Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཡི་གེ་བརྒྱ་པའི་དག་ཐེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡི་གེ་བརྒྱ་པའི་དག་ཐེར།next

ཡི་གེ་བརྒྱ་པའི་དག་ཐེར།


CMR033_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བརྒྱ་པའི་དག་ཐེར་ཡོད། ཚིག་དོན་ལ་ལ་རྒྱ་གཞུང་ལས། །དེ་ཐུགས་ཟླ་གདན་ཧཱུཾ་ཡིག་དཀར། །ཡང་ན་འོད་ཟེར་ལྔ་ལྡན་མཐར། །ཐོག་མའི་ཨོ་དང་ཐ་མའི་ཨཱ། །ལྷག་པའི་ཡི་གེ་བརྒྱ་ཡིས་བསྐོར། །ཕྱོགས་བཅུའི་དེ་བཞིན་གཤེགས་ཀུན་གྱི། །གསང་སྔགས་རིག་སྔགས་ནུས་པ་བསྡུས། །སྔགས་རྣམས་ཀུན་གྱི་ངོ་བོར་དམིགས། །ངག་ཏུ་གཟུངས་སྔགས་དག་པར་བཟླ། །ཞེས་པས། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་དང་ལྡན་པའམ། ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་དང་བཅས་པའི་མཐའ་མར། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲི་རྣོ་མེ་བྷ་བ། སུ་ཏོ་སྦྱོ་མེ་བྷ་བ། སུ་པོ་ཁྱོ་མེ་བྷ་བ། ཨ་ནུ་རཀྟ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲ་བྷ་བ། མ་ཧཱ་ས་མ་ཡ་ས་ཏཱ་ཨཱཿ དེ་དག་བོད་ཀྱི་སྐད་དུ། རྡོ་རྗེ་སེམས་དཔས་དམ་ཚིག་རྗེས་སུ་སྐྱོང་། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཉེ་བར་གནས། །བདག་ལ་བསྟན་པར་མཛད་དུ་གསོལ། །བདག་ལ་ཤིན་ཏུ་དགྱེས་པར་


CMR033_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །བདག་ལ་ཤིན་ཏུ་རྒྱས་པར་མཛོད། །བདག་ལ་རྗེས་སུ་ཆགས་པར་མཛོད། །བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། །ལས་ཀུན་ལ་ཡང་བདག་སེམས་ལ། །དགེ་ལེགས་སུ་མཛོད་ཅིག་ཧཱུཾ། ཧ་ཧ་ཧ་ཧ་ཧོ༔ ཞེས་པ་ཡང་བཞད་ཅིང་བཞད་ནས་རྒོད་ཅིང་རྒོད་པ་དང་ངོ་མཚར་བ་དང་ལྔ་རུ་བསྒྱུར་བར་མཛད་པར་ཡང་སྣང་། བཞད་དང་པོ་ཀུན་བཟང་སྟེ་རྟེན་བརྟེན་པ་དང་བཅས་པའི་ཏིང་ངེ་འཛིན། གཉིས་པ་ངོ་བོ་མཐོང་བའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། གསུམ་པ་སྣང་སེམས་གཉིས་མེད་འགྱུར་མེད་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་ཟུང་འཇུག་ལའང་བཤད་བཞི་པས་སྤངས་རྟོགས་མཐར་ཕྱིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཧོཿ ཡིག་ནི་དེ་ལྟ་བུའི་རྟོགས་པ་ལ་ངོ་མཚར་བའོ། །དེའི་འཕྲོས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱིས། རྡོ་རྗེ་བདག་མ་འདོར་རམ་རྣམ་གྲོལ་དུ་བསྒྱུར་བའང་སྣང་། རྡོ་རྗེ་ཅན་ཀུན་མཛོད། དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ ཞེས་པ་བོད་སྐད་དུ། དེ་ཡང་ཁ་ཅིག་ཤ་ཥ་ཡར་སྦྱར་གྱིས་སུཏོོ་སོགས་ཟེར་ཏེ་དེ་ན་ནི་ཡི་གེ་བརྒྱ་ལ་གཉིས་མ་ཚང་ཡང་ཁ་ཅིག་གིས་གཉིས་ལྷག་ཅེས་པ་དང་། གཞུང་ཉིད་དུ་ཐོག་མའི་ཨོ་དང་ཐ་མའི་ཨཱ༔ ལྷག་


CMR033_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེ་བརྒྱ་ཞེས་པ་དེ་མ་གོ་བར་ཟད། དེ་ཡང་ཐོག་མའི་ཨོ་ནི། བདེ་ལེགས། ངེས་ལེགས། བཀྲ་ཤིས། བྱིན་ཆགས་ཀྱི་དོན་དང་། ཐ་མའི་ཨཱཿ ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྟེང་དུ་འབེབས་པའི་དོན་དུ་གསུངས་པའི་དེ་གཉིས་མི་བགྲང་བའི་ཡི་གེ་བརྒྱ་ནི། རིགས་བརྒྱའི་སྙིང་པོའོ། །དེ་ལྟ་བུའི་སྔགས་དེ་ལ་ནན་ཏན་བྱེད་དེ་བཟླ་བ་ཡིག་དོན་གྱི་རྡོར་སེམས་སོ། ༈།གཞན་ཡང་སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་སྟེ། བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། དཔེར་ན་ཁ་དྲག་པོའི་བུ་ལོན་འོང་བ་ལ་མ་ཁོར་ནས་ཞུ་བ་བྱས་པ་དང་འདྲ། ཞེས་གསུངས་སོ། །སྔོན་མི་གདུང་བ་སོར་མོའི་ཕྲེང་བ་ཅན་ཞེས་བྱ་བ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པའི་མི་སྡིག་ཅན་ཞིག་ཀྱང་། རྣམ་པར་སུན་འབྱིན་པའི་སྟོབས་ཉམས་སུ་བླངས་བས་སྡིག་པ་བྱང་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ནི་འགྱོད་པ་ཆེན་པོ་དང་སྲོག་ལ་ཡང་ལྟོས་མེད་དུ་ཕུལ། ཁྱད་པར་ཅན་དང་ཕལ་པོ་ཆེའི་སྤྱན་


CMR033_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤགས་པར་བགྱིའོ། ༈ །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེས་སྡིག་པ་ཟད་པར་བྱེད་དེ། དཔེར་ན་ངན་སྐྱུགས་ཀྱི་འདམ་རྫོབ་ཏུ་ཆུད་པའི་གང་ཟག་གཅིག །འདམ་རྫབ་ནས་ཕྱུང་ནས་ཁྲུས་བྱས་ཏེ་དྲི་བཟང་པོ་བྱུག་པ་དང་འདྲ། ཞེས་གསུངས་སོ། །ཁྱེའུ་བདེ་བྱེད་ཅེས་བྱ་བ་མ་བསད་པའི་སྡིག་ཅན་ཞིག་ཀྱང་། གཉེན་པོའི་སྟོབས་ཉམས་སུ་བླངས་བས། སྡིག་པ་དག་ནས་ལྷར་སྐྱེས་ཏེ། འཕགས་པ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། ༈ །ཉེས་པ་ལས་བཟློག་པའི་སྟོབས་ནི་རྣམ་སྨིན་གྱིས་འཇིགས་ནས། ཕྱིན་ཆད་སྡིག་པ་འཕྲོ་བཅད་དེ་སྡོམ་པའོ། །དཔེར་ན་ཆུ་རྒྱུན་གནོད་པ་ཅན་གྱི་འོལ་ཁ་བསྒྱུར་བ་དང་འདྲ། ཞེས་གསུངས་སོ། །སྔོན་གཅུང་དགའ་བོ་ཞེས་བྱ་བ་བུད་མེད་ལ་ཆགས་པའི་སྡིག་ཅན་ཞིག་ཀྱང་། ཉེས་པ་ལས་ཟློག་པའི་སྟོབས་ཉམས་སུ་བླངས་པས་སྡིག་པ་དག་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ༈ །རྟེན་གྱི་སྟོབས་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དཔེར་ན་ཁ་ཉེན་པོས་དབང་པོ་ཆེ་ལ་འཇུས་པའམ། དུག་ལ་སྔགས་ཀྱིས་བཏབ་པ་


CMR033_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། ཞེས་གསུངས་སོ། །སྔོན་རྒྱལ་བུ་མཐོང་ལྡན་ཞེས་བྱ་བ་ཕ་བསད་པའི་སྡིག་ཅན་ཞིག་ཀྱང་། རྟེན་གྱི་སྟོབས་ཉམས་སུ་བླངས་པས་སྡིག་པ་དག་ནས་བྱང་ཆུབ་སེམས་དཔར་གྱུར་ཏོ། །དེ་ལྟར་ཡང་། ལུང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །དེ་ལྟར་སྟོབས་དེ་དག་རེ་རེས་ཀྱང་སྡིག་པ་དག་པར་འགྱུར་ན། བཞི་ཀས་བཤགས་ན་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ལྟར་བཤགས་པས་སྡིག་པ་དག་པའི་རྟགས་རྨི་ལམ་དུ་ཞོ་དང་འོ་མ་ལ་སོགས་པ་འཐུང་བ་དང་། ཉི་མ་དང་ཟླ་བ་མཐོང་བ་སོགས་རྨིའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡི་གེ་བརྒྱ་པའི་དག་ཐེར།next