅད་པར་བསྒོམ་པ་ནི་སྒྲུབ་པ་ཆེན་པོའོ། །དེ་དག་ནི་སྤྱི་མཐུན་ཕྱོགས་མགོ་ཙམ་ཡིན་ལ། ཞིབ་པར་བྱས་ན་ནི་མཐའ་ཡས་སོ། །གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་ལ། རང་ཡི་དམ་གང་འདོད་པ་གཅིག་བསྒོམས་ནས། དེའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། །


CMR033_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་ཡི་དམ་གང་ཡིན་གྱི་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ཆར་བཞིན་བབས་ནས་སིབ་སིབ་ཐིམ་པར་བསྒོམ་པ་ནི་བསྲེ་བ་རྣམ་གསུམ་གཅིག་ཆོག་མ་ཡིན་ནོ། །ཆོས་སྐྱོང་ཡེ་ཤེས་པ་ལ་བསྙེན་སྒྲུབ་ལས་གསུམ། བདག་ཡི་དམ་གྱི་མདུན་དུ་ཆོས་སྐྱོང་བསྒོམས་ལ་སྔགས་བཟླ། བདག་མདུན་བར་དུ་སྔགས་ཕྲེང་དང་འོད་ཟེར་འཁོར་བ་བསྙེན་པ། སྔགས་ཕྲེང་དེ་ཡང་སྔ་དྲོ་དཀར་པོ། ཉིན་ཕྱེད་སེར་པོ། དགོང་མོ་དམར་པོ། མཚན་མོ་ནག་པོ་སྟེ་ལས་བཞི་བསྒྲུབ་པར་བསྒོམ་པ་ནི་སྒྲུབ་པའོ། །དེ་ནས་དམིགས་ཡུལ་མེད་ན་དགྲ་བགེགས་སྤྱི་ལ་དམིགས་ནས་ལིང་ག་བསྒྲལ་ལས་དང་དྲག་པོའི་སྦྱིན་སྲེག་བྱ་བ་ལས་སྦྱོར་ཏེ། མགོན་པོའི་རིགས་ལ་བསྒྲུབས་ནས་ལས་སྦྱོར་ཅུང་ཞིག་མ་ཐོན་ན་ཚེ་ཐུང་བར་བཤད། །འཇིག་རྟེན་པའི་ཆོས་སྐྱོང་དྲག་པོའི་རིགས་ལ་འབོད་རྦད་བསད་གསུམ་སྟེ། མདུན་དུ་ཆོས་སྐྱོང་བསྒོམས་ནས་རང་ཡི་དམ་གྱི་བཀའ་བསྒོ་བའི་ཚུལ་དུ་སྔགས་བཟླས་པས་ཁོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁོ་རང་གང་དུ་གནས་པའི་ས་ནས་ཁོ་རང་འཁོར་དང་བཅས་པ་སྤྱན་དྲངས་ནས་ཁོ་ལ་ཐིམ་པར་བསྒོམ་པ་རྒྱུན་མ་ཆད་པ་ནི་འབོད་པའོ། །རྟགས་


CMR033_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས། རང་ཡི་དམ་ལྷའི་ཐུགས་ཀ་ནས་འོད་འཕྲོས་ཁོའི་ཐུགས་ཀར་ཕོག་པས་ཁོ་རབ་ཏུ་ཁྲོས་ནས་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པས། དགྲ་བགེགས་གང་ཡིན་པ་བཀུག་ནས་ཧོམ་ཁུང་ནང་དུ་ལིངྒ་ལ་ལིང་ལིང་བཀུག་པར་བསྒོམ་ཞིང་སྔགས་བཟླ་བ་ནི་ཆད་པའོ། །ཁུག་རྟགས་བྱུང་ནས་ཁོ་འཁོར་དང་བཅས་པ་རབ་ཏུ་ཁྲོས་ནས་མཚོན་ཆའི་ཆར་ཕབ་པས་ཤ་ཁྲག་དམར་ཉི་ལི་ལི་བཏང་བར་བསྒོམ་པ་ནི་བསད་པའོ། །བསད་སྔགས་བཟླ་ཞིང་རྟགས་བྱུང་ན་མཐའ་སྡུད་པ་ནི་ལིང་རོ་སྦྱིན་སྲེག་བྱ། གཏོར་མ་ཟོར་དུ་འཕང་། སྦྱིན་སྲེག་ཐལ་བ་དང་མཉམ་དུ་ལིང་རོ་གཅིག་མནན་པ་བྱ། དེ་ནི་མནན་བསྲེགས་འཕང་གསུམ་ཞེས་བྱའོ། །ཆོས་སྐྱོང་སྒྲུབ་དུས་ཐུན་མཚམས་བཞིའམ་དྲུག་ཏུ་དམར་གཏོར་རེ་རེ་འབུལ་དགོས་པ་ལ་ཐུན་གཏོར་ཟེར༔ སྐུ་རིམ་བསྐང་གསོའི་སྐབས་སུ་ནུབ་རེ་ལ་རེ་རེ་འབུལ་བ་འབུལ་གཏོར་ཟེར། དེ་གཉིས་གང་བྱེད་ཀྱང་དམིགས་པ་ནི། གཏོར་སྣོད་བྷན་གྲུ་གསུམ་གྱི་ནང་དུ་གཏོར་མ་དེ་ཉིད་དགྲ་བགེགས་དངོས་སུ་མགོ་བོ་ཐུར་དུ་བསྟན་པར་བསྒོམ། བཀུག་གཞུག་བྱས་པས་དགྲ་བགེགས་བཀུག་ནས་དེ་ལ་བསྟིམ། བདག་མདུན་གྱི་ཐུགས་ཀ་ནས་ཛཿཡིག་དམར་ནག་གཉིས་


CMR033_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་བཤང་ལམ་དང་སྣ་བུག་གཉིས་ནས་ཞུགས་ནས་སྙིང་ཁར་ཕྱིན་པས་ཟངས་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་སུ་གྱུར་ནས། སྟེང་ལྕགས་གཡས་བསྐོར༔ འོག་ཟངས་གཡོན་བསྐོར། དེ་གཉིས་ཇེ་ཆེར་སྐྱེས་པས་ཤ་ཁྲག་དམར་ཉོག་གེ་གཏུབས། རྣམ་ཤེས་ཨ་ཡིག་ཏུ་གྱུར་པ་བདེ་བ་ཅན་དུ་འོད་དཔག་མེད་སོགས་ཀྱི་ཐུགས་ཀར་བསྟིམ། ངོ་བོ་ཤ་ཁྲག་ལ་རྣམ་པ་བདུད་རྩིར་བསྒྱུར་ནས་ཕུལ་བས་འཇམ་པས་རིམ་གྲོའི་དུས་སུ་བྱའོ། །བདུད་རྩིར་མི་བསྒྱུར་བར་ཤ་ཁྲག་དངོས་དེ་ལ་ཕུལ་ན་ཕ་རོལ་དགྲ་ལ་རྟགས་མྱུར་དུ་འོང་བའི་མན་ངག་གོ །དེ་ལྟར་གཏོར་མ་ལྷས་གསོལ་བའི་ལྷག་མ་དེ་ཕྱིར་བསྐུར་བའི་དུས་སུ་ཕྱོགས་དེ་ངོས་ནས་ཆོས་སྐྱོང་དེ་ཞལ་ཚུར་གྱུས་ནས་ཡོད་པ་དེའི་ཞལ་དུ་ཕུལ་བས་མཉེས་ནས་གནོད་བྱེད་གདོན་བགེགས་ཐམས་ཅད་རང་དབང་མེད་པར་ཁྱེར་ཏེ་བསིལ་བའི་ཚལ་སོགས་རང་རང་སོ་སོའི་གནས་སུ་སོང་བར་བསྒོམ། དེ་ནི་གཏོར་འབུལ་གྱི་དམིགས་པ་དེ་རིམ་གྲོའི་དུས་སུ་བྱའོ། །ཡང་གཏོར་མ་དེ་ཉིད་ཆོས་སྐྱོང་གི་ཕྱག་གཡས་པའི་ཕྱག་མཚན་ལ་མེ་དཔུང་ཆེན་པོ་འབར་བ་དེ་གཟའ་རྒོད་རྒྱུག་པ་ལྟར་དམར་ཤ་ར་ར་སོང་། བྱད་མ་ལྷ་དང་


CMR033_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ་ཕོག་པས། རྩྭ་སྐྱའི་ཕུང་པོ་མེ་ལ་བསྲེགས་པ་བཞིན་གཞོབ་ཐུལ་ཐུལ་སོང་བར་བསམ་པ་ནི་ཟློག་པའི་དུས་སུ་བྱའོ། །ཡང་གཏོར་མ་དེ་ཉིད་མཚོན་ཆའི་ཕུང་པོ་མེ་འབར་བར་སྦྱོགས་འཕངས་པ་ལྟར་དགྲ་བོ་གང་དུ་གནས་པའི་སར་སོང་བས་གྲོག་ཚང་སེར་བས་བརྡུང་བ་ལྟར་བསྒོམ་པ་ནི་དགོས་པའི་དུས་སུ་བྱའོ། །དེ་རྣམས་ནི་གསར་རྙིང་སྤྱི་འཚམས་པ་ཡིན་ལ། ཕྱག་བཞི་པའི་ཐུན་མོང་མ་ཡིན་པ་ལས། གཏོར་སྣོད་བྷནྡྷ་གྲུ་གསུམ་གྱི་ནང་དུ་གཏོར་མ་གནམ་ལྕགས་ཀྱི་ཁ་ཊོ་མེ་འབར་བ་རྩ་བ་བྲག་རི་ལྟར་ཆེ་ཞིང་རྩེ་མོ་སྤུ་གྲི་ལྟར་རྣོ་བ་ལ་བཀུག་གཞུག་བྱས་པས་ལས་མཁན་རྣམས་ཀྱིས་དགྲ་བགེགས་རང་དབང་མེད་པར་སྐྱོགས་རྡོ་ལྟར་འཕང་བ་ཁ་ཊ་གི་རྩེར་བརྒྱབས་པས་ཤ་ཁྲག་དམར་ཆལ་གྱིས་སོང་། ཁ་ཊཾ་ཞུ་བ་ལས་བདུད་་རྩིའི་རང་བཞིན་དུ་གྱུར་པར་བསྒོམས་ལ་ཕུལ། དེ་ནས་གཏོར་མའི་ལྷག་མ་དེ་དགྲ་བོ་དངོས་ཀྱི་རོར་གྱུར་པས་ཡུམ་ཀཱ་ལི་ནག་མོ་གཡག་མིག་མ་མིག་སེར་ལ་སྐུ་སེ་འབའ་ལེ་བ་སྐེམ་ཞིང་རིད་པ་ཞིག་གིས་རོ་དྲུད་ནས་དགྲ་ཡུལ་དུ་སོང་བས། ཐེད་དྲུད་པའི་རྗེས་སུ་བྱ་ཁྱི་རྣམས་སོང་བ་ལྟར། ནག་པོ་སྟོང་སོགས་འཁོར་རྣམས་དགྲ་ཡུལ་དུ་སོང་བས། གཏོར་མ་རོར་གྱུར་པ་


CMR033_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕ་རོལ་པོ་དབྱེར་མེད་དུ་གྱུར་པ་དེ་ལ་འཁོར་རྣམས་ཀྱིས་ཧབ་ཐོབ་ཏུ་ཟ་བར་བསྒོམ་པ་ནི་ཟ་ལམ་དགྲ་ལ་བསྟན་པའི་མན་ངག་སྟེ་ཤིན་ཏུ་རྣོ་སྐད་དོ། །གཏོར་སྣོད་ཁ་ནང་དུ་བསྟན་ནས་ཁྱེར་འོང་བས་ལོངས་སྤྱོད་ལྷུན་གྲུབ་ཏུ་འབྱུང་བའི་རྟེན་འབྲེལ་ཡོད། གཏོར་སྣོད་སྒྲུབ་ལ་རི་རབ་གླིང་བཞི་དང་བཅས་པའི་ཞབས་སུ་དམ་སྲི་ཐམས་ཅད་མནན་པར་བསྒོམ༔ མདོས་དང་སྐུ་རིམ་སོགས་ལ་རྗེས་དེར་དགའ་སྟོན་གྱི་ཚོགས་འཁོར་བྱ། ཡོན་བདག་ཡིན་ན་ཚེ་དབང་བསྐུར། ཡང་ན་ཚེ་འགུགས་བྱ། བཀྲ་ཤིས་རྒྱས་པར་བརྗོད། །ཡིག་བརྒྱ་དབྱངས་གསལ་བྱེད། རྟེན་འབྲེལ་སྙིང་པོ་རྣམས་བརྗོད་དོ། །བསྔོ་བ་སྨོན་ལམ་བྱའོ།། ༈ ཡང་ཞི་ཁྲོའི་ལྷ་བསྐྱེད་ཀྱི་སྐབས་སུ་གལ་ཆེ་བ་ནི། ཞི་ཁྲོ་བཀའ་མ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་མཛད་པ་དང་། ཀཿཐོག་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་རྣམས་ལ། ཕོ་བྲང་གཉིས་བརྩེགས་སྟེང་ཁྲོ་བོའི་དཀྱིལ་འཁོར་ལ་འོག་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ནི། ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད། ཀརྨ་གླིང་པའི་ལུགས་འདི་ལ་དཀྱིལ་འཁོར་གཅིག་ཡིན། ཕྱི་རིན་པོ་ཆེ་ལ་ནང་ཐོད་པའི་མཁར་ཡིན། དེའི་


CMR033_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དང་པོ་ཞི་བའི་ལྷ་བསྐྱེད་ནས། དེ་ཡར་བར་སྣང་ལ་བཏེགས་ནས་དེའི་འོག་ཏུ་ཁྲོ་བོའི་ལྷ་བསྐྱེད་པ་ཡིན། ཁྲོ་བོའི་དབུ་རྒྱན་གྱི་ཚུལ་དུ་ཞི་བ་བསྒོམ་པ་ཡིན། དེ་གང་ལས་གསལ་ལྷན་བཀའ་བརྒྱད་ཀྱི་གཞུང་ཐམས་ཅད་ན་གསལ། དེ་ཡང་གཙོ་བོ་རྣམ་སྣང་བསྒོམ་པ་ཞི་ཁྲོའི་དཀྱིལ་འཁོར། གཙོ་བོ་རྡོར་སེམས་བསྒོམ་པ་ན་རཀ་དོང་སྤྲུགས་ཟེར་བ་ཡང་ཤེས་པར་བྱའོ། །ཞི་ཁྲོ་དམ་པ་རིགས་བརྒྱ་ཟེར་བ་བྷྱོ་དྷི་ཙིཏྟ་དང་། ན་རཀ་དོང་སྤྲུགས་ཟེར་བ་ཡིག་བརྒྱ་བསྙེན་རྒྱུ་ཡིན་ནོ། ༈ ཡང་ཐུགས་སྒྲུབ་ཀྱི་ལྷ་བསྐྱེད་སྐབས་སུ། གུ་རུ་ཆོས་དབང་གི་གཏེར་ཁ་སྒར་པའི་ཚེས་བཅུ་ལ་ནི་དཀྱིལ་འཁོར་གྱི་དབུས་སུ་རང་རྟ་མགྲིན། དེའི་སྐུ་རྒྱབ་གཏད་ས་པདྨའི་སྡོང་པོ་ནང་འདབ་བཞི། དེ་རྒྱབ་འདབ་མ་བརྒྱད་ཡོད་པ་གདུགས་ཕུབ་པ་ལྟ་བུ་ཞིག་སྤྱི་བོར་བསྒོམ། དེའི་དབུས་སུ་དང་པོ་ཨུ་རྒྱན་སྤྲུལ་སྐུ། དེ་ཆོས་སྐུར་བསྒྱུར། དེའི་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ། ཕྱོགས་བཞིར་ཐོད་ཕྲེང་རྩལ་རིགས་བཞི། །དེའི་ཕྱི་རོལ་འདབ་མ་བརྒྱད་ལ་གུ་རུ་མཚན་བརྒྱད་བསྒོམ། རང་རྟ་མགྲིན་གྱི་ཕྱི་རོལ་འདབ་མ་བཅུ་དྲུག་ལ་གིང་ཡབ་ཡུམ་བཅུ་དྲུག །སྒོ་བཞི་ལ་སྒོ་མ་བཞི་བསྒོམ་པར་བྱའོ། །རཏྣ་


CMR033_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་པའི་ཐུགས་སྒྲུབ་ལ་ནི། རང་རྟ་མགྲིན་གྱི་སྤྱི་བོར་ཨུ་རྒྱན་བསྒོམ། དེའི་ཐུགས་ཀར་བུདྡྷ་ཐོད་ཕྲེང་རྩལ་བསྒོམ། རང་གི་ཕྱོགས་བཞིར་ཐོད་ཕྲེང་རྩལ་རིགས་བཞི། དེའི་ཕྱི་རོལ་དུ་གུ་རུ་མཚན་བརྒྱད། དེ་རྒྱབ་གིང་ཡབ་ཡུམ་བཅུ་དྲུག་སོགས་བསྒོམ་པ་ཡིན་ནོ།། ༈ གུ་རུ་དྲག་པོའི་གནད་ནི། རང་དྲག་པོའི་དབུ་སྐྲའི་གསེབ་ཏུ་ཐོད་ཕྲེང་རྩལ་མཐིང་ནག་བསྒོམ་པ་དེའི་ཕྱག་གཡས་པའི་གྲུ་མོ་ལ་ཐོད་པ་སྟག་སྤྱོད་ཀྱི་རྔ་བཀལ་བ་དེ་ལས་ཧཱུྃ་སྒྲ་རིང་གྲག་ཏུ་ཡོད་པས་སྟོང་གསུམ་ཀུན་ཀྱང་ཧཱུྃ་གི་སྒྲ་དི་རི་རི་གྲགས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་། སྔགས་ཐོད་ཕྲེང་རྩལ་བསྙེན་པས་ཞི་བར་བསྙེན་ནས་ཁྲོ་བོར་སྒྲུབ་པའི་མན་ངག་སྟེ། སྔགས་འདི་ལ་རབ་བྱེ་བ། འབྲིང་བདུན་འབུམ། ཐ་མ་སུམ་འབུམ་མ་ཐོན་བར། སྔགས་ཨ་ཙིག་མི་འདོན་པ་མན་ངག་ཡིན། དེ་མ་ཤེས་ན་སློང་དང་བར་ཆད་ཆེན་པོ་ཡོང་། དེ་ནས་གོ་ཆའི་ལྷ་རྣམས་བསྙེན་འདོད་ནའང་། དམིགས་པ་ནི་གོ་ཆ་ལྷ་ལྔ་རྒྱན་གྱི་ཤོག་དྲིལ་ལས་གསུངས་པ་དེ་རྣམས་ལས་དཔྱད་པས་ཤེས་


CMR033_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སོ། ༈ སྒྲོལ་དཀར་གྱི་གནད་འདི་ལ་དམིགས་པ་རྒྱས་བསྡུས་གཉིས་ལས། རྒྱས་པར་ནི་ཐུགས་ཀར་འཁོར་ལོ་གདན་ཐབས་ལྟེ་བར་ཡི་གེ་ཧཱུཾ་གཡས་སུ་ཨོཾ། གཡོན་དུ་ཧཱ། ཨོ་ལ་མགོ་བཟུང་ནས་ཏཱཾ་ལ་བསྐོར་ནས། མ་མཱ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཊྚི་ཀུ་རུ་སྔགས་མཇུག་ཧ་བཏགས། དཔེར་ན་སྣ་གཅུ་བཀུག་པ་ལྟ་བུ། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་ས༔ ཞེས་ཡིག་འབྲུ་རེ་རེ། དེ་རྒྱབ་མུ་ཁྱུད་ལ་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར། དེ་རྒྱབ་གསལ་བྱེད་གཡས་བསྐོར། དེ་རྒྱབ་ཡེ་དྷརྨཱ་གཡས་བསྐོར། དེ་རྣམས་ཡིག་འབྲུ་ཐམས་ཅད་ལངས་པ་མུ་ཏིག་གི་ཕྲེང་བ་ལྟ་བུ། དེ་རྒྱབ་མུ་ཁྱུད་ལ་རྡོ་རྗེ་དཀར་པོ་ནས་ཙམ་གྱི་ཕྲེང་བ། དེ་རྒྱབ་མེ་རི་དཀར་པོ་སོར་བཞི་ཙམ་གྱི་ཕྲེང་བ། དེ་ལྟར་འཁོར་ལོ་རྩིབས་མུ་ཁྱུད་ཅན་དེ་ལ་སྔགས་འཁོར་རྒྱུ་མེད། འཁོར་ལོ་འཁོར་རྒྱུ་མེད། འོད་ཟེར་སྤྲོ་བསྡུ་ཁོ་ན་ཡིན། བསྡུས་པ་ཇོ་བོ་རྗེའི་ལུགས་ནི། རང་སྒྲོལ་དཀར་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པ་གདན་ཐབས། ལྟེ་བར་མ་རེག་ཙམ་དུ་ཏཾ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ། ཏཱཾ་གི་སྟེང་དུ་ཨོ་བྱ་ལྡིང་བ་ལྟ་བུ། འཁོར་ལོའི་ལྟེ་བའི་འོག་ཏུ་ཧཱ་བཏགས་པ་ལྟ་བུ་འཁོར་


CMR033_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལ་མ་རེག་པ། འཁོར་ལོ་གཡས་སུ་འཁོར། ཡིག་འབྲུ་གཡོན་དུ་འཁོར། ཨོ་ཏཱཾ་ཧ་གསུམ་གཡོ་འགུལ་མེད་པར་བསྡད་པའོ། །འཇམ་དབྱངས་དཀར་པོ་ཡང་དེ་དང་མཚུངས་ཏེ། འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཨཱདཀར་པོ། རྩིབས་དྲུག་ལ་ཨོ་ཝ་ཀྱེ་དཾ་ན་མ་ཡིག་འབྲུ་རེ་རེ། ཡིག་འབྲུ་རྣམས་ལངས་ཏེ་འཁོར་ལོ་ལ་མ་རེག་པ། འཁོར་ལོ་གཡས་སུ་འཁོར། ཡིག་འབྲུ་གཡོན་དུ་འཁོར་བའོ། །གོང་འོག་གཉིས་འདྲ་བ་ལ་འཁོར་ལོའི་རྩེ་མོ་རལ་གྲི་སོ་གཉིས་མ་ལྟར་རྣོ་བ། འཁོར་ལོ་དང་ཡིག་འབྲུ་རྣམས་སྟོན་ཟླའི་མདོག་ལྟར་ཤིན་ཏུ་དཀར་བའོ།། ༈ གྲུབ་ཆེན་ཀརྨ་པཀྵིའི་མན་ངག །ནག་རྒྱལ་ཕག་གསུམ་སོགས་བླ་མེད་སྤྱི་ལ་སྦྱར་རུང་བའི་དམིགས་པ། ཡི་དམ་གང་ཡིན་གྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཆོད། དེ་རྣམས་ལྷ་གང་ཡིན་དེའི་སྐུར་གྱུར་ནས་ཁ་བ་བུ་ཡུག་ལྟར་ཆི་ལི་ལི་བྱུང་ནས་རང་ལ་སིབ་སིབ་ཐིམ་པར་བསྒོམ། དམིགས་པ་གཞན་མང་པོ་བས་དེ་ཁོ་ན་ཟབ་པ་མྱོང་བས་གྲུབ་བོ། །དེ་རྣམས་གནད་ཆེ་བའི་ཞལ་ཤེས་


CMR033_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་ཐོ་ཙམ་སྟེ། རྒྱུད་སྒྲུབ་ཐབས་རྣམས་ནི་ཤིན་ཏུ་མཐུན་ལ། བླ་མ་འོད་བྲན་པ་ངག་དབང་འཇིགས་མེད་གྲགས་པ་དང་། པཎ་ཆེན་ལུང་རིགས་ཉི་མ་སོགས་སློབ་དཔོན་མཁས་པ་མང་པོའི་ངག་ཁྲིད། རང་གི་ཉམས་སུ་མྱོང་བ་དང་བསྟུན་ཏེ། ༧ སྐྱབས་གནས་སྤྲུལ་པའི་སྐུའི་བཀའ་ཡིས་བསྐུལ་ནས། ༧ རཱ་ག་ཨ་སྱས་འཕྲལ་དུ་གང་དྲན་སྨྲས་པ་ལྟར། གླིང་གི་དགེ་བཤེས་པདྨ་དད་པས་ཡི་གེར་བཀོད་པ་ལས། འགལ་འཁྲུལ་གང་མཆིས་བཤགས་ཤིང་དགེ་བས་འདི་ཉིད་མཐོང་ཐོས་ཐམས་ཅད་དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་སྔགས་གསར་རྙིང་སྤྱི་མཚམས་ལ་མཁོ་བའི་ཞལ་ཤེས་ཟིན་བྲིས།next