Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།next

སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།


CMR033_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །བསྐྱེད་རིམ་སྐོར།


CMR033_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །ཚེ་རབས་གཏན་གྱི་སྐྱབས་གཅིག་རྗེ་བཙུན་མ། །སྒོ་གསུམ་གུས་པས་གསོལ་འདེབས་ལུས་ངག་ཡིད། །ཉིད་ཀྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །རྗེ་བཙུན་དམ་པ་དེ་ཉིད་ཀྱི་དྲུང་དུ། ཕྱིས་ཁོ་བོའི་ལོ་མཚམས་བྱས་སྐབས་རིམ་གཉིས་ཀྱི་ཉམས་ལེན་ལ་ཐེ་ཚོམ་གང་བྱུང་གི་ཞུས་ལན་བརྗེད་ཐོར་བཀོད་པ་ནི། ལགས། རྒྱུན་ཁྱེར་གྱི་ཉམས་ལེན་ལ་འདོན་པའི་གོ་རིམ་དང་སྔ་མ་ཐུན་བསྡུ་བ་དང་། ཡང་ན་གནས་འགྱུར་སོགས་ཀྱི་ངེས་པ་དགོས་ལགས་སམ་ཞུས་པས། གོ་རིམ་ཚེ་སྒྲུབ་དང་བདེ་ཆེན་ཞིང་སྒྲུབ་


CMR033_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་རྗེས་རྒྱལ་བ་རྒྱ་མཚོ་འདོན་པ་ལེགས་ཏེ། ཚེ་དཔག་འོད་དཔག་གཉིས་བླ་མ། རྒྱལ་བ་རྒྱ་མཚོ་ཡི་དམ་ཡིན། སྒྲོལ་དཀར་ནི་མཁའ་འགྲོ་སྟེ་ཚེ་དཔག་གི་ཡུམ་ཡང་ཡིན། ཞི་དྲག་ལ་སོགས་གཞན་རྣམས་གོ་རིམ་ཁྲིག་ཁྲིག་མི་དགོས་ཐུན་མཚམས་གང་བདེར་འདོན་ཆོག །སྔ་མ་ཐུན་བསྡུ་བ་དང་། གནས་འགྱུར་བ་སོགས་རྣམ་རྟོག་གི་ཕྲེང་བ་མི་དགོས། སེམས་ངོར་བལྟས་པས་ཐུན་བསྡུ་ཚར་ནས་ཡོད། སེམས་ངོ་མ་ཡེངས་པའི་ངང་ནས་ལྷ་གང་འདོད་ཀྱི་སྐུ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་བསྒོམ་པ་དྲན་རྫོགས་ཡིན། མངོན་རྟོགས་སྤང་ལེན་མི་འོང་བ་ནི་ལྷ་ཐམས་ཅད་


CMR033_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་གཅིག་ཡིན། དེ་རང་གི་སེམས་ཀྱི་ངོ་བོ་སྟོང་རྗེན་ལྷང་ངེ་བ་དེ་ལྷ་དངོས་ཡིན། སྐུ་མདོག་ཕྱག་མཚན་ལ་ངེས་པ་མེད་གསུངས། ༈ ཚེ་སྒྲུབ་ཀྱི་གཞལ་ཡས་ཁང་རྟ་བབས་སྟེང་ཐོག་སོགས། རྒྱལ་བ་རྒྱ་མཚོ་ལྟར་བསྒོམས་པས་ཆོག་གམ་ཞུས་པས། དེ་རྒྱལ་བ་རྒྱ་མཚོ་དང་འདྲ་གསུངས། ། ༈ པདྨ་རིན་ཆེན་རྡོ་རྗེ་ཟེར་བ་དང་། ཁོར་ཡུག་དང་འོད་ཀྱི་དྲྭ་བ་དེ་རྣམས་གང་ལྟར་ལགས་ཞུས་པས། དཀྱིལ་ཐང་དུ་གསལ་ལྟར་ནང་དུ་ལྷ་བཞི་རེ་དང་རྒྱབ་ཏུ་ཡུམ་ལྔ་དེ་དག་གི་མཚམས་རྣམས་སུ་པདྨ་དང་རྡོ་རྗེ་རིན་པོ་ཆེས་མཚན་པའོ། །ཁོར་ཡུག་ནི་དུར་ཁྲོད་མེད་པའི་ཁྱམས་སྟོང་པའོ། །འོད་ཀྱི་དྲྭ་བ་ནི་ཕྱིའི་སྲུང་འཁོར་མེ་རི་སོགས་པ་ཡིན་གསུངས། ཕྱིའི་སྲུང་འཁོར་ནི་རྡོ་ར་མེ་རིས་ཆོག་གམ། དྲུག་རིམ་དགོས་སམ། ཞུས་པས། དེ་རྡོ་ར་མེ་རིས་ཆོག་གསུངས། ༈ ཟབ་པའི་མཐར་ཐུག་གི་གཞུང་དུ་རང་གི་སྙིང་གར་ས་བོན་དང་། སྔགས་འཁོར་སོགས་ཀྱི་གསལ་ཁ་མི་འདུག་པ་དང་། སྤྱི་བོའི་ཨོ་རྒྱན་ཚེ་དཔག་མེད་རིགས་བདག་དང་དབྱེར་མེད་ཆོག་གམ། ལར་ཐམས་ཅད་རིགས་བདག་བླ་མ་དང་དབྱེར་མེད་བསྒོམ་ན་ལེགས་སམ་ཞུས་པས། ཟབ་པའི་མཐར་ཐུག་གི་བདག་གཙོ་བོའི་


CMR033_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཡིག་འབྲུ་བཞི་སྦྲག །སྤྱི་བོའི་ཨོ་རྒྱན་ཚེ་དཔག་གི་ཐུགས་ཀར་ཧྲཱིཿཡིག་རྐྱང་པ། དེ་གཉིས་ཀའི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་དང་པོ་དལ་བུ་དེ་ནས་ཇེ་མགྱོགས་སུ་འཁོར་བར་བསྒོམ། ཨོ་རྒྱན་ཚེ་དཔག་དང་བླ་མ་དབྱེར་མེད་བསྒོམ་ན་ལེགས། ཨོ་རྒྱན་ཚེ་དཔག་དང་རིགས་བདག་དབྱེར་མེད་བྱས་ཀྱང་མི་འགལ་ཏེ་དེ་མིན། ཨོ་རྒྱན་ཚེ་དཔག་མེད་ནམ་མཁའ་ན་སྐུ་ཆེན་པོ་ཡོད། རིགས་བདག་ནི་ཐོར་ཚུགས་ཀྱི་རྩེར་སྐུ་ཆུང་ངུ་ལས་མེད་ཀྱང་དེ་ཡང་སྤྲུལ་སྐུ་ཡིན། ལོངས་སྐུ་མིན། ལྷ་ཐམས་ཅད་ཀྱི་རིགས་བདག་དང་བླ་མ་དབྱེར་མེད་ཡིན་ཏེ། འོད་ཞུ་སོགས་མི་དགོས། བསྐྱེད་རིམ་བསྡུ་བའི་སྐབས་སུ་དོན་གྱིས་ཚང་འགྲོ་གསུངས། ༈ ཐེབ་བདུན་གྱི་རྗེས་ལ་ཟེར་བ་འདི་ངེས་པར་དགོས་སམ། ཟབ་པའི་མཐར་ཐུག་ཡི་དམ་གཞན་ལ་སྦྱར་དུས་ཐུགས་ཀར་ཡིག་འབྲུ་བཞི་སྦྲག་དགོས་སམ། ཚེ་འཛུགས་ཟེར་བ་འདི་བསྟིམ་པ་དང་དོན་གཅིག་གམ་ཞུས་པས། ཐེབ་བདུན་ངེས་པར་མི་དགོས་སྐབས་སུ་ཆོག །ཡི་དམ་གཞན་ལ་ཟབ་པའི་མཐར་ཐུག་སྦྱར་དུས་རང་གཞུང་ལྟར་ཆོག །འདིའི་ས་བོན་དང་སྔགས་འཁོར་མི་དགོས། ཚེ་འཛུགས་པ་དང་བསྟིམ་པ་གཉིས་


CMR033_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མི་གཅིག །འཛུགས་པ་ནི་ཀ་བ་བཙུགས་པ་ལྟར་བརྟན་པོ་བྱས་པའི་མིང་རེད་གསུངས། ཚེ་འགུགས་དུས་ལྷ་མོ་རང་རང་གི་བུམ་པའི་བདུད་རྩི་སྤྱི་བོའི་ཚེ་དཔག་གི་ཕྱག་ཏུ་བསྡུའམ་ཞུས་པས། དེ་སྤྱི་བོའི་ཚེ་དཔག་གི་ཕྱག་གི་བུམ་པར་བསྡུས་ནས་བདུད་རྩིས་བདག་ལུས་བཀང་བ་སོགས་གོང་ལྟར་རོ། ༈ །ཡང་གསང་གུད་སྦས་ཀྱི་རང་དང་སྤྱི་གཙུག་གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་དགོས་སམ་རང་གཞན་རྣམས་ཀྱང་རེ་རེ་བཞིན་དགོས་སམ་ཞུས་པས། རང་དང་སྤྱི་གཙུག་གཉིས་ཀྱི་ཐུགས་ཀར་སྔགས་ཕྲེང་ཐོན་ན་ལེགས། མ་ཐོན་ཀྱང་རང་གཞུང་གིས་འཐུས། སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཡིན། ཡེ་ཤེས་སེམས་དཔའ་ཡབ་རྐྱང་ཡིན་ཡུམ་བྱས་ཀྱང་མི་འགལ། ཡུམ་གྱི་ཕྱག་མཚན་པདྨའི་ཕྲེང་བ་པདྨ་རཱ་ག་ཡིན། འཁོར་ལྷ་རྣམས་ལ་སྔགས་འཁོར་མེད་འབྲུ་གསུམ་གཙོ་འཁོར་ཐམས་ཅད་ལ་དང་པོ་བསྒོམས་པས་འཐུས། རྒྱུན་དུ་གསལ་མི་དགོས་གསུངས། ༈ ནམ་མཁའི་གཏོར་མིང་གི་འཆི་བསླུའི་སྐབས་སུ་ལུས་ནམ་མཁའི་ངོ་བོར་གྱུར་ཟེར་བ་ཇི་ལྟར་ལགས། འདི་དུས་ཐ་མལ་ལུས་ཀྱིས་ཆོག་གམ་ཞུས་པས། ལུས་ནམ་མཁའི་ངོ་བོར་གྱུར་པ་ནི་ནམ་མཁའ་ལྟར་སྐྱེ་


CMR033_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་གཞོམ་གཞིག་དང་བྲལ་བར་བསྒོམ། རང་ཐ་མལ་ལུས་ཀྱིས་ཆོག །ཡི་དམ་དུ་བསྒོམ་ཡང་རུང་། ལར་འདི་ས་སྐྱའི་ལམ་འབྲས་དང་། མཁའ་སྤྱོད་པའི་བཀའ་འབུམ་ནས་ཀྱང་འབྱུང་གསུངས། ༈ འཆི་མེད་རིག་འཛིན་གསང་རྒྱུད་ནས་གསུངས་པའི་འཆི་བསླུ་འདིའི་རྡོ་རྗེའི་རྭ་དང་སྔགས་འཁོར་དང་འོད་ཀྱི་ཁ་དོག་སོགས་ངེས་མ་བྱུང་ཞུས་པས། རང་ལུས་གསེར་གྱི་རྡོ་རྗེ་འགྲེང་ཐབས་སུ་གནས་པའི་ཡར་མར་གྱི་རྭ་ལྔ་ལྔ་ལ་སྔགས་ཚན་གཉིས་ཀྱིས་བསྐོར་བར་བསྒོམ། སྔགས་དང་འོད་ཟེར་ཁ་དོག་ལྔ་ལྡན་ཡིན་གསུངས། ༈ འཆི་བསླུ་བརྒྱ་རྩ་ཟེར་བ་དམིགས་པ་བརྒྱ་རྩས་ཆོག་གམ་ཞུས་པས། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་འཆི་བསླུ་འདི་ལ་རྡོར་སེམས་མ་བསྒོམ་པར་བླ་མ་ཡབ་ཡུམ་བྷེ་པས་གཉིས་ཀའི་དོན་ཚང་བ་ཞིག་འོང་འདུག །འཆི་བསླུ་བརྒྱ་རྩ་བརྒྱད་ནི་དམིགས་པ་བརྒྱ་རྩ་བརྒྱད་བསྒོམས་པས་འཐུས་གསུངས། ༈ རྒྱུན་ཁྱེར་དུས་འོད་ཆོག་གི་རྒྱུད་སྡེ་སོ་སོའི་དམིགས་པ་རྫོགས་དཀའ་བར་གདའ་བས་གང་གལ་ཆེ་ཞུས་པས། འོད་ཆོག་གི་ཚེ་སྒྲུབ་དང་། བླ་མེད་ཀྱི་དམིགས་པ་གལ་ཆེ་གསུངས། ༈ རྒྱལ་བ་རྒྱ་མཚོའི་སྤྲོ་བསྡུའི་སྐབས་སུ་


CMR033_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་རིགས་སོ་སོའི་སྐུ་མདོག་བསྒོམས་སམ། རང་གཞུང་ལྟར་དམར་པོ་བསྒོམས་པས་ཆོག །རིགས་སོ་སོའི་སྤྱན་རས་གཟིགས་ཀྱི་ང་རྒྱལ་བཟུང་དུས་ཀྱང་ཇི་ལྟར་བྱ། །སྐབས་སུ་འཁོར་བ་དོང་སྤྲུགས་ཀྱི་དམིགས་པ་ཐུན་རེ་བསྒོམས་ན་ལེགས་སམ། འདི་དུས་འགྲོ་དྲུག་རིགས་སོ་སོའི་ཞིང་དང་སྐུར་བསྒོམ་པ་དང་། བདེ་ཆེན་ཞིང་དང་འདྲ་བ་ཁོ་ནར་བསྒོམ་པ་ལ་ཁྱད་པར་ཅི་ལགས་ཞུས་པས། རྒྱལ་བ་སྲས་བཅས་ངོ་བོ་རིགས་ལྔའི་སྤྱན་རས་གཟིགས་ལ་རྣམ་པ་རང་གཞུང་ལྟར་དམར་པོར་བསྒོམས་པས་ཆོག །རིགས་སོ་སོའི་ང་རྒྱལ་དུས་སྐུ་མདོག་སོ་སོར་བསྒོམས་ཀྱང་རུང་། མ་ཐོན་ན་དམར་པོ་བསྒོམས་པས་མཐུས། འཁོར་བ་དོང་སྤྲུགས་ཀྱི་དམིགས་པ་ཐོན་ན་ལེགས། མ་ཐོན་ཀྱང་མི་འགལ། འགྲོ་དྲུག་རིགས་སོ་སོའི་ཞིང་དང་སྐུར་བསྒོམ་པ་ནི་རྒྱས་པ། བདེ་ཆེན་ཞིང་དང་རང་འདྲ་ཁོ་ནར་བསྒོམ་པ་བསྡུས་པའོ། ༈ །འཁོར་ལོ་ལྔའི་བསྲེ་བའི་དམིགས་པ་འདི་ཐུན་རེ་བྷེ་ན་ལེགས་སམ་ཞུས་པས། འདི་ངས་ནི་ལོ་མང་བསྒོམས་པ་ཡིན་ཏེ་རླུང་ནི་བཟུང་མ་ཐོན། ཁྱེད་རང་ན་སོ་གཞོན་པས་རླུང་བཟུང་ནས་བསྒོམས་ན། སེམས་ངོར་བོགས་ཆེ་བ་རྒྱུད་དང་མན་ངག་ཀུན་


