Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཆོས་དབང་ཀུན་བཟང་གིས་བསྐུལ་བའི་མན་ངག་ཚེགས་ཆུང་ཕན་ཐོགས་པའི་གདམས་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་དབང་ཀུན་བཟང་གིས་བསྐུལ་བའི་མན་ངག་ཚེགས་ཆུང་ཕན་ཐོགས་པའི་གདམས་ངགnext

ཆོས་དབང་ཀུན་བཟང་གིས་བསྐུལ་བའི་མན་ངག་ཚེགས་ཆུང་ཕན་ཐོགས་པའི་གདམས་ངག


CMR033_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབང་ཀུན་བཟང་གིས་བསྐུལ་བའི་མན་ངག་ཚེགས་ཆུང་ཕན་ཐོགས་པའི་གདམས་ངག་ཨ་རཱ་གས་མཛད་པ་ལགས་སོ།།


CMR033_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཚེགས་ཆུང་དོན་ཆེ་བ་སྟབས་བདེ་ཞིང་ཕན་ཐོགས་པའི་སྐོར་རྒྱུད་ལས་བསྡུས་པ་ཡོད། ན་མོ་གུ་རུ་བུདྡྷཱ་ས་ཏཱ་ཡེ། དྲི་མེད་རྒྱལ་བའི་བཀའ་ལ་ཕྱག་འཚལ་ནས། །མདོ་རྒྱུད་ཚད་ལྡན་དུ་མ་ནས་བསྡུས་ཏེ། །ཉེར་མཁོའི་ཟབ་ཆོས་གདམས་པ་འདིར་འགོད་ན། །ཆོས་བདག་ཏཱཀྐིས་བཀའ་གནང་བྱིན་གྱིས་རློབས། །ཨོཾ་སམྦྷ་ར་སམྦྷ་བྷ་བྷི་མ་ན་མ་ཧཱ་ཛ་བྷ་ཧཱུྃ་ཕཊ་སྭཱ་ཧཱ། དགེ་སྦྱོར་གང་བྱེད་ཀྱི་སྔོན་དུ་འདི་ལན་བདུན་བཟླས་ན་བྱེ་བའི་འགྱུར་དུ་འོང་བ་མདོ་བསྔོ་བའི་འཁོར་ལོ་ནས་གསུངས་སོ། །ཨོཾ་རུ་ལུ་རུ་ལུ་ཛ་ཡེ་ཛ་ཡེ་མུ་གྷེ་ཡེ་སྭཱ་ཧཱ། འདི་བཟླས་བརྗོད་གང་བྱེད་ཀྱི་སྔོན་དུ་


CMR033_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བདུན་བཟླས་ན་བྱེ་བའི་འགྱུར་འོང་བ་མདོ་བྱེ་བ་བསྟན་པ་ནས་གསུངས་སོ། །སྔགས་གོང་འོག་གཉིས་པོ་འདི་ཐོ་རངས་ངག་མེ་བཏང་གོང་དུ་བཟླས་ན་ཉིན་མོ་སྨྲ་བ་ཐམས་ཅད་ཁ་ཏོན་དུ་འགྲོའོ། །ཡོངས་སུ་བསྔོ་བའི་མདོ་ལས་གསུངས་ཞེས་ཟེར། མདོ་བྱེ་བ་བསྟན་པ་ནས་གསུངས་ཟེར་བའང་སྣང་། ནངས་སྔ་གཞན་དང་ངག་མ་འདྲེས་གོང་དུ་ཨ་ལི་ཀཱ་ལི་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་ཚར་གསུམ་རེ་བཟླས་ན་གངྒའི་བྱེ་སྙེད་ཀྱི་འགྱུར་དང་། དེ་ཉིན་བཏོན་ཚད་མ་འོངས་གངྒཱའི་སངས་རྒྱས་ཀྱི་ནུས་པ་དང་མཉམ་ཞེས་སློབ་དཔོན་ཀླུ་སྒྲུབ་དང་ཨོ་རྒྱན་རིན་པོ་ཆེས་གསུངས་སོ། །བཟླས་པ་


CMR033_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ནས་རྗེས་སུ་ཡེ་དྷརྨཱ་ཚར་གསུམ་བརྗོད་ན་གཞན་ལ་བྱིན་རླབས་དབང་བསྐུར་འདྲེ་འདུལ་ཟས་གོས་གྲིབ་སོགས་ཐམས་ཅད་ཀྱིས་རང་གི་ནུས་པ་མི་ཉམས་པའི་མན་ངག་ཏུ་ཀླུ་སྒྲུབ་ཀྱིས་གསུངས་སོ། །ཨོཾ་རུ་ཅི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་རུ་ཙི་ར་མ་ཎ་པྲ་ཝརྟ་ཡ་ཧཱུྃ་ཕཊ། སྔགས་འདྲ་མིན་ནོ། །འདི་ཕྲེང་བ་ལ་བཏབ་ན་བྱེ་བའི་འགྱུར་དུ་འགྲོ་བར་ཡོངས་སུ་བསྔོ་བ་འཁོར་ལོའི་མདོ་ལས་གསུངས་སོ། །ཨོཾ་སམྦྷ་ར་བྷི་མ་ན་ས་ར་མ་ཧཱ་ཛ་བྷ་ཧཱུྃ་ཕཊ། ཅེས་དགེ་སྦྱོར་གང་བྱེད་སྔོན་ལ་ལན་བདུན་དང་། ཨོཾ་དྷུ་རུ་དྷུ་རུ་ཛ་ཡེ་མུ་ཁེ་སྭཱ་ཧཱ། ཞེས་ཐུན་མཇུག་ཏུ་ལན་བདུན་བརྗོད་ན་བྱེ་བའི་འགྱུར་དུ་མདོ་སྡེ་བྱེ་བ་ལས་གསུངས་ཞེས་ཇོ་བོ་རྗེས་གསུངས་སོ། །སངས་རྒྱས་སྟོང་གི་ལྷ་འཕགས་པ་རྟོག་ཆེན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྟོང་གི་ལྷ་འཕགས་པ་སྟོན་ཆེན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཚན་གཉིས་འདྲ་མིན་ནོ། །ཨོཾ་ཧཱིཔདྨ་ནིརྟི་ཤྭ་ར་ཧཱུཾ། ལན་བདུན་དང་། ཨོཾ་མ་ཎི་པདྨེ་ཧཱུཾ། གཅིག་བརྗོད་ན་ཡིག་དྲུག་དུང་ཕྱུར་སུམ་ཅུར་འགྱུར་རོ། །ཞེས་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་རྒྱུད་ཅིག་ནས་གསུངས་སོ། །ཞེས་ཇོ་བོ་རྗེས་གསུངས་སོ། །ཨོཾ་ཁེ་ཙ་


CMR033_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ར་གྷ་ན་ཧཱུྃ་ཧྲཱིཿཐཱཿ ལན་བདུན་བཟླས་ནས་རྐང་མཐིལ་གཉིས་ལ་བཏབ་ན་རྐང་ཞབས་སུ་ཤི་བའི་སེམས་ཅན་རྣམས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེ་བར་འགྱུར་རོ། །ཞེས་འཇམ་དཔལ་གྱི་རྒྱུད་ལས་ཇོ་བོ་རྗེས་གསུངས་སོ། །ཨོཾ་བྷི་ཏི་བྷི་ན་མི་ནི་བྷ་པྲ་ནི་སྭཱ་ཧཱ། ལན་བདུན་བཟླས་ནས་གཏོར་ཟན་དང་གཏོར་ཆུ་ལ་བཏབ་ན་ལོངས་སྤྱོད་དང་དངོས་གྲུབ་འབྱུང་ངོ། །གཞན་རྣམས་ནས་ཡི་དྭགས་སུ་མི་སྐྱེ་ཞེས་འདུལ་བ་ལུང་ལས་བཤད་ཅེས་ཇོ་བོ་རྗེས་གསུངས་སོ། །བཅོམ་ལྡན་འདས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་ཝ་ཏེ། རཏ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨནྡྷ་ཏེ་སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྟེ་རནྡྷེ་མ་ཧཱ་རཏྟེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ལན་གཅིག་བཟླས་ནས་བསྐོར་བ་གཅིག་བྱས་ན་བྱེ་བར་འགྱུར་རོ། །ན་མོ་མཉྫ་ཤི་ཡེ། ན་མོ་སུ་ཤི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། འདི་ལན་གཅིག་བཟླས་ནས་ཕྱག་འཚལ་ན་འབུམ་འགྱུར་རོ། །ཨོ་པདྨོ་ཨུཊྛི་ཥ་བྷི་མ་ལེ་ཧཱུཾ་ཕཊ། འདི་དུང་ལ་ལན་བདུན་བཟླས་ཏེ་བུས་ན་སྒྲ་ཐོས་ཚད་མཐོ་རིས་སུ་སྐྱེ། བྱ་རི་དྭགས། དུད་འགྲོ་ཐམས་ཅད་ཀྱང་། སེམས་ཅན་སྦྱིན་


CMR033_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཚུལ་ཁྲིམས་དང་ལྡན་པ་སོགས་ཀྱིས་ཐོས་ན་ཕྱིར་མི་ལྡོག་ཅིང་བྱང་ཆུབ་ཐོབ་སྟེ། བདེ་བ་ཅན་དུ་སྐྱེ་ཞེས་དོན་ཞགས་རྒྱུད་ལས་རྒྱ་ཆེར་གསུངས་སོ། །ཙནྡན་ལ་ལན་བདུན་སྔགས་ནས་སྐྱེ་བོ་མང་པོའི་ནང་ན་བདུག་ན་དྲི་དེ་བསྣམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྐུ་ཡོངས་སུ་རྫོགས་པར་འགྱུར་གསུངས་སོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་འདོད་པའི་བསམ་པས་ལན་གཅིག་བརྗོད་ན། སེམས་ཅན་གང་ཡང་ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཏེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། ཡི་དྭགས་ཀྱི་ཡུལ་རྣམས་ཀྱི་ཡུལ་དེ་དག་མེད་དེ། དེ་ལྟར་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །ལན་གཉིས་བརྗོད་པས་ནད་ཐམས་ཅད་རབ་ཏུ་ཞི། །གསུམ་བརྗོད་པས་དུག་དང་འབྲུམ་བུ་དང་འབྲས་དང་ལྷོག་པ་དང་རྐང་ཤུ་དང་མཛེ་དང་གཡན་པ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་རོ། །བཞི་བརྗོད་པས་དབྱིག་དུག་བྱད་སྟེམས་ཐམས་ཅད་སེལ། ལྔ་བརྗོད་པས་འཐབ་མོ་རྩོད་པ་འགྱེད་པ་ཐམས་ཅད་ཞི། དྲུག་གིས་འཇིགས་པའི་གནོད་པ་རིམས་ནད་ཐམས་ཅད་འཇིག །བདུན་གྱིས་དུས་མ་ཡིན་


CMR033_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆི་བའི་འཇིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡམས་ནད་ཞི་བར་འགྱུར་རོ། །དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ། །ཞེས་རྒྱུད་ལས་གསུངས་སོ། །ཐླྷཱིཾ། འཇམ་དཔལ་ཡི་གེ་འབྲུ་གཅིག་པ་འདི། གཅིག་བཟླས་ན་བདག་ཉིད་བསྲུང་། གཉིས་ཀྱིས་བསྲུང་བ་ཆེན་པོར་འགྱུར། གསུམ་གྱིས་ཁྱིམ་བསྲུང་། བཞི་པས་གྲོང་བསྲུང་། ལྔ་པས་གྲོང་ཁྱེར་བསྲུང་། དྲུག་གིས་དམག་ཚོགས་བསྲུང་། སྔགས་འདི་མ་བསྒྲུབས་པར་ལས་ཐམས་ཅད་བྱེད། གོས་སྔགས་ལ་གྱོན་པས་སྐལ་བ་བཟང་པོར་འགྱུར་རོ། །སོ་ཤིང་སྔགས་པས་སོ་སོའི་ཟུག་རྔུ་འཇོམས། ཚྭ་སྔགས་པས་མ་ཞུ་བ་དང་གཅོང་ནད་ཕན། མར་བཏབ་པའི་ཐུག་པ་ལ་བརྒྱ་རྩ་བརྒྱད་སྔགས་པས། རིམས་ཉིན་གཅིག་དང་། གཉིས་དང་གསུམ་དང་བཞི་དང་རྟག་པའི་རིམས་ཐམས་ཅད་ལ་ཕན། བརྒྱ་རྩ་བརྒྱད་འདོན་ཞིང་ནད་པ་ལ་བལྟས་ན། མཁའ་འགྲོ་མ་དང་གནོད་སྦྱིན་གྱི་གདོན་གྱིས་ཟིན་པར་ཕན། ལག་པ་ལ་བརྒྱ་རྩ་བརྒྱུད་སྔགས་ནས་ནད་པའི་མགོ་ལ་རེག་ན། བྱིས་བའི་མ་མོ་དང་ལུས་སྲུལ་པོ་


CMR033_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོ་ལངས་གཞོན་ནུ་གདོན་གདུག་པས་ཟིན་པ་བདེ་བར་འགྱུར་རོ། །ཞེས་རྒྱུད་ལས་གསུངས་སོ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། སྲུང་སྐུད་སྔགས་ནས་བཅིངས་ན་ནད་ལ་ཕན་ནོ། །སྨན་ལ་སྔགས་ནས་བླུད་ན་ནད་ཐམས་ཅད་ལ་ཕན་ནོ། །མར་སྔགས་ནས་བླུད་བྱུག་ནི་ཡན་ལག་ན་བ་སོས་སོ། །མར་ཁུ་སྔགས་ནས་མགོ་བོ་མཉེས་ན་ཀླད་གཟེར་ཞི། །སྔགས་ཆུ་བྱས་ན་རྨ་མ་རུངས་པ་ཞི། བུམ་ཆུ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ནས་བཀྲུས་ན། བུད་མེད་བུ་མི་འཚོ་བ་རྣམས་འཚོ་བར་འགྱུར་རོ། །སྔགས་ཀྱིས་བྱབ་པས་ནད་ཐམས་ཅད་འཕྲོག་གོ །སྔགས་དྲན་བཞིན་དུ་གཡུལ་དུ་ཞུགས་ན་གཡུལ་ལས་རྒྱལ་ལོ། །ཞེས་དཔའ་བོ་གཅིག་གྲུབ་རྒྱུད་ལས་གསུངས་སོ། །ཤེས་རབ་མེ་ལྟར་འབར་བར་བྱ་བའི་ཐབས། བདེ་གཤེགས་སྐུ་ལ་ཁྲུས་མཆོག་གསོལ་བའི་ཆུ། སྔགས་དང་བཅས་ཏེ་ལན་གྲངས་མང་དུ་བཏུང་། ཏདྱ་ཐཱ་པི་ཅུ་པྲཛྙཱ་དྷི་རི་རཾ་སྭཱ་ཧཱ། བློ་འཛིན་སྙོམས་ལྟར་མང་དུ་འཐུང་བའི་སྔགས། །ཉ་རྒྱས་ཟླ་བ་ཆུ་ཡི་སྣོད་དུ་བཟུང་། །སྔགས་བཟླས་རི་བོང་འཛིན་པ་ཁོང་དུ་བསྟིམ། །ན་མོ་བི་ཤ་སྲད་ཉེ་སརྦ་སི་ཏི་སྭཱ་ཧཱ། དེ་གཉིས་ཆུ་ཀླུང་ཆེན་པོའི་


CMR033_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་གསུངས་སོ། །ནོར་བུ་བཟང་པོའི་རྟོགས་པ་ཞེས་བྱ་བ་ཐུབ་པས་གསུང་པའི་ནང་གི་སྔགས་མང་པོ་སྣང་བ་ལས། ཨོཾ་ཕཊ་ཕཊ་ཧཱུྃ་ཧ་སྭཱ་ཧཱ། རིམས་ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཧཱུྃ་ཀྲི་ཀྵ་སྭཱ་ཧཱ། འགོ་བའི་ནད་མེད་པར་བྱེད་པའི་སྔགས་སོ། །ཨོཾ་ཧ་ཧེ་སུ་སྭཱ་ཧཱ། ཨོཾ་ཀྵ་ཧེ་ཀ་ཀཱ་པ། གསུས་པའི་ཟུག་གཟེར་མེད་པར་བྱེད་པའི་སྔགས་སོ། །ༀ་ཀྵ་ཀ་སྭཱ་ཧཱ། རྣ་བའི་ནད་མེད་པར་བྱེད་པའི་སྔགས་སོ། །ཨོ་ཀ་མ་ས་ཧ་སྭཱ་ཧཱ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ། །ཨོ་ཀི་ཀི་ས་མ་ཀྲི་ཡ་སྭཱ་ཧཱ། མིག་ནད་མེད་པར་བྱེད་པའི་སྔགས་སོ། ཨོ་ཀཱ་པ་ཡ་ཀ་པ་མི་ཀྵ་སྭཱ་ཧཱ། ནད་མེད་པར་བྱེད་པའི་སྔགས་སོ། །པཾ་ཀི་ས་ཧ་པྲ་ཀི་ས་པཾ་ཀི་ས་ཧ་པ་ཀི་པ་ས། །དུག་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ཨོ་ཀ་པུ་ཀྵ་སྭཱ་ཧཱ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ།། ༈ མགོའི་ནད་མེད་པར་བྱེད་པའི་སྔགས་ལ། ཨོཾ་ཀཾ་ཀེ་ཧ་ས། ཨོ་ཧཱུཾ་ཧཱུཾ་ཧཱུཾ་རཀྟ་ས་ཧ་ཙ་ཀི་ཌོ་ན་ཤ་ཡ་སྭཱ་ཧཱ། ༈ གསུས་པའི་འབུ་མེད་པར་བྱེད་པའི་སྔགས། ཀ་ལ་ཨབཱི་རུ་ཏྲ། ཧ་ས་པྲ་ཛི་ཧོ་ཥཱ་ཀ་རོ་ཊ། ༈ མེ་རིང་བར་བྱེད་པའི་སྔགས་ཏེ། མེ་མི་འབར་བྱེད་དོ། །


CMR033_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རྫི་དྷམྨ་དེན་བྷ་ར་ཨཙྪ་ཡ་ཨི། ཛ་ཧ་རུ་ཨ་རུ་ཧཱུྃ་ཀཉྩོ། ཨ་ཀུ་རེ། ཨ་བི་ཨུ་ཨ་དེ་སཏྲེ་སརྦ་ཧ། ཏྲཱ་ཎེ་སཊྚ་ཧུ་པ་བ་ཕུ། མེས་ཚིག་པའི་དུས་སུ་ཆུ་ལ་ཡོངས་སུ་བཟླས་ཏེ་ཁ་ཅིག་ཨརྒ་སྦྱིན་ནོ། ཆུ་ལ་ལན་ཉེར་གཅིག་བཟླས་ཏེ་ཁང་པ་ལ་གཏོར་ན་མེས་མི་ཚིགས་སོ། །ཨོཾ་ན་མཤྩཎྜ་ཡ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཕཊ་ཕཊ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་བཟའ་བ་ལ་ལན་བདུན་བཟླས་ཏེ་སྔགས་ནས་ཟོས་ན་ནད་ཐམས་ཅད་མེད་ཅིང་བདུད་རྩིར་འགྱུར་རོ། །སྙིང་ཁར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་པཾ་ཡིག་དཀར་པོ་ལས་བདུད་རྩིའི་རྒྱུན་བབས་པས་སྙིང་ཁ་གང་བར་བསམས་ལ། སྙིང་གཟེར་དང་ཚིག་པ་ཟ་བ་དང་བློ་མི་བདེ་བ་སེལ་ཏེ་རང་གཞན་སུ་ལའང་རུང་ངོ། །ཨོ་ཨ་རུ་ཎེ་ཧཱུྃ་ཕཊ་སྭཱ་ཧཱ། ཆུ་ལ་སྔགས་ནས་མིག་བཀྲུས་ན་མིག་ནད་ཐམས་ཅད་སེལ་བར་བདེ་མཆོག་རྒྱུད་ལས་གསུངས་སོ། །ན་མོ་ཙི་ཏྲ་རྭ་གཱ་ཡ་མེ་ཏྲི་སིན་ལོ་ཙ་ན་སྭཱ་ཧཱ། ཆུ་སྔགས་ནས་མིག་བཀྲུས་ན་རབ་རིབ་འཇོམས་པར་གཤིན་རྗེའི་གཤེད་ཀྱི་རྒྱུད་ལས་གསུངས་སོ། ༈ །གཉན་


CMR033_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚད་པའི་རིགས་ལ་སེང་གདོང་མའི་སྔགས། ཡི་གེ་བཅུ་བཞི་པས་སྔགས་ན་ཕན་པར་གསུངས་སོ། ༈ །མིག་ནད་ཐམས་ཅད་ལ་སྨེ་བརྩེགས་སྔགས་བཟླས་ནས་ཕུ་བཏབ་ན་ཕན་པར་གསུངས་སོ། ༈ བུད་མེད་བཙས་མ་ཐུབ་པ་ལ་ཡི་གེ་དྲུག་དང་སྤྱན་རས་གཟིགས་ཀྱི་མཚན་བརྗོད་པའི་སྔགས་ཆུས་ཕན་པར་བཤད་དོ།། ཨོ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། མི་གཡོ་བའི་སྔགས་འདི་སྲན་མ་ལ་སྔགས་ནས་བྲབ་ན་གདོན་ཐམས་ཅད་འབྲོས་པར་རྒྱུད་དང་རྒྱ་གཞུང་གཉིས་ཀ་ནས་གསུངས་སོ། །དེ་ལ་མི་གཡོ་བར་གཏོར་མ་ཕུལ་ནས་འཕྲིན་ལས་བཅོལ་ལོ། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ། ན་མཿས་མནྟ། སྤ་ར་ཎ། རསྨི་བྷ་ཝ། ས་མ་ཡ། མ་ཧཱ་མ་ཎི། དུ་རུ་དུ་རུ་ཧྲིད་ཡ། །ཛྭ་ལ་ནི་ཧཱུཾ། ཡེ་ཤེས་སྐར་མདའི་སྙིང་པོ་འདི་འབབ་ཆུའི་འགྲམ་དུ་འདུག་སྟེ་ལན་བདུན་བཟླས་ནས། ཆུ་འཁྱོར་བ་བདུན་ཆུ་བོར་དོར་ན། ཡི་དྭགས་ཐམས་ཅད་བཟའ་བཏུང་ཕུན་སུམ་ཚོགས་པས་ཚིམས་ནས། མཐོ་རིས་སུ་སྐྱེས། ཆུ་དེ་འཐུང་ཚད་སྒྲིབ་པ་བྱང་ནས། མཐོ་རིས་སུ་སྐྱེ་བར་གསུངས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་དེ་ཕུ་ནེ། ཧ་དེ་ཕུ་


CMR033_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་སྭཱ་ཧཱ། འདི་ལམ་དུ་འགྲོ་ཁ་ལན་བདུན་བརྗོད་ན་ལམ་གྱི་འཇིགས་པ་མི་འབྱུང་གསུངས་སོ། ༈ །ཕྱོགས་ངན་དང་སྤར་ཁའི་བདུད་གཅོད་ཕྱོགས་སུ་ཐག་རིང་འགྲོ་ན། སེང་གདོང་མའི་སