Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གསར་རྙིང་ཡི་དམ་ཆོས་སྐྱོང་སྤྱི་ཡི་སྲུང་ཟློག་མན་ངག་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསར་རྙིང་ཡི་དམ་ཆོས་སྐྱོང་སྤྱི་ཡི་སྲུང་ཟློག་མན་ངག་ཞལ་ཤེས།next

གསར་རྙིང་ཡི་དམ་ཆོས་སྐྱོང་སྤྱི་ཡི་སྲུང་ཟློག་མན་ངག་ཞལ་ཤེས།


CMR033_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་ཡི་དམ་ཆོས་སྐྱོང་སྤྱི་ཡི་སྲུང་ཟློག་མན་ངག་ཞལ་ཤེས་བཞུགས། །


CMR033_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ནས། །གསར་རྙིང་སྤྱི་ཡི་མན་ངག་ལ། །སྲུང་བ་བསྐང་བཟློག་བྱ་བ་ནི། །བཅས་དང་དམིགས་པ་ཕུལ་ལུགས་གསུམ། །དང་པོ་བཅའ་ལུགས་འདི་ལྟར་ཏེ། །བླ་མ་གཏོར་མ་ཟླུམ་པོ་སྟེ། །ཡི་དམ་གཏོར་མ་སྟོད་ཟུར་གསུམ། །མཁའ་འགྲོ་ཟླུམ་པོ་སྟོད་ཟུར་གཉིས། །ཆོས་སྐྱོང་གཏོར་མ་ཟུར་གསུམ་པ། །ལྷ་མོ་ལ་ཡང་དེ་ལྟ་བུ། །ནོར་ལྷ་ནོར་བུའི་དབྱིབས་ཅན་ཏེ། །ཕྱི་རྒྱུད་པ་ལ་དཀར་གཏོར་དང་། །བདུན་པོ་ཕུགས་གཏོར་ཡིན་པ་སྟེ། །དབུས་སུ་བླ་མ་གཡས་ཡི་དམ། །དེ་གཡས་


CMR033_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཕོ་རྒྱུད་དེ། །དེ་ཡི་གཡས་སུ་ནོར་ལྷའོ། །བླ་མའི་གཡོན་དུ་མཁའ་འགྲོ་སྟེ། །དེ་གཡོན་ལྷ་མོ་དེ་ཡི་གཡོན། །ཕྱི་རྒྱུད་པ་དེ་གཏོར་མ་བདུན། །དེ་ལ་ཅི་ཡང་འདོན་དུ་རུང་། །ཀ་ཏོ་རའམ་སྡེར་ནང་དུ། །རི་རབ་བང་རིམ་བཞི་པའི་སྟེང་། །ཞི་དང་སྲུང་བར་ཟླུམ་པོ་སྟེ། །ནོར་དང་རྒྱས་པར་ཟུར་བཞི་པ། །དབང་ལ་ཟུར་གཉིས་དྲག་པོ་ལ། །བསྐང་གཏོར་ཟུར་གསུམ་བྱ་བ་སྟེ། །རྩེ་ལ་བཀྲ་ཤིས་རྟགས་བརྒྱད་དང་། །དེ་འོག་རྒྱལ་སྲིད་རིམ་པ་ལྟར། །བྱ་དང་རི་དྭགས་གཅན་གཟན་དང་། །རྟ་ནག་གཡག་ནག་ལུག་ནག་སོགས། །གཡུང་དྭགས་དེ་འོག་ཆུ་


CMR033_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཙུགས། །རྟ་གཡག་བྱ་ལུག་ནག་པོ་ནི། །བཅུ་གསུམ་བདུན་ལྔ་གསུམ་སོགས་བཙུགས། །མར་ཐུད་རིལ་བུ་ཤ་སོགས་བརྒྱན། །དེ་ནི་བསྐང་བའི་གཏོར་མ་སྤྱི། །གཟུགས་འགྲོས་ཁ་ཡི་སྟོན་ལུགས་ནི། །སྲུང་བ་ཐམས་ཅད་ནང་ན་སྟོན། །ཟློག་པ་ཕྱི་ལ་སྟོན་པ་སྟེ། །ཕྱོགས་ཀུན་ཁ་སྟོན་དམག་ཐབ་ཡིན། །ཐམས་ཅད་མདུན་དུ་ཁ་བསྟན་པ། །ཇག་ཐབས་བསད་པའི་ལས་ལ་ཤེས། །སྤྱི་འགྲོས་ཟློག་པའི་བཅའ་ཐབས་ནི། །ལྕགས་སྣོད་ནང་དུ་ལུག་རིལ་ལམ། །ས་ཉོབ་སྟེང་དུ་འཇིམ་པས་གཡོགས། །དབུས་སུ་གྲུ་གསུམ་ཅུང་ཟད་བྲུ། །དེ་སྟེང་དམར་གཏོར་ཆེ་བ་གཅིག །ཟུར་རེར་རྩང་ཐུར་བདུན་རེའོ། །དེ་རྒྱབ་དམར་གཏོར་ཆུང་བ་ནི། །བརྒྱད་དམ་ཡང་ན་བཅུ་ཡིས་བསྐོར། །རེ་རེར་རྩང་ཐུར་བདུན་རེ་དང་། །གཙོ་བོའི་རྩེ་ལ་མེ་རི་བྱ། །དེ་སྟེང་དར་ནག་གདུགས་ཆུང་ཕུབ། །མེད་ན་མདའ་དར་ནག་པོ་དང་། །ཁྱུང་གི་ཙཀླུ་བཙུགས་པར་བྱ། །ཐམས་ཅད་ལིང་ཆུང་མགོ་ཐུར་དང་། །སྙིང་གི་གཟུགས་དང་ཤས་བརྒྱན་ནོ། །དེ་རྒྱབ་རྩང་རིང་བརྒྱ་རྩའམ། །རེ་གཅིག་གམ་ནི་ཉེར་བརྒྱད་བཙུགས། །ཡོད་ན་སྒོ་རྩང་བཞི་པོ་ནི། །ཤར་ཟླུམ་ལྷོ་རུ་གྲུ་


CMR033_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ། །ནུབ་ཏུ་ཟླ་གམ་བྱང་ཟུར་གསུམ། །དེ་བཞི་ཐད་ཁར་བསླང་སྟེ་འཛུགས། །གཞན་རྣམས་རྒྱ་གྲམ་སྲིན་མོ་འགྲོས། །དེ་ལ་ཡི་དམ་ཆོས་སྐྱོང་ནི། ཟློག་གཞུང་ཡོད་ཚད་འདོན་རུང་སྟེ། །ཟློག་དཔུང་ཞེས་པའི་མིང་འདོགས་སོ། །བསྐང་གཏོར་བསྐང་བ་ཡོད་ཚད་འདོན། །ནུབ་རེ་ཚོགས་རེ་གཏོར་འབུལ་རེ། །དེ་ལྟར་ཞག་མང་བྱས་ན་ལེགས། །ཉིན་རྫོགས་བྱེད་ཀྱང་རུང་བ་སྟེ། །གྲྭ་པ་མང་ན་ཚར་མང་འགྲོ། །བཅའ་ཚོགས་མདོར་བསྡུས་སྤྱི་འགྲོས་སོ། །དེ་ནས་འདོན་ལུགས་རིམ་པ་ནི། །དང་པོ་སྐྱབས་སེམས་མཆོད་བྱིན་རླབས། །དེ་ནས་སྔོན་འགྲོ་དཀར་བགེགས་བཏང་། །ཀུན་རིག་ནང་གི་སྔོན་འགྲོ་དང་། །བགེགས་གཏོར་གཉིས་པོ་བྱས་ཀྱང་རུང་། །དེ་ནས་ཡི་དམ་གང་བྱེད་ཡ་ཀུན། །དེ་ནས་ཆོས་སྐྱོང་གང་ཡོད་ཀྱི། །ལས་བྱང་ཐམས་ཅད་རིམ་པར་འདོན། །དེ་ནས་བསྐང་བ་ཐམས་ཅད་འདོན། །དེ་ནས་ཟློག་པ་ཐམས་ཅད་འདོན། །དེ་ནས་ཚོགས་བྱེད་དེ་ནས་ནི། །གཏོར་འབུལ་དཀར་གཏོར་མཉམ་དུ་འབུལ། །མདོ་སྒྲུབ་སེང་གདོང་ཐལ་བརྡེབ་བྱ། །ཕྱིར་ནངས་ཡང་ནི་དེ་ལྟར་གྱིས། །སྔགས་པ་སྤྱི་ཡི་ཕྱག་ལེན་ནོ། །ཡི་དམ་


CMR033_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གཉིས་ཀྱི་མཚམས། །གཏོར་བསྔོས་བྱེད་པ་རྙིང་ལུགས་དེ། །ཚོགས་བྱས་ཚོགས་ཕུད་ཕུལ་བྲན་ནས། །གཏོར་བསྔོས་བྱེད་པ་ཀར་ལུགས་སོ། །རྙིང་མའི་ཚོགས་ཕུད་རིམ་པ་གསུམ། །དང་པོ་ཕུད་ལ་གཏོར་བསྔོས་བྱེད། །གཉིས་པར་བསྐང་བ་གསོས་ལ་འདོན། །གསུམ་པ་ཟན་ལིང་དང་བཅས་བསྒྲལ། །ཟློག་པ་གསོས་ལ་ཟློག་པ་འདོན། །ཚོགས་རོལ་ལྷག་མ་གཙང་ལྷག་བྱ། །ཟློག་པའི་མཐའ་ཡི་རྩང་ནང་དུ། །འབུལ་བ་རྙིང་ལུགས་འཆུགས་མེད་ཡིན། །དེ་ནས་དམིགས་པའི་བྱེ་བྲག་ནི། །ཕུགས་གཏོར་སོ་སོའི་རྩེ་ཡི་ཐད། །ལྷ་ཚོགས་སོ་སོར་བཞུགས་པ་ཡི། །ལྗགས་ཀྱི་འོད་ཟེར་སྦྲ་གུ་ཡིས། །གཏོར་མ་དྲངས་གསོལ་གསར་མ་སྟེ། །གཏོར་མའི་སྟོད་ནི་ལྷ་ས་སོ། །སྨད་ནི་བདུད་རྩི་མཆོད་པའི་སྤྲིན། །བསྒོམ་པ་རྙིང་མའི་ལུགས་ལགས་སོ། །བསྐང་གཏོར་གླིང་བཞིའི་རི་རབ་དང་། །ལྷ་མིའི་ལོངས་སྤྱོད་བསམ་ཡས་དམིགས། །དེ་ཡི་སྟེང་གི་ནམ་མཁའ་ལ། །ཟློག་པའི་སྟོད་ནི་ལྷ་རྣམས་ཏེ། །སྨད་ནི་གྲུ་གསུམ་ཧོམ་ཁུང་ནང་། །གནོད་བྱེད་དགྲ་བགེགས་དངོས་སུ་གསལ། །སྐེད་པ་ཤ་ཁྲག་རྒྱ་མཚོ་སྟེ། །མཐའ་རྩང་དབང་ཕྱུག་སྲིན་མོའི་ཚོགས། །ཟན་ལིང་


CMR033_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་གཞུག་བསྒྲལ་ལས་བྱ། །དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབ། །ཟློག་གཞུང་འདོན་ཚེ་ལྷ་ཚོགས་ཀྱིས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་ཚོགས། །ཁྱུང་དང་མེ་རླུང་འཚུབ་མ་འཕྲོས། །དགྲ་བགེགས་ནད་གདོན་ལྟས་ངན་དང་། །བྱེད་ཁ་ཚིག་ཆེན་ཉམ་ང་རྣམས། །བྱ་སྤུ་རླུང་གིས་གཏོར་བ་ལྟར། །རྒྱ་མཚོའི་ཕ་མཐར་བསྐྲད་པར་བསྒོམ། །ཟློག་གཞུང་སྤྱི་ཡི་དམིགས་པའོ། །ནམ་མཁར་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས། །བསྐང་གཏོར་ལྷ་མིའི་ལོངས་སྤྱོད་ཚོགས། །རང་རང་མཐུན་རྫས་གཞུང་ལྟར་དུ། །ཡིད་སྤྲུལ་ཅི་འདོད་ཟག་མེད་འབུལ། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །ཨོ་དཀར་ཨཱདམར་ཧཱུྃ་མཐིང་མཐར། །ཡིག་བརྒྱ་དཀར་དམར་མཐིང་གསུམ་དམིགས། །དེ་ཡི་སྟེང་གི་ནམ་མཁའ་ལ། །སངས་རྒྱས་བྱང་སེམས་ཐམས་ཅད་ནི། །དཀར་དམར་མཐིང་གསུམ་རིམ་པར་བཞུགས། །དེ་ལས་བདུད་རྩི་དཀར་དམར་མཐིང་། །ལྷ་ཚོགས་ཐམས་ཅད་ཀུན་ལ་ཐིམ། །ཐམས་ཅད་ཐུགས་དགྱེས་འཁོན་འགྲས་ཞི། །ལྷ་ཚོགས་ཀུན་གྱི་གནས་གསུམ་གྱི། །ཡིག་བརྒྱ་དཀར་དམར་མཐིང་གསུམ་ལས། །བདུད་རྩི་


CMR033_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་མཐིང་གསུམ་བབས། །བདག་ཅག་དཔོན་སློབ་ཡོན་བདག་བཅས། །ཀུན་གྱི་སྤྱི་བོའི་གཙུག་ནས་ཞུགས། །སྡིག་སྒྲིབ་དམ་ཚིག་ཚེག་ཉམས་དང་། །ལྷ་དང་བླ་མ་དགེ་འདུན་སོགས། །འཁོན་འགྲས་ཞུགས་པ་ཐམས་ཅད་དག །ལུས་ནི་ཤེལ་སྒོང་ལྟར་གྱུར་བསྒོམ། །བྱད་ཁ་ཆེ་བའི་ཡོན་བདག་ལ། །དམིགས་པ་འདི་དང་མ་ལྡན་ན། །རང་ལ་རྩུབ་ཅིང་ཕན་ཐོགས་དཀའ། །དེ་ཕྱིར་འདི་ལ་རྩེ་གཅིག་བྱ། །ཁྱད་པར་སུ་དང་འགྲས་པའི་མི། །ལྷ་དང་བླ་མ་ཐམས་ཅད་ནི། །སྤྱན་དྲངས་རང་གི་ལྷ་བླ་མར། །བསྟིམ་ལ་བསྐང་བ་གང་མང་འདོན། །འཁོན་འདྲས་སྦྱངས་བའི་དམིགས་པའོ། །ཐུན་གཏོར་དགྲ་བགེགས་དངོས་སུ་དམིགས། །བཀུག་གཞུག་བྱས་ནས་དབྱེར་མེད་བསྟིམས། །དེ་ཡི་སྙིང་ཁར་ཟངས་ལྕགས་ཀྱི། །འཁོར་ལོ་རྩིབས་བརྒྱད་གཡས་གཡོན་འཁོར། །ཤ་ཁྲག་ཐམས་ཅད་གཏུབས་པ་ཡི། །དམར་ལྟེམ་གང་བ་བདུད་རྩིར་གྱུར། །དམར་གཏོར་གཅིག་ལ་ཆོས་སྐྱོང་ནི། །ཀུན་གྱི་བསྐུལ་ཐུང་འདོན་པ་དང་། །དཀར་གཏོར་གཞི་བདག་ཀུན་ལ་བསྔོ། །ཆད་མདོ་བརྟེན་སྐྱོང་ཟློག་ཐུང་འདོན། །དེ་ནས་ཕྱི་རོལ་ཕྱོགས་གཙང་ནི། །རང་དང་ཡོན་བདག་


CMR033_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཡི། །ལོ་ཐོག་མིན་པར་ཕུལ་བཅུག་སྟེ། །མཚན་མོ་ཡིན་ན་མེ་རུ་འཛུགས། །ཚུར་ལམ་གཏོར་སྣོད་ཁ་དེ་ནི། །ཚུར་ལ་བསྟན་ནས་འོང་བ་ཡིན། །ལོངས་སྤྱོད་འདུ་བའི་རྟེན་འབྲེལ་ལོ། །མདུན་དུ་སྒྲུབ་ལ་རྟ་བྲོ་འདོན། །དེ་ནས་ཟབ་མདོ་སེང་གདོང་སོགས། །བདུད་བཟློག་བྱ་ཞིང་ནད་པའི་དོན། །ཡིན་ན་དུས་མིན་འཆི་བཟློག་འདོན། །རྗེས་ཆོག་མི་བྱ་བདག་མདུན་གྱི། །བསྐྱེད་རིམ་མི་བསྡུ་དེ་གར་བཞག །ཉལ་ཁ་དང་ནི་སྔ་དྲོའི་ཚེ། །སྲུང་བའི་དམིགས་པ་གལ་ཆེ་སྟེ། །བསྲུང་བྱ་ཡིན་ཙམ་ཐམས་ཅད་ནི། །མེ་རི་རྡོ་ར་ལ་སོགས་པའི། །གུར་ཁང་ནང་དུ་ཚུད་ཙམ་བྱ། །དེ་བས་ཅུང་ཟད་གལ་ཆེ་ན། །རང་ཉིད་ཡི་དམ་མཐའ་ལ་བསྐོར། །དེ་རྒྱབ་འཁོར་ལྷ་བསྒོམས་པ་ཡིན། །ངོ་ལོག་བྱེད་དོགས་མེད་པ་ལ། །ཤིན་ཏུ་གལ་ཆེའི་བསྲུང་བྱ་ནི། །རང་ཉིད་ཡི་དམ་གང་ཡིན་གྱི། །ཐུགས་སྲོག་ཧཱུྃ་འམ་གྷིཡིག་གི །ཧཱིའམ་ཧཱུྃ་གི་ཁོག་པ་ནི། །ལྕགས་སྦུབ་འདྲ་བ་ཁོང་སྟོང་ནང་། །དབུས་སུ་རང་གི་བླ་དང་སྲོག །ནཾ་ཡིག་ལྗང་གུ་བཀྲག་མདངས་ལྡན། །དེ་ཡི་གཡས་སུ་བསྲུང་བྱ་ནི། །ཕོ་རིགས་གཡས་དང་མོ་རིགས་གཡོན། །མདུན་དུ་རྟ་


CMR033_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཟས་ལོངས་སྤྱོད། །རྒྱབ་ཏུ་སྦྲ་ཁང་ཐམས་ཅད་དམིགས། །དེ་དག་དངོས་སུ་བསྒོམ་པ་ཟབ། །མིང་ཡིག་བསྒོམ་དང་ལྷ་སྐུར་བསྒོམ། །བྱེད་སྲོལ་ཡོད་ཀྱང་མི་ཟབ་བོ། །ཧཱིའམ་ཧཱུྃ་གི་མགོ་ཐད་དུ། །བླ་རྒན་ལ་སོགས་བསྲུང་བྱ་བསྒོམ། །ཧཱུྃ་གི་ཟླ་ཚེས་ཧཱིཝཡི་གུར། །རང་གི་ཡི་དམ་གཞན་རྣམས་དང་། །ཧཱུྃ་གི་ཐིག་ལེའི་ཧཱིའི་གི་གུའི་སྟོད། །ཡབ་སྲས་ལ་སོགས་དད་འདུན་ཡུལ། །ཧཱུྃ་གི་འ་ཆུང་ཧྲི༔ཡིག་སྨད། །རང་གི་ཆོས་སྐྱོང་རྩིས་ཆེན་རྣམས། །བསྒོམ་པའི་ལྷ་དབྱེའི་མི་ཚུགས་གནད། །ཧཱུྃ་གི་ཞབས་ཀྱུའམ་ཧཱིའི་ར་བཏགས་ཀྱི། །ནང་དུ་སྡེ་བརྒྱད་སྲོག་ཡིག་རྣམས། །ཨ་ཡ་མ་དུ་རུ་ཙ་ཤ་ན། །མགོ་མཇུག་ལྡོག་པ་སྤུས་བྲིས་ཙམ། །དེ་བསྒོམ་བུ་རྟིས་ཟིན་པ་ལྟར། །རང་སྲོག་རང་གིས་གཅོད་མི་སྲིད། །དེ་དག་སྲུང་དམིགས་མདོར་བསྡུས་པའོ།། ༈ །དེ་ནས་ཞག་གྲངས་ཚང་བ་དང་། །འབུལ་ལུགས་རིམ་པ་འདི་ལྟ་སྟེ། །ཐེབ་ལྡོག་རྒྱུ་བ་ལ་སོགས་ནི། །སྐར་ཡིག་ནང་ལྟར་ལེགས་པར་བརྩིས། །ཐེབ་དུས་སྐར་མ་ངན་ན་ལེགས། །གཟའ་དང་དབང་ཕྱུག་སྡེ་བརྒྱད་སོགས། །ལྡོག་དུས་དྲག་ལས་རང་ལ་ལྡོག །གཟའ་དང་མཁའ་འགྲོ་བིཊྚི་


CMR033_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཚུར་ལ་རྒྱུ་དུས་འཛེམ་བྱ་ཞིང་། །ཕར་ལ་རྒྱུ་ན་རང་གི་གྲོགས། །རང་ཉིད་རྡོ་རྗེ་སློབ་དཔོན་དང་། །ཡོན་བདག་དྲགས་རིམ་ལོ་སྟེང་འཛེམ། །ས་བདག་ཐེ་སེ་ཧལ་ཁྱི་དང་། །སེ་བ་བླ་མཁྱེན་གསུམ་ལ་འཛེམ། །གཞན་རྣམས་ཐམས་ཅད་རྩི་མི་ནུས། །ད་ནངས་ལས་བྱང་ཉུང་བསྡུས་དང་། །བསྐང་བ་ཉུང་བསྡུས་ཟློག་གཞུང་འདོན། །དཀར་གཏོར་གཅིག་དང་དམར་གཏོར་ནི། །ཆོས་སྐྱོང་དུ་ཡོད་གྲངས་ཀ་བཅའ། །གཏོར་ཁ་སྟོན་ན་རྩང་དང་ནི། །མེ་རུ་རེ་ཡང་བཙུགས་པར་བྱ། །གསེར་སྐྱེམས་ཕུལ་ལ་སྒོ་དབྱེ་བྱ། །དེ་ནས་དཀར་གཏོར་དམར་གཏོར་རྣམས། །གྲལ་བྱས་བཤམས་ལ་དཀར་གཏོར་ཕུལ། །དེ་ནས་ཆོས་སྐྱོང་གཏོར་མ་རྣམས། །ཆད་མདོ་བརྟེན་སྐྱོང་ནས་བཟུང་ནས། །ཞན་ཞན་སྔོན་ལ་དྲགས་རིམ་རྗེས། །མཇུག་ནས་ཡར་འདོན་དམག་ཐབས་ཡིན། །དེ་དག་ཕྱོགས་དེར་འབུལ་བར་བྱ། །ཟོར་ནི་ཡག་ཉེས་ཆེ་བའི་ཕྱིར། །མི་འཕེན་འཇམ་ཐབས་བྱ་བ་ལེགས། །ཟློག་པའི་ལྷ་ཚོགས་ནམ་མཁར་བཏེག །གཏོར་མ་མེ་ཕུང་མཚོན་ཆའི་ཆར། །བར་སྣང་གཟའ་རྒོད་རྒྱུག་པ་ལྟར། །དགྲ་བགེགས་ཐོག་ཏུ་སོང་བ་


CMR033_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གདོན་རྣམས་རྩྭ་སྐྱ་མེ་ཕུང་ལྟར། །དགྲ་རྣམས་གྲོག་ཚང་སེར་བ་ལྟར། །བྱེ་མའི་རྩིག་པར་སྒྲོགས་ཕོག་ལྟར། །ཐལ་བ་རྡུལ་དུ་བརླག་པར་བསམ། །བསམ་ལ་ཕྱོགས་སུ་ཕུལ་བའམ། །གལ་ཆེ་ན་ནི་ཟོར་དུ་འཕེན། །ཚུར་ལམ་ཁྱུང་གིས་རྗེས་བཅད་བསྒོམ། །གཉན་དང་ཚད་པ་གཟའ་མིན་པའི། །གདོན་ཆེན་ནད་པར་གཏོར་ཁ་སྟོན། །ནད་པའི་རྣམ་ཤེས་ཚེ་བསོད་ནམས། །ཡར་སྤར་ནམ་མཁའ་ཨོ་རྒྱན་ནམ། །བླ་མ་ཡི་དམ་ཐུགས་ཀར་བསྟིམ། །ལུས་ནི་ཧོམ་ཁུང་གསལ་བའི་ནང་། །གདོན་དེ་ལིངྒའི་གཟུགས་སུ་བསྐྱེད། །གཏོར་མ་ཡི་དམ་ཆོས་སྐྱོང་གི །ཕྱག་མཚན་མེ་ཕུང་འབར་བ་རྒྱབ། །རྩྭ་སྐྱ་བཞིན་དུ་དངོས་མེད་བསྲེགས། །བདེ་རིམ་གཏོར་ཁ་སྟོན་མི་བྱ། །ཅིས་ཀྱང་བྱེད་དགོས་ཟེར་ན་ནི། །ཡོན་བདག་རྒྱབ་ཕྱོགས་ནམ་མཁའ་ལ། །ཡི་དམ་ཆོས་སྐྱོང་གང་ཡིན་བསྒོམ། །གཏོར་མ་བདུད་རྩིའི་རང་བཞིན་དེ། །ལྷ་དེའི་ཞལ་དུ་ཕུལ་བར་བསྒོམ། །ཡོན་བདག་དེ་ཡི་མཐུ་བའམ། །སྟེང་དུ་གཏོར་མ་རྒྱག་གམ་ཕུལ། །རང་གི་རྣམ་རྟོག་དགག་ཕྱིར་ཏེ། །སྐྱོན་ཡོན་ཅི་ཡང་མེད་དོ་ཧ། །གཏོར་གཞོང་ཁ་སྦུབ་དམ་སྲི་རྣམས། །རི་རབ་


CMR033_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མནན་བསམ་རྟ་བྲོ་བྱ། །ཚེ་དབང་ཡང་ན་ཚེ་འགུགས་དང་། །ཚོགས་དང་བཀྲ་ཤིས་རྒྱས་པར་བྱ། །ཕྱིར་ནངས་རྗེས་ཆོག་རྒྱས་པ་དང་། །གཤེགས་གསོལ་རྫོགས་རིམ་བསྡུ་ཆོག་བྱ། །བསང་བྱ་དེ་ནས་རང་གནས་འོང་། །སྤྱི་འགྲོས་སྲུང་ཟློག་བསྐང་གསོལ་ཡི། །ཟིན་བྲིས་ཉུང་བསྡུས་དགོས་གསུངས་ནས། །སྒེས་སྣ་བླ་མས་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་བྲིས་པ་དགེ། །མངྒ་ལཾ། ཞལ་དྲོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསར་རྙིང་ཡི་དམ་ཆོས་སྐྱོང་སྤྱི་ཡི་སྲུང་ཟློག་མན་ངག་ཞལ་ཤེས།next