CMR033_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་པ་ལེགས། ༈ སྒྲོལ་དཀར་གྱི་ཡིད་བཞིན་འཁོར་ལོར་རྒྱས་བསྡུས་གཉིས་ཁྱད་པར་གང་ཟབ། རྒྱས་པ་དུས་བླ་མ་ལ་སོགས་བསྲུང་བྱའི་མཚན་སྔགས་ཐུགས་ཀར་བསྒོམ་པ་དང་། ཕྱིའི་འཁོར་ལོའི་ནང་དུ་ལུས་དངོས་བསྒོམ་པ་གཉིས་དགོས་སམ། །འཁོར་ལོ་གདན་ཐབས་སུ་བསྒོམ་རྒྱུ་ཡིན་ནམ། རྡོལ་སྐྱིལ་དུ་བཞུགས་པ་ལ་རྡོ་རྗེའི་གདན་ཟེར་ལེགས་སམ་ཞུས་པས། ཡིད་བཞིན་འཁོར་ལོ་རྒྱས་བསྡུས་གཉིས་ལུགས་གཉིས་ཡིན། རྒྱས་པ་ཟབ་པ་འདྲ། བསྲུང་བྱའི་མིང་ཡིག་དང་ལུས་དངོས་བསྒོམ་པ་གཉིས་ཀ་འགྲུབ་ན་ལེགས། གང་རུང་རེ་རེས་ཀྱང་ཕན། འཁོར་ལོ་གདན་ཐབས་ཀྱི་སྟེང་དུ་སྔགས་དང་རྡོ་རྭ་མེ་རི་ལྔ་རིམ་ཡིན། རྡོ་རྗེའི་གདན་རྡོལ་སྐྱིལ་ཡིན་གསུངས། ༈ འོད་འབར་གྱི་མཚམས་གཅོད་སྲུང་འཁོར་དང་སྣོད་བཅུད་ལྷར་བསྒོམ་ཚུལ་དང་ཡན་ལག་བདུན་པ་འདོན་ཚེ་རྫོགས་རིམ་ཁོ་ནས་ཆོག་ལགས་སམ། ཐག་ཆོད་པར་མ་བྱུང་ཞུས་པས། མཚམས་གཅོད་དུས་རང་ལུས་གསེར་གྱི་རྡོ་རྗེར་བསྒོམ་པའི་འོད་ཟེར་གྱིས་རྡོ་རྗེའི་རྭ་གུར་མེ་རི་དང་བཅས་པའི་སྲུང་འཁོར་བྷེ། ཡེ་ནས་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་ཡིན་པ་ཤེས་པར་


CMR033_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི། དེ་ལྟར་བསྒོམ་མི་དགོས་ཡན་ལག་བདུན་པ་འདི་ཨ་ཏི་ཡོ་གའི་ལུགས་རེད་པས་དམིགས་པ་བསྒོམ་མི་དགོས་སེམས་ངོའི་ངང་ནས་འདོན་ཆོག་གསུངས། ༈ ཞི་དྲག་སེང་གསུམ་འདོན་དུས་ཇི་ལྟར་ལགས་ཞུས་པས། དང་པོ་རང་འོད་འབར་དུ་བསྒོམ་པ་དེ་གནས་འགྱུར་ནས། དྲག་པོ་བསྒོམ་དུས་དབུ་གཙུག་ཏུ་འོད་འབར་སྐུ་ཆུང་ངུ་ཞིག་རིགས་བདག་གི་ཚུལ་དུ་བསྒོམ། ཞི་བ་མི་འདོན་ན་རང་ཉིད་དྲག་པོའི་ཐུགས་ཀའི་འོད་ཟེར་ཟངས་མདོག་དཔལ་རིར་འོད་འབར་གྱི་ཐུགས་ཀར་ཕོག་པས་དྲག་པོའི་སྐུར་ཁྲོས་ནས་འུར་སྒྲ་ཆེམ་ཆེམ་སྒྲ་དང་བཅས་ཏེ་བྱོན་ནས་རང་ལ་ཐིམ། ཐུགས་ཀར་སྔགས་ཕྲེང་གཡས་སུ་འཁོར་བར་བསྒོམས་ལ་བཟླ། དེ་གནས་འགྱུར་ནས་སེང་གདོང་མར་གྱུར་ཚེ་གྲུ་མོའི་ཁ་ཊོ་དེ་ཡབ་གུར་དྲག་ཡིན་པར་བསྒོམ། །ཐུགས་ཀར་སྔགས་ཕྲེང་གཡོན་དུ་འཁོར་བར་བསྒོམས་ལ་བཟླ། མཇུག་ཏུ་དམིགས་པ་བཅས་ཐལ་བརྡབ་བྱས་ན་ལེགས་གསུངས། ༈ རྩ་གསུམ་མཆོད་ཕྲེང་སོགས་འཛབ་ཀྱི་གོང་དུ་བཤགས་པའི་དུས་བདག་ཐ་མལ་ལུས་བྱའམ་ཞུས་པས། རང་ཐ་མལ་གྱི་ལུས་གཅིག་སྤྲོས་ལ་དེས་བྱས་པར་བསྒོམས་ན་ལེགས་གསུངས། ༈ རྟ་མགྲིན་གྱི་གཞལ་ཡས་ཁང་ཕྱི་རིན་པོ་


CMR033_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལ་ནང་དུར་ཁྲོད་སོགས་གུར་དྲག་ལྟར་ལགས་སམ། འདོད་སྣམ་ལ་མཆོད་ལྷ་བཅུ་དྲུག་དཀྱིལ་འཁོར་ཐམས་ཅད་དགོས་སམ།་རྟ་མགྲིན་རིགས་བཞིའི་ཐུགས་ཀར་ས་བོན་དང་སྔགས་ཕྲེང་མེད་དམ་ཞུས་པས། གཞལ་ཡས་ཁང་གུར་དྲག་དང་མཚུངས་གསར་མའི་ལུགས་ལ་ཕ་རྒྱུད་ལ་དུར་ཁྲོད་མེད་པར་བཤད་ཀྱང་། རྙིང་མ་ལ་ཡོད་པས་དུར་ཁྲོད་དགོས། འདོད་སྣམ་ལ་མཆོད་ལྷ་དཀྱིལ་འཁོར་ཐམས་ཅད་དགོས། རྟ་མགྲིན་རིགས་བཞིའི་ཐུགས་ཀར་ཧཱིཝདང་སྔགས་ཕྲེང་ཡོད་བསམ་པས་ཆོག །ཞིབ་པར་བྱེད་ན་དྷཱིབཛྲ་ཞེས་པའི་བཛྲ་གྱི་མལ་དུ་བུདྡྷཱ་རཏྣ་པདྨ་ཀརྨ་ཡོད་པར་བྷེ། ད་ལམ་རྟ་མགྲིན་ཚེ་བསྐྱེད་རིམ་གསལ་བའི་ངང་ནས་སེམས་ངོའི་གཤིས་མ་ཤོར་བ་ཨེ་འོང་། སྒྲུབ་པ་མ་ཚར་བར་བསྐྱེད་རིམ་མ་བསྡུས་ན་རྟགས་གསལ་པོར་འོང་གསུངས། ༈ འདིའི་ལས་སྔགས་རྣམས་སྦྱར་དུས་ཀྱི་དམིགས་པ་ཟིན་བྲིས་སུ་མ་གསལ་བས་གང་ལྟར་ལགས་ཞུས་པས། ལས་སྔགས་ནཱ་ག་ར་རཀཱ་སྦྱར་དུས་ཐུགས་ཀའི་སྔགས་ཕྲེང་ལས་མེ་འབར་བས་ནད་གདོན་ཐམས་ཅད་བསྲེག །དེའི་ཐལ་བ་བ་སྤུའི་བུ་ག་ནས་ཕྱིར་ཐོན་པས་རང་རྟ་མགྲིན་གྱི་སྐུའི་ནང་ཐམས་ཅད་མེའི་རང་བཞིན་ལྕགས་


CMR033_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་ལྟ་བུ་དམར་ལྷང་ངེ་བསྒོམ། མེ་ལྕེ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་རང་ཉིད་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་པའི་མེ་སྒྲ་ལས་སྔགས་སྒྲ་འུ་རུ་རུ་སྒྲོག་པར་བསྒོམ། ལས་སྔགས་འོག་མ་གསུམ་གྱི་ཚེ་རང་ལས་སྤྲུལ་པའི་རྟ་མགྲིན་རང་འདྲ་བས་འཇིག་རྟེན་ཐམས་ཅད་གང་སྟེ། རང་ལ་གནོད་པའི་གདོན་ཐམས་ཅད་གཡོན་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། གཡས་རལ་གྲིས་གཏུབས་ནས་ལྷག་མ་མེ་དཔུང་གིས་བསྲེགས་ཏེ་རྗེས་མེད་པར་བསྒོམ་ཞིང་། མཐར་ཁྲོ་ཆུང་དེ་དག་རང་ལ་བསྟིམ། རྗེས་སུ་གཞུང་ལྟར་བདག་འཇུག་བླངས། གཤེགས་གསོལ་མི་རུང་བདག་བསྐྱེད་སྟོང་པར་བསྡུས་ལ་བསྔོ་སྨོན་དང་ཤིས་པ་བརྗོད་གསུངས། ༈ རྒྱུན་དུ་དྲན་རྫོགས་བྷེ་ནས་སྔགས་ཕྲེང་སྐོར་ཙམ་བཟླས་ན་ཆོག་གམ་ཞུས་པས། དྲན་རྫོགས་བསྒོམས་པས་ཆོག་སྟེ་ད་རེས་སྒྲུབ་པ་ལེགས་པར་གྲུབ་པས་རྒྱུན་དུ་ལས་བྱང་ཚར་རེ་འདོན་ན་ལེགས་གསུངས། ༈ རྙིང་ལུགས་ཀྱི་ལས་བྱང་རྣམས་བདག་བསྐྱེད་རྐྱང་པ་དུས་བདག་གི་ཐུགས་ལས་སྤྲུལ་པའི་མཆོད་ལྷས་བདག་མཆོད་པ་ཡིན་ནམ། འདི་དག་ལ་དབང་བསྐུར་རྒྱས་གདབ་མི་འོང་བ་ཇི་ལྟར་ལགས་ཞུས་པས།


CMR033_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལུགས་ལས་སྤྲུལ་པའི་ལྷ་མོས་བདག་བསྐྱེད་མཆོད་པ་ཡིན། ཡེ་ཤེས་སེམས་དཔའ་བསྟིམས་པས་དབང་བསྐུར་གྱི་གོ་ཆོད་དེ། དབང་བསྐུར་ཡང་དེ་ལས་ལྷག་ཅི་མེད་པའི་ཕྱིར་རོ། །རིགས་བདག་དང་པོ་ནས་རང་ཆས་སུ་བསྒོམ་ཡོད་པས་སླར་རྒྱས་གདབ་མི་དགོས་ཏེ་གསར་མའི་ཆོ་ག་བསྡུས་པ་འགའ་ཞིག་ལའང་དབང་བསྐུར་རྒྱས་གདབ་མེད་གསུངས། ༈ རྙིང་ལུགས་ཀྱི་ལས་བྱང་འདི་དག་ལ་མཚམས་ལྷ་ཡོད་ཚུག་གི་སྐྱབས་སེམས་སོགས་བྱ་བ་ལེམས་སམ་ཞུས་པས། ལས་བྱང་བསྡུས་པ་འདི་དག་མཚམས་ལྷ་ཡོད་ཚུག་གིས་བྱ་བ་ཡིན། རྒྱས་པར་གཞན་ལ་མིན་པའང་ཡོད་དེ་སོ་སོར་གསལ་གསུངས། ༈ བསྐྱེད་རིམ་ཕྱི་ནང་དབྱེར་མེད་བསྒོམ་པ་འདི་ལྷ་གང་རུང་ལ་ཆོག་གམ་ཞུས་པས། འདི་བླ་མེད་རྒྱུད་ལ་བྱ། རྒྱུད་སྡེ་གཞན་ལ་མིན་གསུངས། ༈ ཟས་ཀྱི་རྣལ་འབྱོར་སྐབས་སུ་ནང་གི་སྦྱིན་སྲེག་གསལ་ལྟར་དང་། འདོད་ཡོན་དུ་རོལ་ཚུལ་སོགས་མང་དུ་གསུངས་པ་དེ་རྣམས་ལ་ཁྱད་པར་ཅི་ལགས་ཞུས་པས། རང་ལྷར་གསལ་ཞིང་ཕུང་ཁམས་སྐྱེ་མཆེད་ཡེ་ནས་ལྷ་ཡི་རང་བཞིན་ཡིན་པར་ཤེས་པས། ཟས་བདུད་རྩིར་བསམས་ནས་ཟ་བ་བསྡུས་པ། རང་ལྷའི་


CMR033_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྔར་ལྷ་གང་ཡིན་རིགས་ལྔའི་ཁ་དོག་ཅན་ལ་རྩ་འདབ་ཀྱི་གྲངས་མཉམ་མཁའ་འགྲོ་མ་གསལ་བཏབ་ནས་ཟ་བ་རྒྱས་པ། རང་ལྷར་གསལ་བའི་ཐུགས་ཀར་ལྷ་གང་ཡིན་གྱི་དཀྱིལ་འཁོར་བསྒོམ། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྕེ། ཁ་ཐབ་ཁུང་། ལག་པ་དགང་གཟར་བླུགས། བཟའ་བཏུང་བསྲེག་རྫས་སུ་བྷྱོ་པ་ནང་གི་སྦྱིན་སྲེག་སྟེ། དེ་གསུམ་འདྲ་གསུངས། ༈ དྲི་ཆུའི་རྣལ་འབྱོར་དུས་ཡི་དམ་རུང་གིས་ཆོག་གམ་ཞུས་པས། ཡི་དམ་གང་རུང་གིས་ཆོག །སྒང་པ་ཤེལ་བུམ་ལས་དྲི་ཆུ་བདུད་རྩིའི་རྒྱུན་དུ་བསམ་གསུངས། ༈ ཐུན་མཚམས་སུ་སྒྱུ་མ་རྨི་ལམ་ལྟར་བསམ་པ་འདི་དངོས་སུ་མ་གཏོགས་ན་བློས་བྱས་ཀྱིས་ཕན་ནམ་ཞུས་པས། དངོས་སུ་མ་གཏོགས་ཀྱང་བློས་བྱས་ཀྱིས་བསྒོམས་པས་ཕན་ཏེ། མ་དག་པའི་སྒྱུ་ལུས་ཡིན་གསུངས། ༈ ཐུན་མཚམས་སུ་ཟུང་འཇུག་གི་སྐུར་ལྡང་ནས་སྤྱོད་ལམ་བྱ་བ་འདི་རྙིང་མ་ལ་མི་དགོས་སམ་ཞུས་པས། བླ་མེད་སྤྱི་ལ་དེ་ལྟར་ཡིན་ཡང་རྙིང་མ་ལ་བདག་བསྐྱེད་བྷེ་ཚུག་གི་སྤྱོད་ལམ་རུང་སྟེ་རྙིང་མའི་སྒྲུབ་ཆེན་རྣམས་ལས་སྒྲུབ་པ་མ་ཚར་བར་བསྡུ་ཆོག་མ་གསུངས་པའོ། །གསར་མ་ལ་ཞག་གཅིག་བསྡུ་ཆོག་མ་བྱས་པར་ལུས་ནའང་རྟག་ལྟར་


CMR033_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་བར་གསུངས་ཤིང་། ཁྱད་པར་རྣལ་འབྱོར་རྒྱུད་མན་ཆད་ལ་ཡེ་ཤེས་པ་གཤེགས་གསོལ་མ་བྱས་པར་ཞག་གཅིག་ལུས་ནའང་ལྷ་བཙོན་དུ་བཟུང་བའི་ཉེས་པ་ཡོད་གསུངས། ༈ བསྐྱེད་རིམ་མཐར་དམིགས་མེད་དུ་བཞག་པ་དང་བསྡུ་རིམ་བྱ་བ་གཉིས་ལ་ཁྱད་པར་ཡོད་དམ་མེད་ཞུས་པས། ཐུན་མཚམས་སུ་དམིགས་མེད་དུ་བཞག་པ་ལེགས་ཤིང་། ལ་ཁར་བསྡུ་རིམ་བྱས་ན་འོད་གསལ་བཟུང་བའི་ཐབས་ཡིན་པས་ལེགས་གསུངས། ༈ བསྐྱེད་རིམ་དུས་ང་རྒྱལ་བརྟན་པོ་ཞིག་ཡོད་པ་དེ་མི་འོང་འདུག་པ་ཅི་ལགས་ཞུས་པས། ང་རྒྱལ་བརྟན་པོ་དེ་བསྐྱེད་རིམ་ཁ་རྐྱང་དུས་ཡིན། དེ་འཛིན་པ་ཞིག་ནས་ང་རྒྱལ་བརྟན་རྒྱུ་རང་མེད་དོ། །ཕུང་ཁམས་སྐྱེ་མཆེད་ལྷ་ཡིན་པར་གསུངས་པས་ངེས་ཤེས་ཐེ་ཚོམ་མི་དགོས་གསུངས། ༈ ས་བོན་ཧཱུྃ་མ་ཡིན་པ་རྣམས་ལ་ཇི་ལྟར་ལགས་ཞུས་པས། ཐུགས་ཀར་ས་བོན་དང་ཐུགས་ཀའི་ཆ་སྨད་དུ་ཧཱུྃ་བསྒོམ་གསུངས། ༈ གོ་འཕང་ལ་བཀོད་གསུངས་པ་ཇི་ལྟར་ལགས་ཞུས་པས། ལྷ་གང་ཡིན་དེའི་གོ་འཕང་ཐོབ་པར་མོས་པས་ཆོག་གསུངས། ༈ སེམས་ངོ་མ་ཡེངས་པའི་ངང་ནས་བསྐྱེད་རིམ་བསྒོམ་པ་ལ་བློས་བྱས་ཀྱི་ངོ་བོ་སྟོང་པར་


CMR033_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་འདི་མི་དགོས་སམ་ཞུས་པས། སེམས་ངོ་མ་ཡེངས་པའི་ངང་གིས་བསྐྱེད་རིམ་ལ་བློས་བྱས་ཀྱིས་ངོ་བོ་སྟོང་པར་བསྒོམ་མི་དགོས་གསུངས། ༈ བསྐྱེད་རིམ་འདི་ཀུན་རྫོབ་དང་དོན་དམ་གང་ལགས་ཞུས་པས། སེམས་ངོ་མ་ཡེངས་པའི་ངང་གི་བསྐྱེད་རིམ་ནི་བསྐྱེད་རྫོགས་ཟུང་འཇུག་ཡིན། ཟུང་འཇུག་འདི་དོན་དམ་ཡིན། བསྐྱེད་རིམ་ཁ་རྐྱང་གི་དམིགས་པ་ལེགས་ལེགས་ཡིན་ཡིན་འདྲ་བ་ཐམས་ཅད་ཀུན་རྫོབ་ཡིན་གསུངས། ༈ བསྐྱེད་རིམ་ལ་ལྷ་བདག་ལྟ་ཅན་དང་། དུག་གསུམ་ཅན་དུ་གོལ་གསུངས་པ་ཇི་ལྟར་ལགས་ཞུས་པས། བསྐྱེད་རིམ་ཐམས་ཅད་ཨ་འཐས་ཐེར་ཟུག་ཏུ་བསྒོམས་ན། ཞི་བ་ཞལ་སྦྱོར་བསྒོམ་དུས་འདོད་ཆགས་རང་ཁ་མ་སྐྱེས་པ་དང་། ཁྲོ་བོ་བསྒོམ་དུས་ཞེ་སྡང་རང་ཁ་མ་སྐྱེས་ནས་དགྲ་བགེགས་རྣམས་གསོད་གཏུབ་དངོས་སུ་བྱས་པ་འདྲ་བ་དང་། རྟ་ཞལ་ཕག་ཞལ་འཇིགས་བྱེད་མ་ཧེའི་ཞལ་སོགས་བྷེ་དུས་དུད་འགྲོ་དེའི་མགོ་དངོས་སུ་ཡིན་བསམ་པ་གཏི་མུག་དང་། དེ་སོགས་ལྷ་དམ་པ་རིགས་བརྒྱ་བྷི་པ་ལ་གོལ་ས་བརྒྱ་ཡོད་པར་བཤད་དོ། །ཐུགས་སྲོག་ཧཱུྃ་སོགས་ཀྱང་དངོས་པོ་ཅན་དུ་བསྒོམས་ན་སྦྲུལ་དུ་སྐྱེའོ། །དེ་བཞིན་དུ་ཡི་དམ་རྣམས་ཀྱང་ལྡེག་སྐུ་ལྟར་ཨ་འཐས་སུ་


CMR033_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན་རིག་འཛིན་གྱི་གདོན་ཞེས་ལྷ་དེ་འདྲ་བའི་འདྲེ་ཞིག་ཏུ་སྐྱེས་ཏེ་རླུང་ལྷའི་འཁོར་ཡིན། རྒྱ་གར་དུ་སྔགས་པ་ཞིག་ཤི་མལ་དུ་གཞན་བླ་མ་ཞིག་བཞུགས་པས། ཉལ་སའི་ནང་དེར་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་མཆེ་བ་ཙ་རེ་བ་ཞིག་གདའ་བས། ང་རི་ཁྲོད་འདིར་འདུག་པའི་སྔགས་པ་ཞིག་ཡིན་ཏེ། ང་ཡི་དམ་དེ་འདྲ་བའི་ཡི་དྭགས་སུ་སྐྱེས་པས་ལྟོགས་སྣང་ཆེ་བས་ང་ལ་གཏོར་མ་ཞིག་གནོངས་ཟེར་སྐད་དང་། བདག་ལྟ་ཅན་ནི་དེ་ལྟ་བུ་ཡིན་ནོ་གསུངས། ༈ འོ་ན་སེང་གདོང་མའི་སེང་ཞལ་འདི་ཅིའི་བརྡ་རྟོགས་ལགས་ཞུས་པས། སེང་ཞལ་ནི་སེང་གེའི་ང་རོས་གཅན་གཟན་ཐམས་ཅད་ཟིལ་གྱིས་གནོན་པ་ལྟར་མ་མོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་ཟིལ་གྱིས་གནོན་པའི་བརྡ་དང་རྟགས་ཡིན་ནོ། །བསྐྱེད་རིམ་གྱི་གོལ་ས་འདི་དག་སེམས་ངོ་མི་ཤེས་པའི་དུས་ཡིན་པས་དགོས་པ་མེད་གསུངས། ༈ བསྙེན་སྒྲུབ་སྲུང་ཟློག་དུས་རྩ་གསུམ་གྱི་ལྷ་ཚོགས་བསྒོམ་དུས་སྐུ་དང་གཞལ་ཡས་ཁང་སོགས་ལ་ཆེ་ཆུང་གི་ཁྱད་པར་ཡོད་དམ་ཞུས་པས། ཆེ་ཆུང་ལ་ཁྱད་མེད་ཅི་བདེར་ཆོག །སྟོང་གསུམ་ཡུངས་འབྲུར་ཆུད་པ་ཟེར་བ་ལྟར་ཡིན་གསུངས། ༈ བསྐྱེད་རྫོགས་ཟུང་འཇུག་མ་བྱུང་ཡང་


CMR033_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རེས་མོས་མ་བྱས་ནི་ཐབས་ཤེས་ཡ་བྲལ་དུ་སོང་འདུག་པས་མཐར་ཐུག་འབྲས་བུ་འབྱུང་ངམ་ཞུས་པས། དེ་ཐབས་ཤེས་ཡ་བྲལ་དུ་སོང་བས་སྟོང་ཉིད་ཁ་རྐྱང་གིས་གཟུགས་སྐུ་མི་འགྲུབ་ཅིང་སྙིང་རྗེ་མེད་ན་ཉན་ཐོས་སུ་གོལ་དོགས་ཡོད། བསྐྱེད་རིམ་ཁ་རྐྱང་གིས་ཆོས་སྐུ་མི་འགྲུབ་ཅིང་ཆགས་ཞེན་ཆེ་ན་གཟུགས་ཁམས་ཀྱི་ལྷར་གོལ་དོགས་ཡོད། དེ་བསྟན་པ་སྤྱིའི་ལུགས་ཡིན། ཀླུ་སྒྲུབ་ཀྱིས་ནི་ས་བརྒྱད་པ་ཐོབ་གསུངས། དེ་ལ་བསྐྱེད་རིམ་མཐར་ཕྱིན་པ་དགོས་གསུངས། རྟགས་ཡི་དམ་ཞལ་མཐོང་བའམ། ༈ བསྙེན་སྒྲུབ་དུས་སམ་རྒྱུན་དུའང་བསྐྱེད་རིམ་མ་ཡེངས་པར་མི་ཡོང་ཡང་། སེམས་ངོ་མ་ཡེངས་པའི་ངང་ནས་སྔགས་བཟླས་པ་མི་ནག་སྔགས་བཟླས་སུ་མི་འགྱུར་རམ་ཞུས་པས། བསྐྱེད་རིམ་མ་བསྒོམ་ཡང་སེམས་ངོ་མ་ཡེངོས་ན་མི་ནག་སྔགས་འདོན་ག་ལ་ཡིན། ལྷ་བྷེ་པ་བས་དེ་ལྷག །སྔགས་ནི་བཟླ་དགོས་དྭགས་པོས་གསུངས། ༈ ངག་གནད་སྔགས་བཟླ་བ་དང་རླུང་བཟུང་བ་གཉིས་གང་ཟབ་ཞུས་པས། རྩ་རླུང་ཁོ་ན་བསྒོམས་ན་རླུང་ཟབ་སྟེ་རང་རེས་རྩ་རླུང་གཙོ་བོར་མི་བྱེད་པས། སྔགས་བཟླ་བ་ཟབ་གསུངས། ༈ རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་དུས་རང་བྱུང་རྡོ་རྗེ་ཟེར་


CMR033_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ལགས། བསྒོམ་ལུགས་ཀྱི་གསལ་ཀའང་གནོང་ཞུས་པས། རང་རྒྱལ་བ་རྒྱ་མཚོའི་སྤྱི་གཙུག་ཏུ་སེམས་དཔའ་རང་བྱུང་རྡོ་རྗེ་ནི་ཀརྨ་པཀྵིའི་གསང་མཚན་ཡིན། དེའི་སྤྱི་བོར་ཨོ་རྒྱན་བསྒོམ། གཞན་ལྷ་ལྔ་གཞུང་ལྟར་དྲན་རྫོགས་སུ་བསྒོམ་ནས་གསོལ་འདེབས་ཚར་ནས་མཐར་རང་ལ་བསྟིམ། ལར་དམིགས་པ་མང་པོ་བས་ངོ་བོ་སྐྱོང་བ་རང་དགའ་གསུངས། ༈ ཕྱི་མ་ཁོ་ན་དོན་དུ་གཉེར་བ་ལ་ཡི་དམ་གཅིག་ཁོ་ན་སྒྲུབ་པ་དང་། ཡི་དམ་མང་པོའི་བསྙེན་སྒྲུབ་ཐེམ་པ་གཉིས་གང་དགའ་ཞུས་པས། རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་། །གསུངས་པས། ཡི་དམ་གཅིག་ལེགས་པར་སྒྲུབ་ཅིང་འགྲུབ་ན་དེས་ཐམས་ཅད་འགྲུབ་པ་ཡིན་ཏེ། རྒྱ་གར་མི་གཅིག་ལྷ་གཅིག་ཡིན་པས་གྲུབ་ཐོབ་མང་། བོད་ལྷ་མང་བས་ཕུང་ཟེར་བ་འདི་ཀུན་གྱིས་སྨྲ་འདུག་སྟེ། ལྷ་འདི་བས་འདི་ཨེ་ལྷག་བསམས་ཤིང་བསྒྲུབས་ན་སྤང་བླང་དུ་འགྲོ་བས་གཅིག་ཀྱང་མི་འགྲུབ་པའི་རྐྱེན་བྱེད། ལྷ་ཡེ་ཤེས་པ་ཐམས་ཅད་ངོ་བོ་གཅིག་ཡིན་པར་ཤེས་ན་ལྷ་མང་པོ་བྱས་ཀྱང་མི་འགལ་ཏེ། སྲིད་པ་གཏེར་ཁྱིམ་ལས། སྔགས་པ་ལྷ་མང་བ་ནི་ཕྱུག་པོ་གཉེན་མང་བ་དང་འདྲ་གསུངས། བིརྱ་པས། བདེ་མཆོག་ལོ་


CMR033_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྒྲུབ་པས་རྟགས་ཅི་ཡང་མ་བྱུང་བས་ཕྲེང་བ་ཆབ་ཁང་དུ་བསྒྱུར་ཏེ། ལྷ་མི་བསྒྲུབ་པར་དམ་བཅས། ནུབ་གཅིག་རྨི་ལམ་དུ་བུད་མེད་གཅིག་གིས་ཁྱོད་ཀྱི་ལྷ་དགྱེས་རྡོར་ཡིན་པས་ཕྲེང་བ་ཡར་ལོང་ཁྲུས་གྱིས་ལ་ཐོན་གསུངས། དེ་ལྟར་བྱས་པས་ཞག་བདུན་ནས་དགྱེས་རྡོར་ཞལ་གཟིགས། བདག་མེད་མས་དབང་བསྐུར་ཏེ་ས་དྲུག་པ་ཐོབ། ནཱ་རོ་པས་ལོ་བརྒྱད་དགྱེས་རྡོར་སྒྲུབ་པས་ཞལ་གཟིགས་ནས། བདག་མེད་མའི་ཞལ་ནས་ངེད་ཁྱོད་ཀྱི་ལྷ་མིན་པས་དངོས་གྲུབ་སྟེར་རྒྱུ་མེད། ཁྱོད་ཀྱི་ལྷ་བདེ་མཆོག་ཡིན་གསུངས། དེ་ནས་བདེ་མཆོག་ཡིག་བདུན་འབུམ་ཕྲག་བདུན་བཟླས་པས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་བདེ་མཆོག་ཞལ་གཟིགས་ནས་མཆོག་གི་དངོས་གྲུབ་ཞུས་པས། ཤར་ཕྱོགས་ན་ཏེ་ལོ་པ་ཚོལ་གསུངས། དེས་ན་ལས་འཕྲོ་ཡོད་མེད་ཀྱང་ཡོད་པ་འདྲའོ་གསུངས། ༈ བསླབ་བྱ་ལས་ནངས་ནུབ་སྐྱབས་འགྲོ་ལ་བརྩོན་དགོས་གསུངས་པས། ནུབ་མོའང་དགོས་སམ་ཞུས་པས། ཐོག་མར་བློ་ཁེལ་ངེས་རེ་བྱས་ན་ནུབ་མོར་མི་དགོས་གསུངས་པས། ༈ གཏོང་ལེན་བསྒོམ་དུས་ཐོག་མཐའ་གང་དུ་བྱས་ན་ལེགས་ཞུས་པས། སྐྱབས་འགྲོའི་མཆན་སེམས་བསྐྱེད་ཡིན། སེམས་བསྐྱེད་


CMR033_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྒོམ་བྱ་གཏོང་ལེན་ཡིན་པས་ཐོག་མར་ལེགས་གསུངས། ༈ སྙིང་རྗེ་རྣམ་གསུམ་གང་གལ་ཆེ་ཞུས་པས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དེ་རྩ་བ་ཡིན་པས་གལ་ཆེ་བར་བཤད་གསུངས། ༈ སེམས་ངོ་མ་ཡེངས་པའི་ངང་ནས་སྙིང་རྗེ་ཤར་བ་དེ་ཅི་ལགས་ཞུས་པས། དེ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྟེ་དོན་དམ་སེམས་བསྐྱེད་རང་ཡིན་གསུངས། ༈ ཚོགས་བསགས་པ་ལ་དངོས་འབྱོར་དང་ཡིད་སྤྲུལ་གང་ལྷག་ཞུས་པས། དེ་དངོས་འབྱོར་ལྷག་སྟེ་ཡིད་སྤྲུལ་དམིགས་པ་གསལ་ན་འདྲ་བར་བཤད་གསུངས། ༈ བླ་མ་ལ་ཟང་ཟིང་གི་འབུལ་བ་དང་། ལུས་ངག་གི་ཕྱག་ཕྱི་དང་། སྒྲུབ་པའི་མཆོད་པ་གསུམ་གང་ལྷག་ཞུས་པས། ཟང་ཟིང་འབུལ་བ་བས་ལུས་ངག་གི་ཕྱག་ཕྱི་ལྷག །དེ་བས་སྒྲུབ་པའི་མཆོད་པ་ལྷག །དེ་བས་ཀྱང་བླ་མ་ལས་ཐོབ་པའི་དབང་ལུང་ཆོས་གསུམ་རང་གིས་ཉམས་སུ་ལེན་ཅིང་གཞན་ལ་ཕན་ན་ལྷག་སྟེ་དེས་བསྟན་པ་འཛིན་པའི་ཕྱིར་རོ་གསུངས། ༈ རྨི་ལམ་དུ་སྲོག་བཅད་པ་སོགས་སྡོམ་པ་དང་འགལ་བ་རྨིས་ན་ཉེས་པ་ཡོད་དམ་ཞུས་པས། འདུལ་བ་ལས་མ་བྱས་པ་དང་འདྲ་ཉེས་པ་མེད་གསུངས། ཐེག་ཆེན་ལས་ནི་དེ་ལྟར་བྱས་སོ་སྙམ་པའི་འཛིན་པ་ཆེ་ན་


CMR033_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཅུང་ཞིག་ཡོད་པར་བཤད་གསུངས། ༈ ཉེས་ལྟུང་བཤགས་པ་ལ་སྟོབས་བཞི་ལྡན་དུ་བཤགས་པ་དང་རྡོར་སེམས་སྒོམ་བཟླས་གང་ཟབ་ཞུས་པས། སྟོབས་བཞི་ལྡན་པས་རྡོར་སེམས་སྒོམ་བཟླས་ལྷག །དེ་བས་ཀྱང་བཤགས་པ་བྱ་བའི་ཕྱིར་ངོ་བོ་ཡུད་ཙམ་སྐྱོང་བ་གལ་ཆེ་གསུངས། ༈ གནས་ངན་ལེན་གྱི་དྲི་མ་ཟེར་བ་འདི་ལས་ཉོན་གང་ལ་གཏོགས་ཞུས་པས། དེ་ལས་ཉོན་གང་ལའང་གཏོགས་པ་ཡོད་དེ་འདུལ་ཁྲིམས་ཀྱི་ཉེས་ལྟུང་ཕྲ་ཞིབ་དང་། ངག་འཆལ་ཚིག་རྩུབ་སོགས་བཤགས་པ་མ་ཐེངས་ན་ནམ་ཞིག་ངེས་པར་གནས་ངན་དུ་ལྟུང་དོགས་པས་གནས་ངན་ལེན་ཟེར་ཏེ་བཤགས་ཚུལ་གོང་ལྟར་རོ་གསུངས། ༈ རང་ལུགས་ལ་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གང་ལ་ངོས་འཛིན་ཞུས་པས། རང་སེམས་ཀྱི་ངོ་བོ་ལ་ལྟ་བ་བསྐྱེད་རྫོགས་གང་རུང་དང་མ་བྲལ་བར་འདུལ་ཁྲིམས་དང་མ་འགལ་བ་དེ་གསུམ་ལ་ལྟ་སྒོམ་སྤྱོད་གསུམ་གྱི་དོན་འཐུས། རང་སེམས་ཡེ་ནས་སངས་རྒྱས་སུ་ཤེས་པ་གཞི། བསྐྱེད་རྫོགས་བསྒོམ་པ་ལམ། མཐར་སངས་རྒྱས་པ་འབྲས་བུ་ཡིན་གསུངས། ༈ འཁོར་བ་ལ་སྐྱོ་བ་སྐྱེ་ཞིང་རྫོགས་པའི་བྱང་ཆུབ་ཐོབ་འདོད་པ་འདི་སྐྱོ་ཤས་དང་ངེས་འབྱུང་


CMR033_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ་ཞུས་པས། དེ་སྐྱོ་ཤས་དང་ངེས་འབྱུང་ཡིན་གསུངས། ༈ གཏོར་མ་ཕྱི་ནང་གསུམ་གང་གལ་ཆེ་ཞུས་པས། ཐེག་པ་མཐོ་བས་ནང་གི་གཏོར་མ་གལ་ཆེ་སྙམ་གསུངས། ༈ བསྙེན་སྒྲུབ་དུས་རྨིས་ལྟས་བཟང་ངན་དངོས་གྲུབ་ལེན་གསུངས་པ་ཇི་ལྟར་ལགས་ཞུས་པས། སྐད་ཅིག་གིས་མདུན་གྱི་ནམ་མཁར་བླ་མ་ཡི་དམ་གང་ཡིན་གྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་འོད་ཟེར་གྱིས་དབང་བླངས་ནས་རང་ལ་བསྟིམ་མོ་གསུངས། ༈ རྨི་ལམ་དུ་གདོན་རྟགས་བྱུང་ན་དེ་ལ་གཟིར་རུང་ངམ་ཞུས་པས། གདོན་རྟགས་གཟིར་རུང་གསུངས་༈ ལར་རྨིས་ལྟས་བཟང་ངན་གང་བྱུང་དགའ་སྡུག་གི་རྟོག་པ་མི་བྱེད་པར་བཏང་སྙོམས་སུ་བཞག་ན་དགའ་འམ་ཞུས་པས། བཟང་ངན་གང་བྱུང་ཡང་བཏང་སྙོམས་སུ་བཞག་པ་ལེགས་གསུངས། ༈ ཡིད་ཀྱི་རྣམ་ཤེས་དང་། ཉོན་ཡིད་རྣམ་ཤེས་དང་། ཀུན་གཞིའི་རྣམ་ཤེས་གསུམ་གྱི་ཁྱད་པར་གང་ལགས། རང་རིག་གི་ངོ་བོ་འདི་གང་གི་ཆར་གཏོགས་ཞུས་པས། འདི་ཚོའི་དབྱེ་བ་ཐེག་དམན་ལུགས་ཀྱི་མངོན་པ་མཛོད་དུ་གསལ། ཐེག་ཆེན་ལུགས་ནི་མངོན་པ་གོང་མ་ལ་གསལ། ངེས་པའི་དོན་ལ་ཀུན་གཞི་ནི་ཀུན་གྱི་གཞི་ཡིན་པས་


CMR033_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་གཞི་ཡིན་གསུངས་པས། རང་གི་སེམས་དགེ་མི་དགེ་གང་གི་ཕྱོགས་སུ་མ་འགྱུར་བའི་སྐབས་དེ་ཀུན་གཞི་ཡིན། འདི་ཡིན་འདི་མིན་གྱི་རྣམ་རྟོག་འཕྲོ་བ་དེ་ཡིད་ཀྱི་རྣམ་ཤེས་ཡིན། ཉོན་མོངས་པའི་རྣམ་རྟོག་ཕྲ་མོ་འཕྲོ་བ་དེ་ཉོན་ཡིད་ཀྱི་རྣམ་ཤེས་ཡིན། རང་རིག་ངོ་ཤེས་པ་འདི་དེ་གསུམ་གང་ལའང་མི་གཏོགས། རིག་པའི་ཡེ་ཤེས་ཟེར་བ་ཡིན་གསུངས། ༈ བདེ་སྨོན་འདོན་དུས་ཞིང་གི་ཡོན་ཏན་རྣམས་ཡིད་ལ་བཀོད་ཅིང་འདོན་པ་བྱེད་པ་དང་། སེམས་ངོ་མ་ཡེངས་པའི་ངང་ནས་འདོན་པ་གཉིས་གང་དགའ་ཞུས་པས། །ཞིང་གི་ཡོན་ཏན་དྲན་ཅིང་འདོན་པ་བྱེད་པ་ནི་ཞིང་དེར་སྐྱེ་བའི་རྒྱུ་ཡིན། སེམས་ངོ་མ་ཡེངས་ངང་ནས་འདོན་པ་ནི་འཁོར་གསུམ་ཡོངས་དག་གི་སྨོན་ལམ་དུ་འགྱུར་བས། དེ་གཉིས་གང་བདེ་གྱིས་གསུངས། བདེ་བ་ཅན་དུ་སྐྱེའམ་མི་སྐྱེའི་ཐེ་ཚོམ་མི་རུང་གསུངས་ཀྱང་ཐེ་ཚོམ་ཅུང་ཟད་མེད་པ་མི་འོང་བར་འདུག་པས། ཚེ་མཇུག་དང་། ཁྱད་པར་འཆི་ཁ་ཐེ་ཚོམ་བྱུང་ན་གནོད་ཚབས་ཆེའམ་ཞུས་པས། དང་པོ་ཐེ་ཚོམ་ཅུང་ཟད་ལོས་འོང་སྟེ། མདོ་རྒྱུད་དང་ཨོ་རྒྱན་གྱི་གསུངས་རྣམས་དཔང་པོར་ཡོད་པ་ལ་བསམ་ནས་ཐེ་ཚོམ་ཇེ་ཆུང་དུ་བསམས་ལ་བྱའོ། །


CMR033_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་མཇུག་དང་ཁྱད་པར་འཆི་ཁ་ཐེ་ཚོམ་བྱུང་ན་བར་ཆད་བྱེད་དོ། །བན་དེ་རྟ་མགྲིན་མགོན་ཤི་ནད་ཀྱིས་ཐེབ་འདུག་པ་ལ་སེམས་ངོ་དང་གཏོང་ལེན་བྷེ་ཞིང་མེ་ཏོག་ཆུ་སྐྱེས་ཐོན་ལ་ཞིང་དེར་སྨོན་ལམ་ཐོབ་དང་སྐྱེ་ངེས་སྨྲས་པས། ཕྱིས་ཤི་དུས་ཐུགས་དམ་ལ་བསྡད་ཅིང་ཁོའི་ཤ་ཉེས་གར་སྐྱེས་བརྟགས་དགོས་ཞེས་ནན་ཏན་ཆེ་བར། ངས་ཟླ་བ་བཅུ་ལྷག་ཙམ་ལ་གནས་འདྲེན་གྱི་དམིགས་པ་བྱས་ནས་བརྟགས་པས། རྟ་མགྲིན་མགོན་བདེ་བ་ཅན་དུ་སྐྱེས་ཏེ་མེ་ཏོག་ཁ་མ་བྱེ་ཟེར་བའི་སྒྲ་ཞིག་བྱུང་བས། ཤི་ཁ་ཐེ་ཚོམ་བྱས་པ་རེད་བསམས་ནས་དེའི་བཤགས་པར་དམིགས་ནས་ཞིང་བཀོད་ཀྱི་ཐང་སྐུ་བཞེངས་བཅུག་པ་ཡིན། འཆི་ཁར་ལས་གང་བསགས་སྔོན་དུ་སྨིན་གསུངས་པས་འཆི་ཁར་ཐེ་ཚོམ་མ་སྐྱེས་པ་གལ་ཆེ། འཇིག་རྟེན་འདིའི་ལོ་ལྔ་བརྒྱ་ལ་མེ་ཏོག་ཁ་མ་བྱེ་བའང་། མེ་ཏོག་ནང་དུ་བདེ་སྐྱིད་ཕུན་སུམ་ཚོགས་ནས་གཞན་ལྷ་མིའི་སྐྱེ་འཆིའི་སྡུག་བསྔལ་བསམས་ན་སྐྱིད་པོར་ཡིན་པར་འདུག །འཇིག་རྟེན་འདིའི་བསྐལ་པ་གཅིག་ནི་བདེ་བ་ཅན་གྱི་ཞག་གཅིག་ཡིན་པར་བཤད་པས། འདིའི་ལོ་ལྔ་བརྒྱའང་ཡུན་རིང་པོ་ཡིན་པར་སྣང་གསུངས། ༈ རྡོ་རྗེའི་བཟླས་པ་འབྲུ་གསུམ་དང་


CMR033_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྔགས་གང་ལ་སྦྱར་ན་ལེགས་ཞུས་པས། ད་སྐབས་བསྙེན་པ་མི་ཆག་པའི་ཕྱིར་བསྙེན་སྔགས་དང་སྦྱར་ན་ལེགས་གསུངས། ༈ བཟླས་བརྗོད་ཀྱི་སྔགས་རྣམས་གཞུང་ལྟར་གྱི་གྲངས་ཐོན་ན་ཚར་གཅིག་གིས་ཆོག་གམ་ཞུས་པས། དམིགས་པ་གསལ་ན་ཚར་རེ་རེས་ཆོག་སྟེ། དམིགས་པ་མ་ཟིན་ན་ཚིག་རྣམས་བཏོན་ཞན་འདྲ། དེ་བས་དབྱངས་གསལ་དང་ཡེ་དྷམ་ཚར་གསུམ་བཏོན་ན་ལེགས་གསུངས། ༈ ཐུན་མཇུག་ཏུ་ཡིག་བརྒྱ་དང་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བཟླ་བ་གལ་ཆེའམ་ཞུས་པས། ཡིག་བརྒྱ་དང་དབྱངས་གསལ་ནི་ཆད་ལྷག་ཁ་སྐོང་། རྟེན་འབྲེལ་སྙིང་པོ་རབ་གནས་ཡིན། རྒྱུན་དུ་མ་ཐོན་ཀྱང་བསྒྲུབས་པ་ཚར་དུས་སམ་སྐབས་སུ་བྱས་པས་ཆོག་གསུངས། ༈ བླ་མ་ནམ་དྲན་ཡིད་ཀྱིས་མོས་གུས་དྲག་པོ་བྱས་པས་གསོལ་བ་འདེབས་པའི་གོ་ཆོད་དམ་ཞུས་པས། ཡིད་ཀྱིས་མོས་གུས་དྲག་པོ་བྱས་པས་གསོལ་འདེབས་ཀྱི་གོ་ཆོད་གསུངས། ༈ བླ་མའི་རྣལ་འབྱོར་སྐབས་ནས་ཡན་ལག་མཐིལ་དུ་བསྒོམ་གསུངས་པ་ཇི་ལྟར་ལགས་ཞུས་པས། དེ་གཞན་ལ་ཕྱག་དབང་བྱེད་དུས་ཡིན་གསུངས་པར་གདའ། རང་གི་ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ཧཾའམ་བམ་གྱིས་


CMR033_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་བླ་མའི་ངོ་བོ། དེ་རང་གི་སྤྱི་བོར་ཕྱག་བཀབ་པས་བདུད་རྩིའི་རྒྱུན་བབ་པར་བསྒོམ་པ་དེ་ཡང་རེད། རྐང་མཐིལ་དུ་བསྒོམ་ཟེར་བ་དེ་ནི་མིན་ཀྱང་རྐང་པ་ན་དུས་དེར་སྒོམ་མི་རུང་བ་ཡང་མིན། རྡོ་རྗེ་སྐྱིལ་ཀྲུང་དུས་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ་རུང་བའི་གཏམ་འདྲ་དེ། ཕྱག་དབང་དུས་བླ་མ་པར་སྐུ་ལྟར་བྷེ་ནས་བྱ་རྒྱུ་རེད་གསུངས། ༈ ངོ་བོ་ཁོ་ན་བསྒོམ་པ་དང་། བསྐྱེད་རིམ་དང་བསྲེ་ཞིང་བསྒོམ་པ་གཉིས་བོགས་རྩལ་གང་ཆེ་ཞུས་པས། ངོ་བོ་ལ་བརྟན་པ་མ་ཐོབ་བར་དུ་ངོ་བོ་འབའ་ཞིག་བསྒོམ་ནས་བསྐྱེད་རྫོགས་ཟུང་དུ་ཆུད་ནས་ཟུང་འཇུག་ཁོ་ན་བྷེ་ན་ལེགས། ལར་དམིགས་པ་མང་པོ་བསྒོམ་པ་བས་རང་གི་ངོ་བོ་རང་དེ་ལ་ཨུ་ཚུགས་གྱིས་དང་དགའ་སྟེ་བཀའ་བརྒྱུད་པའི་ལུགས་ལ་ཆོ་ག་ཆོས་སྤྱོད་ཐམས་ཅད་འདོན་ཏེ་དམིགས་པ་གཅིག་ཀྱང་མི་བསྒོམ་པར་སེམས་ངོ་ཁོ་ན་སྐྱོང་ཞིང་འདོན་པ་ཡིན། ཁྱེད་རང་ཡང་དམིགས་པ་སྤྱན་སྤུན་ཐམས་ཅད་བསྐྱུར་ནས་སེམས་ངོ་བསྐྱང་བ་ལ་འབད་ན་ངའི་སློབ་མ་བྱེས་གསར་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཞིག་འོང་བའི་རེ་བ་ཡོད་གསུངས། ༈ དེ་དག་ནི་བསྐྱེད་རིམ་ལ་ཐེ་ཚོམ་གང་བྱུང་དང་། གོ་ཤེས་དང་ཐོས་བསམ་དམན་


CMR033_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཕྲལ་དྲན་གྱི་དོན་ལ་ཐེ་ཚོམ་གང་བྱུང་རྣམས་ཞུས་པའི་ལན་བརྗོད་པར་འཕང་ནས་བཀོད་པའོ། །གནས་མདོ་ཀརྨ་ཨ་རཱ་ག་ལ་འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་རྫོགས་རིམ་སྐོར་བཞུགས་སོ། །ན་མོ་གུ་རུ། ཀ་དག་ཆོས་དབྱིངས་གདོད་ནས་དག་པའི་ངང་། །མ་འགགས་སྒྱུ་མའི་རོལ་གར་ཅི་ཡང་བསྒྱུར། །གང་འདུལ་གདུལ་བྱའི་པད་ཚལ་འགྱེད་མཛད་པའི། །བྱིན་རླབས་གཟི་འོད་ཅན་དེས་བདག་སྐྱོངས་ཤིག །རྗེ་བཙུན་དམ་པ་དེ་ཉིད་ཁོ་བོས་ཐོག་མར་ཞལ་མཇལ་ཉིན་ཕྱག་ཆེན་གྱི་ཁྲིད་གྲལ་དུ་སོང་ནས་ཉན་པས། སྒོམ་ཟེར་བའི་གལ་པོ་ཆེ་འདི་རང་གི་སེམས་མི་དྲན་དགུ་དྲན་འདི་ལ་བལྟ་བ་ལ་ཟེར་བ་ཡིན་པར་འདུག་སྙམ་ནས་དེ་ལྟར་བལྟས་པས་གནས་འགྱུ་ངོ་ཤེས་པ་བྱུང་། དེ་ནས་ལོ་མང་ཕྱག་ཕྱིར་འབྲང་ནས་སེམས་ཁྲིད་ལན་མང་དུ་ཐོབ་ཀྱང་། རྣམ་གཡེང་ཆེ་ཞིང་རང་བརྩོན་འགྲུས་ཞེན་པས་ཉམས་ལེན་ལ་ཡར་བསྐྱེད་ཆེར་མ་བྱུང་བས། མཚམས་སུ་སྡོད་ཁ་ཡང་གནས་ཉམས་ཀྱི་ཞི་བདེ་ལ་མཆོག་འཛིན་འོང་བ་ཞིག་ལས་མེད། མཚམས་ལ་བསྡད་པས་ཟླ་གཅིག་ཙམ་ལ་གོང་གི་འཆར་ཚུལ་དེ་ཉིད་བརྟན་དུ་སོང་


CMR033_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲ་ཞིག་བྱུང་། དེ་ནས་གོང་དང་མི་འདྲ་བ་བདེ་གསལ་གྱི་ཉམས་རྣམས་གོང་ལས་གསལ་ཆ་ཆེར་སོང་བས་ཉིན་དུ་ཡེངས་མེད་ངང་རྨི་ལམ་དུའང་ལན་མང་ཟིན་པ་བྱུང་། ཡང་སྐབས་སྐབས་སུ་ཉིན་རེ་དང་ཉིན་ཕྱེད་དང་ཛ་ཚེ་ཙམ་ལ་སེམས་རྒྱུད་རྩུབ་འཁྲུགས་འཁྲུགས་བྱེད་པས་ངོ་བོ་སྐྱོང་བ་རང་ཡང་མི་འདོད་པ་བྱུང་། ཡང་སྐབས་སྐབས་སུ་སྒྲིམ་ལྷོད་ཀྱི་ཁྱད་པར་ལ་སྟོང་རྗེན་ལྷང་ངེ་བ་དང་། བདེ་ཆོམ་མེ་བ་རེས་མོས་སུ་འཆར་བ་བྱུང་ནས། དེ་དག་སྤྱན་སྔར་ཞུས་པས། འགྱུར་ལྡོག་མང་དུ་བྱུང་བས་སྐྱོན་མེད། དེ་ཅུང་ཞིག་ཡར་ད་ཡོང་བའི་རྟགས་ཡིན། སེམས་ལྷོད་ཐལ་ནས་བརྗེད་འགྲོ་བ་ཙམ་ཡང་མི་བྱ། སྒྲིམ་ཐལ་ནས་འཇུར་བུས་བཅིང་པའི་སེམས་ཡིན་པས། སྐུད་པ་འཁེལ་བ་ལྟར་སྒྲིམ་ལྷོད་རན་པར་བྱ། རྣམ་རྟོག་བྱུང་ན་གནོད་སྣང་མ་བྱེད། རྣམ་རྟོག་ཁོ་རང་སྒོམ་གྱི་དངོས་གཞི་ཡིན་པ་ཤེས་པར་གྱིས་ལ། གནས་འགྱུ་ལ་བདམ་ཁ་མེད་པར་སྐྱོང་མཛོད་གསུངས། ༈ ཡང་བསྒོམས་པས་བདེ་གསལ་མི་རྟོག་པ་གསུམ་ཀ་འཆར་ཚུལ་གཅིག་ལ་ཚང་འདུག་སྙམ་པའི་ངོས་བཟུང་ཅན་རྒྱུན་རིང་དུ་བྱུང་། སྐབས་སུ་གོང་གི་རྩུབ་ཉམས་དང་བརྗོད་དུ་མི་ལང་བའི་འཆར་


CMR033_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མང་དུ་བྱུང་ཚུལ་ཞུས་པས། ཉིན་མོར་ཡེངས་སྐབས་མེད་པ་དེ་བདེ་ཉམས་ཀྱི་སྐབས་ཡིན་ནམ་སྙམ། ཉམས་ཀྱི་སྐབས་ཡིན་ན་མི་རྟག་མེད་འགྲོ། བཅོས་རྒྱུ་ཅི་ཡང་མེད་སྔར་མོས་ལྟར་བསྒོམ་སྐྱོང་དང་། འགྱུར་ལྡོག་གི་ཞན་དུ་སོང་བ་འདྲ་བྱུང་ཡང་ཞེན་པ་རང་མིན། ཉམས་ཀྱི་འཆར་ཚུལ་ཡིན། ལར་ཅི་ཤར་ཡང་གང་ཤར་གྱི་ངོ་བོ་སྐྱོང་མཛོད་གསུངས། ༈ ཡང་གཉིད་ཡུལ་དང་རང་གར་མུན་ནག་ཏུའང་མིག་ལམ་དུ་ཐིག་ལེ་ཐིག་ཕྲན་ཁྲ་ཆེམ་ཆེམ་བྱུང་བ་དང་།་རྨི་ལམ་ཁྲལ་ཁྲོལ་ཟིན་པ་འདིས་གོ་ཆོད་དམ། ཐོད་རྒལ་བལྟ་ཐེབ་རེ་ལ་རྒྱུན་རིང་ཐུང་གི་ཁྱད་པར་རྣམས་ཞུས་པས། ནུབ་མོ་ཐིག་ལེ་ཐིག་ཕྲན་ཤར་བ་དེ་ཐོད་རྒལ་ཅུང་ཞིག་གོམས་པ་དང་རྩ་རིགས་བཟང་བའི་རྟགས་ཡིན། རྨི་ལམ་ཁྲལ་ཁྲོལ་གྱིས་ཟིན་གོ་ཆོད། དེ་འདྲ་ལན་བདུན་ཟིན་ན་བར་དོ་ཟིན་པར་བཤད། ཐོད་རྒལ་བལྟ་ཐེབ་རེ་ལ་ཡུན་རིང་ན་དགའ་སྟེ་མི་འཁྱོང་པས་ཉིན་རེ་ཇ་ཕོར་གང་འཐུང་ཡུན་ཙམ་གྱིས་ཆོག །འཇའ་འོད་ཐིག་ལེ་དང་ཉམས་ལེན་སེམས་ཀྱི་ངོ་བོར་བསྲེ་ཞིང་བསྒོམ་པ་གལ་ཆེ་གསུངས། ༈ ཡང་སྐབས་སུ་ཡུལ་སྣང་འདི་དག་ཀྱང་དངོས་པོར་གྲུབ་པ་མི་འདུག་སྙམ་པའི་སྟོང་འཛིན་ཅན་དང་། ཡང་རིག་


CMR033_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྐྱང་འདེད་འདྲ་བ་ཞིག་ལ་དེ་ནམ་མ་ཡེངས་ཡོད་ཚེ་ཅེར་རེ་བ་འདྲ་ཞིག་ལ། སྔོན་བས་འཕྲོ་རྒོད་ཆེར་བྱུང་བས་ཡེངས་དགའ་ཡང་ཆེ་བས་བློ་ཁ་མི་ཚིམ་པ་ཞིག་བྱུང་ཞུས་པས། ཉམས་བཟང་ངན་ལ་བླང་དོར་དང་དགའ་སྡུག་གི་འཛིན་པ་ཡེ་མ་བྱེད་པར་གང་ཤར་འཛིན་མེད་དུ་སྐྱོངས། ཅུང་ཞིག་གྲིམ་ཐལ་བས་རྩུབ་ཆ་ཆེ་ན། སེམས་གར་འགྲོར་བཏང་ཞིང་ལྷོད་ལ་རྒྱང་བསྲུང་འདྲ་བ་ཞིག་གིས་རྣམ་རྟོག་གང་སྐྱེས་རེ་རེའི་ངོ་བོ་ལ་བལྟས་ནས་རང་ཞི་རང་གྲོལ་ལ་འགྲོ་བ་དེ་མི་དགོས། ཆུ་ཆེན་པོ་ལ་ལྟད་མོ་བལྟས་པས་རླབས་རེ་རེ་ནས་བལྟ་མི་དགོས། བབས་ཀྱིས་བལྟས་པས་རྦ་རླབས་ཐམས་ཅད་ཆུ་ཉིད་དུ་ཐིམ་པ་འདྲ་བ་ཞིག་འོང་གསུངས། ༈ ཡང་གོང་ལྟར་སྐྱོང་ཞིང་ཡོད་པས། ནམ་ཅི་འདྲ་ཞིག་རེད་ཐལ་ཆ་མེད་པར། གོང་དང་ཡེ་མི་འདྲ་བར་འདི་སྒོམ་གྱི་གཏད་སོ་དང་བལྟ་བྱ་ལྟ་བྱེད་ཐ་དད་ཡེ་མེད་པར་ཧད་ཧོད་འདྲ་བ་ཞིག་བྱུང་ནས་གོང་དང་མ་མཐུན་པས་ཐེ་ཚོམ་མང་དུ་སྐྱེ་ཞིང་སྐྱོང་ལུགས་འདྲ་མ་ལེགས་པ་ཡིན་ནམ་སྙམ་ནས་བལྟ་ལུགས་མི་གཅིག་པ་མང་དུ་བྱས་ཀྱང་གོང་ལྟར་ཡེ་མ་བྱུང་བས་བློ་ལས་སུ་མ་རུང་ནས་ཞུས་པས། དེ་ནི་ངོ་བོ་མཐོང་བ་ཡིན་པ་འདྲ་བས་བོགས་ཆེན་པོ་


CMR033_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཟིན། གོང་ལྟར་གསལ་ཆ་སོགས་དགོས་བསམ་པ་མ་བྱེད། བསྒོམ་རྒྱུ་མེད་པ་འདྲ་བ་དེའི་ངང་དུ་སྒོམས་དང་སྤྲོས་བྲལ་གྱི་སྣེ་ཁོ་ཟིན་པ་ཡིན། ད་ནི་གོང་ལྟར་གྱི་འཕོ་འགྱུར་ཆེན་པོ་ནི་མེད་དེ། གསལ་མི་གསལ་ཅུང་ཟད་རེ་འོང་། དྲན་རྫི་མ་བརྗེད་ཙམ་གྱིས་ཆོག་ལེགས་སོ་གསུངས། ༈ ཡང་སྐྱོང་བས་གོང་ལས་ཅུང་ཞིག་ཐེ་ཚོམ་ཆུང་ཞིང་འཆར་ཚུལ་དེ་ཉིད་ལ་ངེས་ཤེས་ཅུང་ཞིག་སྐྱེས་ཀྱང་ད་དུང་ཡང་སྐབས་སུ་རྣམ་རྟོག་གི་འཕྲོ་བ་ཆེར་འཚུབས་དུས་གནོད་སྣང་དང་གོང་གི་བསྒོམ་རྒྱུ་ཆེར་ཡོད་ཡོད་འདྲ་བ་དེ་མེད་པས་བློ་ཁ་མི་ཚིམ་པར་བྱུང་བ་དང་། དྲན་རྫི་ཁོ་ན་མ་ཤོར་བ་འདིས་ཆོག་ན་སླ་མོར་འདུག་སྙམ་པ་བྱུང་ནས་ཞུས་པས། དྲན་རྫི་མ་ཡེངས་ན་དེས་མ་ཡེངས་པའི་གོ་ཆོད། དེ་ལྟར་སྐྱོང་དང་ཡེངས་མ་ཡེངས་ཁྱད་མེད་པའི་ཉམས་ཤིག་ཤར་འོང་སྟེ། དེ་ལ་ཡང་དྲན་རྗེ་ཡང་ཡང་གསལ་འདེབས་པ་གལ་ཆེ་བར་གདའ། དྲན་རྫི་དང་བྲལ་ནས་འབྱམས་པ་ཞེས་བྱ་སྟེ། ཡར་སྐྱེད་མི་འོང་བར་སྣང་། ད་རེ་ཞིག་ལྷོད་ལ་མ་ཡེངས་པའི་དྲན་རྫི་དང་མ་བྲལ་བ་ཙམ་རེ་གྱིས་གསུངས། ༈ ཡང་རྨི་ལམ་གདོན་རྟགས་དང་དངོས་སུ་རླུང་ནད་འདྲ་བ་ཞིག་གིས་ལུས་མ་བདེ་བས་ན་བ་ལམ་དུ་ཁྱེར་


CMR033_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཞུས་པས། ཐུགས་དམ་འཕེལ་ཞིང་ཉམས་རྟོགས་སྐྱེ་བའི་སྐབས་འདིར་སྒྲིབ་པ་དག་པའི་ལས་སློང་བདུད་ཀྱི་བར་ཆད་འབྱུང་བའི་དུས་ཡིན་པས། རྒྱལ་ཆེན་པའི་འགྲིམ་ཞིག་ཡོད་པའི་རྟགས་ཀྱང་བྱུང་། མཚམས་བསྒྲུབས་བྱས་ན་ན་བ་འདི་སྣོད་དྲི་མ་ཅན་དེ་ཀར་བཞག་པས་དྲི་མ་མི་མཐོང་སྟེ། ཆུ་བླུགས་ནས་བཀྲུས་པས་ནག་ཉོག་གེ་འོང་བ་ལྟར་སྒྲིབ་པ་དག་པས་དགའ་བ་བསྒོམ། སྐབས་སུ་བཏང་ལེན་གྱི་དམིགས་པས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་རང་གི་ན་སར་བསྟིམ། དེས་འགྲོ་བའི་ནད་གདོན་ཐམས་ཅད་ཞི་བར་བསྒོམ་པ་ན་བ་སྒྲིབ་པའི་ཕྱགས་ཤིང་དུ་འགྱུར་བའི་གདམས་ངག་ཡིན། དང་པོ་ང་ནའོ་སྙམ་པའི་སེམས་མ་བཅོས་སླད་མེད་པར་རྒྱུན་དུ་བལྟས་པས་ན་བའི་རྟོག་པ་དེ་ཕྱག་རྒྱ་ཆེན་པོར་འཆར་བ་ནི་སྒྲིབ་སྦྱང་གི་མཆོག་སྟེ། རོ་སྙོམ་གྱི་རྩ་བ་ནང་གཅོད་ན་ཚ་ལ་གཅོད་པ་སྟེ། གཅོད་ཀྱི་རྩ་བ་ཡང་ཡིན། ནུབ་མོ་ཀུ་ས་ལིའི་ཚོགས་བསགས་དམིགས་པ་ཐུན་རེ་བསྒོམས་པས་ལུས་ཀྱི་གཅེས་འཛིན་ཆུང་བས་བསྲུང་བའི་མཆོག་ཏུ་འགྱུར་གསུངས། ༈ གདོན་རྟགས་བྱུང་དུས་ངོ་བོ་སྐྱོང་བ་འགྱུར་མེད་སྐྱོང་བ་དང་། བསྐྱེད་རིམ་བསྒོམ་པ་དང་། སྙིང་རྗེ་བསྒོམ་


CMR033_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་བྱས་ན་དགའ་ཞུས་པས། གདོན་རེད་བསམ་མཁན་གྱི་ངོ་བོ་ལ་བལྟས་པས་གདོན་དེ་རྣམ་རྟོག་ཁོ་ན་ཡིན། དངོས་པོར་གྲུབ་པ་མེད་པ་ཐག་ཆོད། རྣམ་རྟོག་ནི་ཆོས་སྐུ་ཡིན་པས་རི་འགྲིམ་སོགས་གཉེན་ཐོག་གཅོད་དུས་བོགས་འདོན་གྱི་རྩ་བ་ཡིན་མོད། དེས་མ་ནོན་ན་བསྐྱེད་རིམ་དང་། དྲག་སྔགས། དེས་ཀྱང་མ་ནོན་ན་བྱམས་སྙིང་རྗེ་བསྒོམ་པ་ཡིན་གསུངས། ༈ བསྔོ་བ་འཁོར་གསུམ་ཡང་དག་སོ་སྐྱེའི་སྤྱོད་ཡུལ་མིན་ནམ་ཞུས་པས། བཀའ་བརྒྱུད་པའི་ལུགས་ལ་རྟོགས་པ་འདི་ཙམ་ཡོད་ན་དེའི་ངང་ནས་བསྔོ་བ་བྱས་ན་འཁོར་གསུམ་ཡང་དག་ཡིན་པར་བཞེད། ཇོ་བོ་རྗེས་ནི་བསྔོ་རྒྱུ། བསྔོ་བ། བསྔོ་མི་གསུམ་ཀ་སྒྱུ་མ་རྨི་ལམ་ལྟ་བུར་བསམ་ནས་བསྔོ་བ་བྱས་པས་འཁོར་གསུམ་ཡང་དག་ཏུ་གཏོགས་གསུངས་བསྟན་པ་སྤྱིའི་ལུགས་ལ་འཕགས་པ་མ་གཏོགས་རང་རེ་སོ་སོའི་སྐྱེ་བོས་འཁོར་གསུམ་ཡང་དག་གི་བསྔོ་བ་བྱེད་མི་ཐུབ་པས་སངས་རྒྱས་བྱང་སེམས་རྣམས་ལ་དགོངས་གསོལ་བྱས་ནས་ངའི་འདི་འཁོར་གསུམ་ཡང་དག་གིས་བསྔོ་བ་མཛད་དུ་གསོལ། ཞེས་གསོལ་བ་འདེབས་པའམ། ཡང་ན་འཕགས་པ་རྣམས་ཀྱིས་འཁོར་གསུམ་ཡང་དག་གི་བསྔོ་བས་བསྔོ་བ་


CMR033_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་དེ་བཞིན་དུ་བདག་གི་འདི་ཡང་འཁོར་གསུམ་ཡང་དག་གི་བསྔོ་བས་བསྔོ་བར་བགྱིའོ། །ཞེས་ཡིད་སྨོན་ཙམ་ཡིན་ཏེ། འདིའི་དོན་བཟང་སྤྱོད་དང་། ལྟུང་བཤགས་མཇུག་ན་གསལ་བ་ལྟར་རོ། །བཀའ་བརྒྱུད་ལུགས་ལ་སེམས་ཀྱི་ངོ་བོ་མཐོང་ནས་ས་དང་པོ་དང་རྟོགས་པ་མཉམ་པར་བཞེད་པས། ཁྱེད་རང་ནི་ངོ་བོ་མཐོང་བ་འདྲ་དོ་བས་སེམས་ངོའི་ངང་ནས་བསྔོ་བ་བྱས་ན་འཁོར་གསུམ་ཡང་དག་འོང་། ལར་འདིའི་སྐབས་སུ་ས་སྐྱ་པ་དང་བཀའ་བརྒྱུད་པ་རྩོད་པ་མང་དུ་བྱུང་གསུངས། ༈ ཡང་རྒྱུན་རིང་དུ་བསྐྱངས་བས་ངོ་བོ་ལ་འགྱུར་ལྡོག་མེད་པ། དེ་ལ་ཡང་གསལ་མི་གསལ་ཅུང་ཟད་ཙམ་དང་། དུས་གསུམ་གྱི་རྟོག་པས་མ་བསླད་ཅིང་འདྲ་ཞེས་སྨྲ་མི་ཤེས་དཔེས་མཚོན་མི་གཏུབ་པ་ཞིག་བྱུང་བ་དང་། །དྲན་པའི་རྒྱང་སོ་དང་མ་བྲལ་ངང་ནས་བསྐྱེད་རིམ་དང་། གཏམ་དང་། ཟ་འགྲོ་མི་འགལ་བ་བྱུང་བས་འདི་ཅི་ལགས་ཞུས་པས། ངོ་བོ་འགྱུར་ལྡོག་མ་བྱུང་ཞིང་དུས་གསུམ་གྱི་རྟོག་པས་མ་བསླད་པ་སྨྲ་བ་དང་དཔེས་མི་མཚོན་པ་དེ་ཕྱག་རྒྱ་ཆེན་པོ་དངོས་ཀྱི་ངོ་བོ་མཐོང་བའི་རྟགས་ཡིན། ངོ་བོ་མ་ཡེངས་བར་བསྐྱེད་རིམ་གྱི་རྣམ་རྟོག་སྤྲོ་བ་དང་། གཏམ་དང་། ཟ་འགྲོ་


CMR033_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་ཆོག་པ་ནི་ངོ་བོ་དང་སྤྱོད་ལམ་འདྲེས་པས་ལེགས་གསུངས། ༈ སེམས་ངོའི་ཕན་ཡོན་འདི་དག་ངོ་བོ་མཐོང་བ་ཡན་ཆོད་ཅི་ཡིན་ནམ་ཞུས་པས། བདག་འཛིན་དངོས་པོ་ཅན་འདི་མི་བདེན་ནམ་སྙམ་པའི་ཐེ་ཚོམ་ཙམ་ལའང་ཕན་ཡོན་འཁོར་བ་ཧྲུལ་པོར་གཏོང་ཚུལ་གསུངས་ན། ངོ་བོ་མཐོང་བ་ལ་སྨོས་ཅི་དགོས། ས་དང་པོ་དང་རྟོགས་པ་མཉམ་པ་ཡིན་གསུངས། ༈ རྩེ་གཅིག་མན་ཆད་ཐུགས་དམ་ལ་བསྡད་ཀྱང་ས་ལམ་བགྲོད་མི་ནུས་སམ་ཞུས་པས།་རྩེ་གཅིག་དུས་ངོ་བོ་མ་མཐོང་ཡང་ཐུགས་དམ་བརྟན་པོ་འོང་། ད་ལྟ་བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་ཞེན་ཆེན་པོ་ཡོད་ན་ཁམས་གསུམ་དུ་གོལ། ཆགས་ཞེན་མེད་ན་མི་གོལ་ཏེ་སྤྲོས་བྲལ་དུ་རྟོགས་པ་ན་འཕོ་གསུངས། ༈ ཇི་ལྟར་བརྩོན་འགྲུས་བསྐྱེད་ཀྱང་སྐད་ཅིག་མ་ཡེངས་པ་ནི་མི་ཡོངས་པར་འདུག །སྔོན་བས་རྨི་ལམ་ཡང་ཟིན་གྲངས་ཉུང་ངུ་སོང་འདུག །བཀའ་བརྒྱུད་གོང་མ་རྣམས་དང་། རྗེ་ཉིད་ལ་རྡོ་རྗེ་འཆང་དངོས་ཀྱི་མོས་གུས་དང་། ཐུན་མོང་གི་སྔོན་འགྲོ་རྣམས་ལ་ངེས་ཤེས་ཆེས་ཆེར་འཕེལ་བར་བྱུང་ཞིང་། སྔོན་འགྲོ་བཞི་སྦྱོར་བླ་མའི་རྣལ་འབྱོར་སྐབས་སུ་དངོས་ཀུན་མ་དང་། རྡོ་རྗེ་འཆང་ཆུང་མ་དང་།


CMR033_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་འཛིན་རི་རྣམས་འདོན་ཞིང་ཡོད་ཞུས་པས། གཞུང་ནས་མ་བཤད་ཀྱང་དང་པོ་ཉམས་ཀྱི་སྐབས་སུ་ཉིན་ལ་སྐད་ཅིག་ཀྱང་མ་ཡེངས་པ་དང་། རྨི་ལམ་ཡང་ཟིན་གྲངས་མང་། རྟོགས་པ་དངོས་ཤར་ནས་ཡེངས་སྐབས་མང་ཞིང་། རྨི་ལམ་ལ་ཟིན་གྲངས་ཇེ་ཉུང་ལ་འགྲོ་དོ། ང་ལ་ནི་དཀོར་སྒྲིབ་འདྲ་ཡིན་ནམ་ཅི་ཡིན་མི་ཤེས་ངོ་བོ་མཐོང་ནས་ཅུང་ཟད་ཡེངས་བས་མི་སྒྲིབ་པ་དྭགས་པོས་གསུངས། རྟོགས་པའི་སྐབས་སུ་སྐད་ཅིག་ཀྱང་མ་ཡེངས་པ་ནི་ཐུགས་མཉམ་པར་མ་བཞག་པ་མི་མངའ་ཞེས་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་རེད་པས་བྷེ་མེད་ཆེན་པོའི་བར་འོང་རྒྱུ་མ་རེད། སྔོན་འགྲོའི་ཆོས་རྣམས་ལ་ངེས་ཤེས་སྐྱེས་ཤིང་། བླ་མ་ལ་བཅོས་མིན་གྱི་མོས་གུས་དང་། བླ་མའི་རྣལ་འབྱོར་སྐབས་ཀྱི་གསོལ་འདེབས་དེ་དག་ཤིན་ཏུ་ལེགས་འདུག །ཁྱད་པར་བྷེ་འདི་དྭགས་པོ་ལ་ཐུག །མ་འོངས་པ་ན་ཁོང་ལ་གསོལ་བ་བཏབ་ན་སྒོམ་སྐྱེ་བར་གསུངས་འདུག་པས། བླ་མའི་རྣལ་འབྱོར་གཙོ་བོ་དྭགས་པོ་བསྒོམ་ཞིང་། བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཅིང་ཞེས་སོགས་དྭགས་བསྟོད་མཇུག་གི་ཤོ་ལོ་ཀ་རྒྱུན་དུ་ཐོན་གསུངས། ༈ ཡང་སྐབས་སུ་ཐེ་ཚོམ་མང་པོ་འོང་འདུག་པས། བཀའ་


CMR033_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་གོང་མའི་གསུང་མགུར་ཞིག་དཔེ་ལྟས་འདོད་ཞུས་པས། གྲུབ་མཐའ་ཐམས་ཅད་ཀྱི་སྙིང་ལ་འཆང་རྒྱུ་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དེ་ལ་ཉམས་རྟོགས་ཀྱི་ངོ་བོ་སྐབས་ཀྱང་ཁ་མི་འཆམ་ཡང་། བཀའ་བརྒྱུད་ཐམས་ཅད་ཀྱི་དྭགས་པོའི་ལུགས་འདི་ཡིན། དྭགས་པོ་འདི་ཡང་ཆད་ལྟ་ཡིན་ཟེར་མཁན་དང་། ཧྭ་ཤང་ལྟ་བ་དང་། ཧར་བྷེ་ཡིན་ཟེར་མཁན་མང་དུ་བྱུང་ཡང་། །དྭགས་པོས་ང་ཡི་སྒོམ་འདི་ཕྱག་རྒྱ་ཆེན་པོ་སླད་མེད་པ་གཅིག་ཡིན་ན་ཤིང་འདི་ལ་འདི་སྐྱེ་བར་གྱུར་ཅིག་གསུངས་ནས་བྷྱོ་དྷི་ཙི་ཏའི་ཕྱག་ཕྲེང་གཅིག་ཤིང་སྡོང་སྐམ་པོ་གཅིག་ལ་རྒྱབ་པས། ཕྲེང་བ་ཤིང་སྡོང་ལ་ཐིམ་ནས་དེ་མ་ཐག་ཏུ་བྷྱོ་དྷི་ཙི་ཏའི་ཤིང་ལོ་རྣམས་སྔོ་ཕྱུར་གྱིས་སྐྱེས་སྐད། མདོ་ཏིང་འཛིན་རྒྱལ་པོ་དང་པདྨ་དཀར་པོ་ནས་དྭགས་པོ་ལུང་བསྟན་གསལ་ཞིང་། སྙིགས་དུས་བསྒོམ་ཏིང་ངེ་འཛིན་འདི་གཞན་ལ་བསྟན་པའི་ཕྱིར་དུ་ཐུབ་པས་བཀོས་ནས་བཞག་པ་རེད་པས། དྭགས་པོའི་གསུངས་ལ་ཡིད་ཆེས་སོ། །ཁྱད་པར་སྤྲོལ་བྲལ་གྱི་ངོ་བོ་མཐོང་ནས། བདེ་གཤེགས་བཀའ་ཡི་བླ་མ་བསྟེན་པའི་དུས་ཡིན་པས། ཞུས་ལན་གྱི་སྐོར་རྣམས་ལ་ཞིབ་པར་ལྟོས་དང་། སྔར་གྱི་བཀའ་བརྒྱུད་དེ་རྣམས་དངོས་མཇལ་ལྟ་བུའི་བོགས་འོང་གསུངས་ནས།


CMR033_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འབུམ་ཡང་གནང་ངོ། ༈ ཡང་དངོས་གཞི་གོང་ལྟར་ལས་དུག་ལྔ་སོགས་གང་ཤར་ལ་ཆེད་དུ་ངོ་བལྟ་ཡང་མི་དགོས་པར་རང་གྲོལ་དུ་འགྲོ་བ་དང་། འཆར་ཚུལ་བཟང་ངན་ལ་དགའ་སྡུག་གི་དེར་འཛིན་མེད་པར་བཏང་སྙོམས་འདྲ་བ་དང་། ཕྱི་ནང་གང་ལའང་མ་རེག་པ་གཏད་མེད་འདྲ་བ་ཞིག་བྱུང་ནས་ཞུས་པས། རྣམ་རྟོག་ངོ་གཉིས་མ་དགོས་པར་རང་གྲོལ་དུ་འགྲོ་བ་དེ་ལེགས། གང་ཤར་ངོས་འཛིན་མི་དགོས་པར་བཏང་སྙོམས་འདྲ་བ་དེས་ཆོག །གང་ལའང་མ་རེད་པ་འདྲ་བ་དེ་ཆེན་པོ་གསུམ་གྱི་ལྟ་བ་ལ་བློས་མ་རེག་པ་ཟེར་བ་དེ་ཡིན་པས་ལེགས་གསུངས། ༈ ཡང་ངོ་བོ་མི་རྟོག་པ་རྒྱུན་བསྲིང་བ་འདི་མི་ལེགས་གསུངས་པ་འདི་དེར་འཛིན་མེད་ན་སྐྱོན་མེད་དམ་ཞུས་པས། དེར་འཛིན་མེད་ན་རྒྱུན་བསྲིང་བ་ལ་སྐྱོན་མེད་གསུངས་སོ། ༈ ཡང་བཞག་ཚུལ་གང་ལྟར་ལགས་ཞུས་པས། སེམས་གནས་སམ་འགྱུའམ་གང་ཤར་དེའི་ངོ་བོ་ལ་གཅེར་གྱིས་ལྟ་བའང་མ་ཡིན་པར་དྲན་རྫི་མ་བྲལ་ཙམ་དུ་རང་གར་བཞག་པ་དེ་ཡིན་གསུངས། ༈ སེམས་ངོ་རྣམས་ལ་ཡེངས་ཚེ་ཕྱི་རོལ་གྱི་སྣོད་བཅུད་ལ་སྟོང་མི་སྟོང་སོགས་བློ་མི་འཇུག་པར་ལུང་མ་བསྟན་དུ་འགྲོ་འདུག་པ་འདི་ཅི་


CMR033_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཞུས་པས། དེ་བྱིསྦས་ལྷ་ཁང་མཐོང་བ་ལྟ་བུ་ཟེར་སྤྲོས་བྲལ་དངོས་ཀྱི་རྟགས་ཡིན་གསུངས། ༈ སྤྲོས་བྲལ་དུས་བཏང་སྙོམས་སུ་མ་ལུས་པར་རིག་པ་ངར་བསྐྱེད་གསུངས་པ་ཇི་ལྟར་ལགས་ཞུས་པས། དེ་ངེས་ཤེས་བསྐྱེད་རྒྱུ་ཡིན་གསུངས། ༈ མཉམ་བཞག་དང་རྗེས་ཐོབ་ཀྱི་ཁྱད་པར་གང་ལགས་ཞུས་པས། མཉམ་བཞག་སྐད་ཅིག་ཀྱང་མ་ཡེངས་པ་ཡིན། རྗེས་ཐོབ་ནི་ཡེངས་ནས་ཡང་དྲན་པས་བཟུང་དགོས་པ་དེ་ཡིན་གསུངས། ༈ ཐ་མལ་གྱི་ཤེས་པ་མ་བཅོས་པ་དེའི་མཚན་ཉིད་ཇི་ལྟ་བུ་ལགས་ཞུས་པས། ཐ་མལ་པ་སྒོམ་ཡུ་མི་ཤེས་ཁ་རོག་སྡོད་པ་འདྲ་བ་དེ་རང་ནི་མིན། དྲན་རྫི་མ་བརྗེད་ཙམ་ལ་གཏད་སོ་ཅི་ཡང་མེད་པ་དེ་ཕྱག་རྒྱ་ཆེན་པོ་རེད་གསུངས། ༈ ལུས་གནད་བྱས་ན་ཕན་ནམ་ཞུས་པས། ལུས་གནད་འཁྱོང་ན་བོགས་ཆེ། མ་འཁྱོང་ན་དཀའ་གནད་མེད་ཅི་བདེས་ཀྱང་ཆོག་གསུངས། ༈ མིག་གཉའ་ཤིང་གང་དང་སྣ་རྩེ་གཉིས་ལ་ཁྱད་ཨི་ཡོད་ཞུས་པས། མིག་སྣ་རྩེ་དང་གཉའ་ཤིང་གང་ཙམ་ལ་ཁྱད་མེད་གསུངས། ༈ ཉམས་བྱིངས་ཆེ་བས་རིག་པའི་གསལ་མདངས་མེད་སྐབས་ཞི་བྱེད་ལས་གསུངས་པའི་ལྟ་སྟངས་དེས་ཕན་ནམ་ཞུས་པས། མིག་


CMR033_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞད་བྱུང་ན་ལྟ་སྟངས་བྱའི་གཞན་མི་དགོས་གསུངས། ༈ ཡང་བླ་མ་རྒྱལ་མཚན་ཁུ་དབོན་གཉིས་བསྐྱེད་རྫོགས་ཟུང་འཇུག་དུས་དམིགས་པ་གསལ་མི་གསལ་ཟསོགས་ཀྱི་ཞལ་འཕྲོས་སྐབས། དང་པོར་ཐུན་མགོར་དམིགས་པ་ཕུར་ཚུགས་སུ་བསྒོམ། དེ་ནས་སེམས་ངོ་དང་བསྲེ་ཞིང་བསྒོམ། བསྲེས་པས་མི་གསལ་བ་འདྲ་དེ་འགྱུ་བ་བསྒོམ་དུ་མ་ཤར་བའི་སྐྱོན་ཡིན། དོན་ལ་དམིགས་པ་དེ་འགྱུ་བ་ཡིན། འགྱུ་བ་དེ་སེམས་ཡིན། སེམས་སྟོང་པ་ཡིན། སྟོང་པ་དེ་ཆོས་སྐུ་ཡིན། དོན་ལ་སེམས་ངོར་བལྟས་མ་བལྟས་ཁྱད་མེད་པར་ཆོས་སྐུ་རེད། དེ་ད་ལྟ་གོ་བ་ལོང་དང་མཐར་དེ་ལྟ་བུའི་རྟོགས་པ་སྐྱེ་འོང་གསུངས་སོ། ༈ །ཡང་སྒྱུ་མ་ལྟ་བུ་དང་དཔའ་བར་འགྲོ་བ་གཉིས་གོ་རིམ་མ་ངེས་པ་ཅི་ལགས་ཞུས་པས། །རྒྱུད་གཉིས་ལ་གོང་འོག་བསྣོལ་བ་འདྲ་ཞིག་འདུག་པས་མིང་གར་བཏགས་ཁྱད་མེད་པ་འདྲ་གསུངས། ༈ ཡང་སྔོན་དུས་ཀྱི་ཉམས་སྣང་ལེགས་ལེགས་འདྲ་བ་ཚོལ་བས་ཐ་མལ་གྱི་ཤེས་པ་བསྒོམ་རྒྱུ་མེད་མེད་འདྲ་བ་འདི་ལ་ངེས་ཤེས་སྐྱེ་བ་ཞིག་བྱུང་། བཟང་ངན་གྱི་རྟོག་པ་གང་ཤར་ཡང་ངོ་ལྟ་སོགས་མི་བྱེད་པ་དྲན་རྫི་མ་ཤོར་ཙམ་དུ་བཞག་པས་གཉིས་འཛིན་གྱི་རྟོག་པ་རང་


CMR033_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དུ་འགྲོ་འདུག་པ་ཡིད་ཆེས་པ་ཞིག་བྱུང་ཡང་། གོང་དུ་གང་ཤར་གྱི་ངོ་བོ་ལ་བལྟ་བ་དེ་ཅུང་ཞིག་བཅོས་མར་སོང་འདུག་སྙམ་པ་བྱུང་། ཡང་མ་ཡེངས་ངང་ནས་རྣམ་རྟོག་གང་སྐྱེས་ཀྱང་སྐྱེས་པ་ཉིད་ནས་ངོ་བོ་རང་སྟོང་དུ་འདུག་པས་གནོད་མི་ནུས་པར་གདའ་ཞུས་པས། ཐ་མལ་གྱི་ཤེས་པ་ལ་ངེས་ཤེས་སྐྱེས་པ་དེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན། གང་ཤར་ལ་ངོ་ལྟ་མ་དགོས་པ་དྲན་རྫི་བསྐྱངས་བས་གཉིས་འཛིན་རྟོག་པ་རང་ཞི་རང་གྲོལ་དུ་ཡིད་ཆེས་པ་དེ་མཆོག་ཡིན། གང་ཤར་གྱི་ངོ་བོ་ལ་གཅེར་གཅེར་བལྟ་བ་དེའང་ཅུང་ཟད་བཅོས་པ་རེད་དེ་མ་བལྟ་བར་སྒོམ་ཐ་མལ་དུ་ཞོག་གསུངས་པ་དེ་ཡིན། རྣམ་རྟོག་སྐྱེས་དུས་ཉིད་ནས་ངོ་བོ་སྟོང་པར་རྟོགས་ནས་གནོད་མི་ནུས་པ་ནི། རང་ལས་སྐྱེས་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་ཙིར་གྱིས་ཟུངས། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །གསུངས་པ་དེ་རེད་གསུངས། ༈ ཡང་ཁྲག་རླུང་གི་ནད་བྱུང་ནས་བྲང་ཤུལ་ན་བ་དང་། སྙིང་གཟེར་ནས་བློ་མི་བདེ་བ་ཞིག་བྱུང་ནས་ཞུས་པས། སྙིང་གཟེར་བ་དེ་གདོན་རེད་བསམ་པའི་རྣམ་རྟོག་ཡང་མ་བྱེད། སྒོམ་དང་ཉམས་ལེན་རྩེ་གཅིག་བྱེད་དུས་བློ་མི་བདེ་བ་འདི་ལ་སེམས་འདུས་པ་ཞེས་བྱ་བ་ཡིན།


CMR033_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་རྒྱུའི་སྲོག་རླུང་དེ་ཡིན། འདི་དད་པ་ཅན་ཆོས་ལ་སེམས་འདུས་པ་ཟེར། ཧ་ཀྱང་བརྩོན་འགྲུས་ཆེ་དྲག་པའི་སྐྱོན་ཡིན། དེ་རེ་ཞིག་ལུས་ངག་ཡིད་གསུམ་ངལ་བསོ་བ་ལྟ་བུ་ཞིག་གྱིས། སེམས་ཡང་རྒྱ་ཡན་དུ་ཐོངས་ལ་རྒྱང་སྲུང་འདྲ་བ་ཞིག་གྱིས། འོན་ཀྱང་སྙིང་གཟེར་མཁན་དེ་དང་པོ་གང་ནས་བྱུང་། བར་དུ་གར་གནས། ཐ་མ་གང་དུ་འགྲོ་ལན་གཅིག་གཉིས་རྩད་ཆོད། གཟེར་མཁན་དེ་རང་གི་སེམས་ལས་གཞན་མེད་པར་ཐག་ཆོད། རྗེས་ནས་ཀྱང་ནམ་གཟེར་ངོ་བོའི་སྟེང་དུ་ཞོག་དང་བོགས་འོང་། སྐབས་སུ་རང་ཐ་མལ་པའི་རྒྱབ་ན་ས་དེར། བུག་པ་སུམ་ཚོམ་ནོར་བུ་འདྲ་བ་ཞིག་གིས་ནང་ནས་ཁོག་སྟོད་འཚང་བའི་རླུང་ནད་ཐམས་ཅད་སྐར་ཁུང་ནང་གི་དུད་པ་ལྟར་ནག་ཐུ་ལུ་ལུ་ཕྱིར་ཐོན་པར་བསྒོམ། །རྐང་ལག་བཞི་གང་ན་བའི་མཐིལ་དུ་ཡི་གེ་རཾ་དམར་པོ་ལས་མེ་འབར་ཏེ། སྤོས་ཐུར་ལྟར་རྩ་བར་བསྲེགས་ནས་སྟོང་པར་བསྒོམ། ཡང་རང་གི་མདུན་དུ་བྷནྡྷ་དཀར་པོ་རྒྱ་ཆེ་བའི་ནང་དུ་འབྲི་མར་ཞུན་མས་སེར་ལྟེམ་མེར་གང་བ་རང་གི་རྐང་ཐེབ་གཉིས་སྦུ་གུ་ལྟར་གྱུར་པ་ནས་ཡར་དྲངས་བས་ལུས་གང་ཞིང་བ་སྤུའི་བུ་ག་རྣམས་ནས་སེར་ཁྲོམ་ཁྲོམ་ཐོན་པས་རྐང་ནད་ཐམས་ཅད་


CMR033_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བར་བསྒོམ། དམིགས་པ་འདི་དག་གི་ཚེ་རང་ལྷར་མི་བསྒོམ་པ་མ་གཏོགས་སེམས་ངོ་དང་བསྙེན་པ་སྔར་མོས་ལྟར་ཆོག་གསུངས། ༈ ཡང་ཡེངས་སོགས་སྐབས་དྲན་པས་ཟིན་ཙམ་ནས་ངོ་བོ་ལྷང་ངེར་འདུག་པ་ལས་ཐ་མལ་དུ་འཁྲུལ་མ་སོང་བས་ཡེངས་བའི་སྐྱོན་དུ་མི་འགྱུར་རམ། ཡུལ་སྣང་ལ་སྟོང་འཛིན་དང་ཨ་འཐས་ཀྱི་བློ་མི་འཇུག་པ་ནི་གོང་དང་འདྲ་འདུག་ཞུས་པས། ཡེངས་སོགས་སྐབས་ངོ་བོ་ལྷང་ངེར་འདུག་པས་ཡེངས་བའི་སྐྱོན་དུ་མི་འགྱུར་སྙམ་པ་དེ་མཉམ་རྗེས་འདྲེས་ལ་ཁད་རེད། ཡུལ་སྣང་ལ་བློ་མི་འཇུག་པ་ནི་སྔོན་དུ་བཤད་པ་ལྟར་སྤྲོས་བྲལ་གྱི་རྟོགས་པ་རེད། དེ་དང་གོང་གི་རྟོགས་པ་གཉིས་ཅུང་མ་མཐུན་པས་དེའི་བོགས་འདོན་ལ་དབྱིངས་གསལ་བཏབ་པ་དེ་དང་བསྲེ་ཞིང་བསྒོམ་གསུངས། ༈ དབྱིངས་ཟེར་བ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡིན། ཀུན་ཏུ་བཟང་པོ་མན་ཆད་ནས་མནར་མེད་དམྱལ་བ་ཡན་ཆད་ངོ་བོ་ལ་བཟང་ངན་མེད་པ་ནམ་མཁའ་ལྟ་བུ་ཡིན་པས། དེ་དང་རང་གི་ཉམས་ལེན་དེ་བསྲེ་ཞིང་བསྒོམ་དང་ལྟ་བ་འཁོར་འདས་དབྱེར་མེད་རྟོགས་འོང་གསུངས། ༈ ཡང་དེ་ལྟར་བསྲེ་བའི་ཚུལ་བྱས་མ་ཐག་ནས་ཡར་སངས་རྒྱས་ཀྱི་ཐུགས་དང་མར་འགྲོ་དྲུག་


CMR033_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་དང་བར་དུ་རྣལ་འབྱོར་གྱི་ཉམས་སྣང་ལ་བཟང་ངན་དང་བར་མའི་འདུ་ཤེས་མེད་པར་འཁོར་འདས། རང་གི་ཉམས་ལེན་གྱི་སྟེང་དུ་ཕྱལ་གྱིས་སོང་འདུག །ཡུལ་སྣང་འདི་དག་ཀྱང་རང་ག་རྨི་ལམ་དུ་གཟུགས་ཀྱི་རྣམ་པ་མ་འགགས་པ་ཤར་ཀྱང་དོན་ལ་དངོས་པོར་མ་གྲུབ་པ་སྟོང་ནས་ཐག་ཆོད་པས་རིག་པ་ནང་དུ་མ་ལུས་པ་ཕྱི་ནང་དབྱེར་མེད་འདྲ་བ་ཞིག་བྱུང་། སྐབས་སུ་དེ་ལྟར་འདྲེས་པའི་མྱོང་བ་ཡང་མེད་པས་ཡང་བསྲེ་ཉམས་ཀྱང་བསྲེ་རྒྱུ་དང་འདྲེས་རྒྱུ་མི་འདུག །ད་དུང་འདི་ཉམས་སྣང་འདྲ་ཡིན་ལས་ཆེ་བས་མེད་འགྲོ་བ་སྲིད་སྙམ་ནས་ཡུན་རིང་གི་བར་མ་ཞུས་པས། རེས་གོང་གི་མྱོང་བ་དེ་དང་ངེས་ཤེས་འོང་རེས་མི་འོང་བ་ཞིག་ལ་ཕྱིས་ནས་འདྲེས་སམ་མ་འདྲེས་ཀྱི་རེ་དོགས་འདྲ་བ་དེ་མེད་པར་རང་བཞིན་ལ་ཉམས་ལེན་དུ་གནས་པས་སྣང་སེམས་སོགས་ཀྱི་ཐ་དད་མེད་པར་གུ་ཡངས་ཕྱ་ལེ་བ་འདྲ་ཞིག་ཕལ་ཆེར་འོང་འདུག་ཚུལ་ཞུས་པས། རྟོགས་པ་ལ་བོགས་ཆེན་པོ་བྱུང་ཟིན། སྔོན་དུ་གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་པས་སྟོང་ཉིད་ཕྱེད་པོ་ཡིན། ད་རེས་ཆོས་དང་གང་ཟག་བདག་མེད་གཉིས་པོ་རྟོགས་པས་སྟོང་ཉིད་ཆ་ཚང་བ་ཡིན། འདི་ལྟ་


CMR033_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཁོར་འདས་དབྱེར་མེད་ཀྱང་ཡིན་ནོ། །འདིའི་ངང་ནས་བསྔོ་བ་བྱས་ན་འཁོར་གསུམ་ཡང་དག་ཏུ་འགྱུར་བ་ཡིན། ཤུགས་འབྱུང་གི་སྣང་བ་ཆུ་ཟླ་ལྟར་མཐོང་བ་དེ་ཉམས་ཀྱི་རོ་གཅིག་ཡིན་ཡང་། འབྲུག་པ་རྣམས་ཀྱིས་འདི་ལ་རོ་གཅིག་ཏུ་ངོ་སྤྱོད་པ་རེད། དེ་དག་སྐྱོན་སེལ་རྒྱུ་དང་བོགས་འདོན་རྒྱུ་རང་ཆེར་མེད་དེ། ཉམས་ལ་མཐོ་དམན་མང་པོ་འོང་བས། མཐོ་དུས་དེ་ལྟར་ཡིན་ཀྱང་། དམའ་དུས་ཐ་མལ་དུ་འགྲོ་ཉན་ཡོད་པས་སྒོམ་སྐྱེས་བདག་པོ་མེད་པ་དེ། ནོར་བུ་མི་གཙང་འདམ་དུ་བྱིངས་གསུངས་པ་དེ་འོང་དོགས་ཡོད་པས། སྟག་ལུང་པས་ཁོ་བོ་ལ་དེ་ག་ལྟར་ཡིན་ཏེ། དེ་ལྟར་ཡིན་བསམ་ནས་ཉལ་བསྡད་པས་མི་འོང་གསུངས། དེ་ལ་རྩལ་སྦྱང་ལུགས་མང་སྟེ། རེ་ཞིག་བྲང་ཤུལ་ན་བ་སོགས་ལུས་མི་བདེ་བ་གང་བྱུང་ལ་བསྲེ་ཞིང་བསྒོམ། རྨི་ལམ་རྩུབ་པ་དང་རྒྱལ་རྟགས་སོགས་གདོན་གྱི་རྣམ་པ་གང་བྱུང་དང་བསྲེ་ཞིང་བསྒོམ། སྔར་དུས་རང་གི་མ་ཤི་བ་སོགས་སྡུག་བསྔལ་གང་བྱུང་དྲན་པར་གྱིས་ལ་དེ་དང་བསྲེས། ད་དུང་ཡང་ཕ་དང་ཉེ་དུ་རྣམས་ན་དོགས་དང་། ཤི་དོགས་དགྲ་བྱུང་དོགས་དེ་འདྲ་རེད་ན་ཅི་འདྲ་ཞིག་འོང་ཡིད་ལ་གསལ་ཐོབ་ལ་དེ་དང་བསྲེ་ཞིང་བསྒོམ། དེ་དག་ལན་


CMR033_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་ཡིན་པར་ནན་ཏན་དུ་བསྒོམ་དང་རྡོ་རུས་འཕྲོད་པར་འོང་བ་ཡིན་གསུངས། ༈ སྤྱོད་ལམ་རྣམ་བཞིའི་སྐབས་སུ་ཡེངས་སོང་ཡང་། ངོ་བོ་ལ་ཡེངས་མ་ཡེངས་བཟང་ངན་ཁྱད་མི་འདུག་སྙམ་ནས་ཞུས་པས། དོན་ལ་དེ་ཀ་ལྟར་རེད་པས་ཡེངས་བྱ་བ་མེད་གསུངས་པ་ལྟར་རོ། །ཡེངས་པ་དང་མ་ཡེངས་གཉིས་ངོ་བོ་ལ་བཟང་ངན་མེད་པར་རྟོགས་པ་མཉམ་རྗེས་འདྲེས་པར་རྩི། ལར་ལོ་གཅིག་གི་མཚམས་ལ་བོགས་རྩ་ལ་དཔེ་མེད་རེད་པས་ཡིད་ལ་དགའ་བ་བསྒོམ་གསུངས། ༈ ཡང་བླ་མ་ནམ་དྲན་རང་སེམས་དང་དབྱེར་མེད་འདྲ་བ་ཞིག་བྱུང་བ་དང་། གོང་གི་འཁོར་འདས་དང་རང་སེམས་འདྲེས་པའི་མྱོང་བ་དང་ངེས་ཤེས་དེ་དག་བྱ་མིན་ནམ་ཞུས་པས། བླ་མ་དྲན་དུས་རང་སེམས་དང་དབྱེར་མེད་ཤར་བ་དེ་ཐུགས་ཡིད་གཅིག་འདྲེས་ཟེར་བ་དེ་ཡིན། འཁོར་འདས་དང་རང་སེམས་འདྲེས་པ་དེ་དག་བྱ་ནི་མིན་ཏེ་རྒྱུན་དུ་མི་འོང་བ་འདྲ་གསུངས། ༈ སྔོན་ལྟར་འཁོར་བ་མངོན་ཞེན་མེད་པར་ཉམས་ལེན་གྱི་ངང་ནས་ཤུགས་འབྱུང་དུ་སྙིང་རྗེ་ཞིག་ཤར་བ་འདི་ཆོས་ལ་དམིགས་པའི་སྙིང་རྗེར་གཏོགས་སམ་ཞུས་པས། དེ་དམིགས་མེད་ཀྱི་སྙིང་རྗེར་གཏོགས་པས་ལྷག་གསུངས། །


CMR033_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་དབྱིངས་ཟེར་བ་འདི་འཁོར་འདས་ཐམས་ཅད་ལགས་སམ། འོག་མིན་ལ་རིགས་མང་དུ་འདུག་ན་དོན་དམ་པར་གང་ལ་ངོས་འཛིན་ཞུས་པས། ཆོས་དབྱིངས་འཁོར་འདས་ཐམས་ཅད་ལ་ཟེར། འོག་མིན་ལ་རིགས་གསུམ་ཡོད་དེ། དོན་དམ་པའི་འོག་མིན་ནི་རྣལ་འབྱོར་པ་ལྟ་སྒོམ་མཆོག་ཏུ་གྱུར་པ་དེ་གར་བཞུགས་ཀྱང་འོག་མིན་ཡིན། འཇིག་རྟེན་གྱི་འོག་མིན་ནི། འཇིག་རྟེན་འདིའི་སྟེང་དུ་ལྷ་གནས་ཐམས་ཅད་བརྩེགས་ནས་སྟེང་དུ་འོག་མིན་ཡོད་པ་ལྷའི་གནས་ཡིན། དེར་ཡོད་པའི་ལྷ་རྣམས་ཀྱང་འཕགས་པ་ཤ་སྟག་ཡིན། དེ་ན་རྡོ་རྗེ་འཆང་བཞུགས། དེ་ལོངས་སྐུ་ཆུང་ངུ་ཡིན། འོག་མིན་སྟུག་པོ་བཀོད་པ་ནི། བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། དེར་རྣམ་སྣང་གངས་ཅན་མཚོ་སྐུ་ཚད་བསམ་ལས་འདས་པའི་ཕྱག་གི་ལྷུང་བཟེད་ཀྱི་སྟེང་སྤོས་ཆུའི་རྒྱ་མཚོ་ལ་མེ་ཏོག་ཉེར་ལྔ་བརྩེགས་མར་སྐྱེས་པའི་བཅུ་གསུམ་པའི་སྟེང་དུ་འཇིག་རྟེན་འདི་ཆགས་ཡོད། དེ་འོག་མིན་ཆེན་པོ་ཡིན། དེ་ལ་ལོངས་སྐུ་རྡོ་རྗེ་འཆང་དུ་མིང་བཏགས་པའང་ཡོད་གསུངས། ༈ ཡང་རླུང་ནི་ད་ཞག་བཟུང་མེད་ཀྱང་ནད་རྟགས་ལ་རླུང་ནད་ཀྱིས་ལུས་སེམས་མི་བདེ་བའི་རྐྱེན་བྱེད་འདུག་སྙམ་པ་ཞིག་འོང་ཚུལ་


CMR033_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པས། རླུང་བཟུང་བས་སེམས་ཟིན་པ་ནཱ་རོ་པའི་ལུགས་ཆོས་དྲུག་ཡིན། དེ་ལ་གེགས་མང་བས་ལམ་དུ་འགྲོ་དཀའ། དེས་སེམས་བཟུང་བས་རླུང་ཟིན་པ་ས་ར་ཧའི་ལུགས་ཕྱག་ཆེན་ཡིན་པས་དེ་ལ་གེགས་མེད། ངོ་བོ་བསྐྱངས་བས་རླུང་དབུ་མར་རང་བཞིན་གྱིས་ཚུད་འགྲོ་བས་ལུས་གནད་མི་འཛིན་ལྷུག་པར་བཞག་པ་ཟབ་གསུངས། སྔར་དྲུང་པ་གོང་མ་ལ་ཐུགས་རླུང་ཐུ་མོ་བྱུང་ནས་ཆུ་གྲོད་པ་རེ་ཐུགས་ཀར་བརླན་ནས་བསྡད་ཙ་ཡུད་ཙམ་ནས་ཆུ་ཚ་མོ་བྱུང་བར་གྱུར་ཀྱང་། སྨན་དང་རྫས་དང་སྔགས་དམིགས་པ་སོགས་ཅི་ཡང་མ་བྱས་པར་ངོ་བོ་རང་བསྐྱངས་བས་ནད་དྲགས་ནས་གྲུབ་པ་ཐོབ་པ་རེད། རྒྱ་རས་དང་རྒོད་ཚང་པ་དང་ལོ་རས་སོགས་ལ་ཤིག་ནད་དང་། ཆུ་ནད། མཛེ་སོགས་བྱུང་སྟེ། སྨན་དང་རྫ་ས་དང་སྔགས་དང་དམིགས་པ་སོགས་ཅི་ཡང་མ་བྱས་པར་ངོ་བོ་ཁོ་ན་བསྐྱངས་བས་གྲུབ་པ་ཐོབ་པར་འདུག །དེ་གཞན་གྱིས་ཉམས་སུ་མི་ལོན་ཏེ། ཁྱེད་རང་ལ་རྟོགས་པའི་བོགས་བསྐྱེད་ཡག་པོ་འོང་ཞིང་ཡོད་པ་མ་བདེ་བ་དེ་ཀའི་ངོ་བོ་ལྟོས་ལ་མ་བདེ་བ་དང་བདེ་བ་གཉིས་རོ་སྙོམས་ཅི་ཐུབ་གྱིས་གསུངས། ༈ འོ་ན་བདག་གིས་སྨན་ཟ་བ་དང་། ནད་གདོན་སེལ་བའི་


CMR033_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བྱེད་ཅིང་ཡོད་པས་འགལ་ལམ་ད་ནི་དེ་དག་བཞག་ནས་ཐུ་དྲག་གང་བྱུང་དཀོན་མཆོག་ཐུགས་རྗེར་བལྟ་བར་བྱའམ་ཞུས་པས། ད་དུང་དྲུངཔ་སོགས་གྲུབ་ཐོབ་གོང་མ་རྣམས་ཀྱི་སྟངས་ནི་མི་འོང་། ལྷུན་གྲུབ་རབ་འབྱམས་སོགས་འབྲུག་པའི་རྟོགས་ལྡན་འགའ་རེས་དང་པོ་རོ་སྙོམས་བྱས་པ་མ་འཁྱོང་ནས་ཕྱིས་སྨན་དང་གཏོ་སོགས་བྱེད་དགོས་བྱུང་ཐལ། ལར་ཡང་འུ་བུ་རོ་སྙོམས་པ་མིན་པས་སྨན་སོགས་བཞག་མི་རུང་། རྟ་མགྲིན་སོགས་ཀྱི་རྒྱུན་བསྙེན་ཡང་མི་སྐྱུར་ཙམ་རེ་གྱིས་གདོན་ལ་དམིགས་པའི་སྔགས་དམིགས་གཞན་མི་ཐོན། ངོ་བོ་སྐྱོངས་ཤིང་སེམས་ལ་རོ་སྙོམ་གྱིས། དོན་ལ་བོགས་སུ་ཨི་ཐོན་གསུངས། ༈ གཅིག་དང་དུ་བྲལ་གྱིས་གཏན་ལ་ཕབ་པའི་སྟོང་ཉིད་རྟོགས་པ་འདི་བདེན་གཉིས་གང་ལ་གཏོགས་ཞུས་པས། ཟགཅིག་དང་དུ་བྲལ་གྱིས་གཏན་ལ་ཕབ་པའི་སྟོང་ཉིད་དེ་གྲུབ་མཐའ་སྤྱིའི་ལུགས་ལ་དོན་དམ་བདེན་པར་དངོས་སུ་བཞེད། ཕྱག་ཆེན་པའི་ལུགས་ལ་དོན་དམ་བདེན་པ་ཆ་མཐུན་ཙམ་ལས། དོན་དམ་བདེན་པ་དངོས་ནི་མ་ཡིན་གསུངས། ༈ ཡང་བེམ་རིག་བྲལ་མ་ཐག་ལྟ་བ་འཁོར་འདས་དབྱེར་མེད་མངོན་དུ་གྱུར་པ་ལ་འཆི་བ་ཆོས་སྐུར་འཚང་རྒྱ་ཟེར་བ་དེ་ལགས་སམ་ཞུས་


CMR033_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་འཆི་བ་ཆོས་སྐུར་འཚང་རྒྱ་བ་ཡིན་པར་བཤད། དོན་གྱི་མཁའ་སྤྱོད་ཀྱང་ཡིན་གསུངས། ༈ དེ་ལ་མཚན་དཔེ་ཅན་གྱི་གཟུགས་སྐུའི་རྣམ་པ་ཡོད་དམ་མེད་ལགས་ཞུས་པས། གཞན་ལས་དང་སྐལ་པར་ལྡན་པས་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་མཐོང་བ་ཡིན་གྱི། མཚན་དཔེ་ནི་ཀུན་རྫོབ་ཡིན་པས་འཁོར་ལོས་སྒྱུར་རྒྱལ་ལའང་ཡོད་དེ། སངས་རྒྱས་མིན་པའི་ཕྱིར་རོ་གསུངས། ༈ ཚེ་འདི་ཉིད་ལ་རྟོགས་པའི་མཉམ་རྗེས་མ་འདྲེས་པར་འོད་གསལ་དུ་གྲོལ་མི་ནུས་སམ་ཞུས་པས། ད་ལྟ་མཉམ་རྗེས་མ་འདྲེས་ཀྱང་འོད་གསལ་དུ་གྲོལ་ཏེ་ཐུགས་དམ་ལ་བཞུགས་ཚེ་རྟོགས་པ་ན་འཕར་བར་བཤད་པས་སོ་གསུངས། ༈ ཡང་ཕྱག་ཆེན་རྣལ་འབྱོར་བཞི་རིམ་ས་ལམ་གོང་བསྒྲིགས་པ་གྲུབ་མཐའ་སོ་སོ་དང་བླ་མ་རེ་རེས་བཞེད་ཚུལ་མང་བས་ཐག་མི་ཆོད་འདུག་པས། རྗེ་ཉིད་ཀྱི་དགོངས་བཞེད་གང་ལགས་ཚུལ་མདོར་བསྡུས་ཤིག་གསུངས་བར་ཞུ་ཞུས་པས། ཇོ་བོ་རྗེ་ལ་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་ཡོད་དམ་མེད་ཞུས་པས། ང་སངས་རྒྱས་མ་མྱོང་གསུངས་སྐད། དེ་བཞིན་དུ་ངོས་རྣལ་འབྱོར་བཞི་རིམ་དང་། ས་ལམ་བགྲོད་མ་མྱོང་བས་ང་རང་གི་


CMR033_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྨྲ་རྒྱུ་མེད། འོན་ཀྱང་རྒྱལ་བའི་དབང་པོའི་ཁྲིད་ཀྱི་རྩ་ཚིག་ནས་གསུངས་པ་འདི་ངའི་སྙིང་ལ་འཆང་བ་ཡིན་པས། རྩེ་གཅིག་ཆུང་འབྲིང་ཆེ་གསུམ་ཚོགས་ལམ་དང་སྦྱོར་ལམ་གྱི་སྐབས་སྤྲོས་བྲལ་གསུང་མཐོང་ལམ་གྱི་སྐབས། རོ་གཅིག་གསུམ་དང་སྒོམ་མེད་འབྲིང་གི་བར་སྒོམ་ལམ་གྱི་སྐབས། སྒོམ་མེད་ཆེན་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་ཡིན་པར་གསུངས་པས་ངས་ཀྱང་དེ་འཆང་བ་ཡིན་གསུངས། ༈ ཡང་རྗེ་བཙུན་གྱིས། རང་རྡོ་རྗེ་འཆང་དང་མ་མཉམ་པར། །མི་གཞན་ལ་དབང་བསྐུར་བྱ་མི་རུང་། །གསུངས་པ་འདི་ཇི་ལྟར་ལགས་ཞུགས་པས། དེ་ལ་གཞི་ལམ་འབྲས་གསུམ་ལས། གཞི་རྡོ་རྗེ་འཆང་འཁོར་འདས་ཀུན་ལ་ཁྱབ་པར་གནས། ལམ་གྱི་རྡོ་རྗེ་འཆང་བསྐྱེད་རྫོགས་ཀྱི་ས་ལམ་ཕྱིན་ཅི་མ་ལོག་པར་བསྒོམ་ཤེས་པའི་སྡོམ་ལྡན་གྱིས་གཞན་ལ་དབང་བསྐུར་རུང་། འབྲས་བུའི་རྡོ་རྗེ་འཆང་མཐར་སངས་རྒྱས་པ་དེ་ཡིན་པས། སངས་རྒྱས་མ་ཐོབ་བར་དབང་བསྐུར་མི་རུང་བ་མིན་གསུངས། ༈ ཡང་ན་ནས་ངག་གིས་སྨྲ་མ་ནུས་སྐབས་སུ། རྒྱུན་ཁྱེར་རྣམས་དང་བསྙེན་པ་ཡིད་འདོན་བྱས་ནས་གྲངས་སུ་བཞག་ཆོག་གམ་ཞུས་པས། ཉམས་ལེན་གྱི་ངང་དུ་གནས་


CMR033_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་བསྐྱེད་རིམ་གསལ་ངོས་ནས་ཡིད་བཟླས་བྱས་པ་གྲངས་སུ་རྩི་ཆོག་སྟེ། ལྕེ་འགུལ་ཙམ་ཡང་མི་དགོས། ཡིད་བཟླས་འདི་བཟླས་པའི་མཆོག་ཡིན། ཉམས་ལེན་བསྐྱེད་རིམ་གང་རུང་དང་མ་ལྡན་ན་འབྲུ་མི་གསལ་བའི་ཡིད་འདོན་དེས་གོ་མི་ཆོད་དེ། རྟའི་མ་ཎི་ཟེར་བ་ལྟར་རོ།། ༈ ཡང་བཀའ་བརྒྱུད་གོང་མ་རྣམས་ཀྱིས་གཉུག་མ་རབ་རིབ་ཙམ་རྟོགས་ཀྱང་ལྟ་བའི་གོ་ཆ་དང་མི་ལྡན་ན་མར་འགྲོ་བ་ལས་ཡར་མི་འགྲོ་གསུངས་པས་ལྟ་བའི་གོ་ཆ་ཇི་ལྟར་ལགས་ཞུས་པས། གཉུག་མ་རབ་རིབ་ནི་ཉམས་གསལ་དུས་རེས་འགའ་ངོ་བོ་མཐོང་། མི་གསལ་དུས་བལྟས་ཀྱང་མི་མཐོང་བ་ཕལ་ཆེར་འཁྲུལ་པའི་དབང་དུ་འགྲོ་བ་དེ་ཡིན། དེ་ལས་རྒྱུ་འབྲས་ལ་མི་འཛེམ་ཞིང་སྡོམ་པ་དམ་ཚིག་རྣམས་ཡལ་བར་དོར་ན་མར་འགྲོ་ངེས། རྟོགས་པ་ཚད་ལྡན་ལ་རྒྱུན་ཆད་མེད་ན་དེ་ལྟ་བའི་གོ་ཆ་ཡིན་པས་ཅི་བྱས་ཀྱང་སྐྱོན་མེད་དེ། སྲུང་དུ་མེད་པའི་དམ་ཚིག་སོགས་དྲི་མེད་བཤགས་རྒྱུད་ཀྱི་ནང་དུ་གསལ་བ་དེ་ལྟ་བུ་ནི་ལྟ་བའི་གོ་ཆ་དངོས་ཡིན། དེ་ཙམ་མི་ལྡན་ན་རྒྱུ་འབྲས་ཀྱི་བླང་དོར་དང་སྡོམ་པ་དམ་ཚིག་མོས་གུས་སེམས་བསྐྱེད་སྒོམ་བཟླས་སོགས་ངོ་བོ་ཡེངས་མེད་ཀྱི་ངང་ནས་གཟབ་པ་རང་ཟབ་


CMR033_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཞེས་པ་འདི་དག་སཾ་ཊར་ཕུལ་བའི་ལན་གསུངས་པ་རྣམས་བརྗེད་པར་འཕང་ནས་ཐེ་ཚོམ་མེད་པར་བཀོད་ཡོད་པ་འདི་དག་དཔེ་ཆར་བཀོད་ན་རུང་ངམ་ཞུས་པས། ད་དཔེ་ཆར་བཀོད་ཐུབ་ན་རུང་ལེགས་གསུངས་པས། རང་གི་བརྗེད་ཐོ་དང་རང་འདྲ་རྨོངས་པ་གཞན་ལའང་ཕན་པའི་སེམས་བསྐྱེད་ཀྱིས་བྲིས་པས། འདི་ཉིད་མཐོང་ཐོས་ཀྱིས་ཐོག་དྲངས་འགྲོ་བ་མཐའ་དག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐྱབས་གནས་མཚུངས་མེད་དམ་པ་རཱ་ག་ཨ་སྱའི་སྤྱན་སྔར། འབྲོང་བན་དགེ་སློང་ཐབས་མཁས་རྒྱ་མཚོས་རིམ་གཉིས་ཀྱི་ཐེ་ཚོམ་གང་བྱུང་གི་ཞུས་ལན་གཉིས་འཛིན་མུན་སེལ་འཕྲུལ་གྱི་མེ་ལོང་།next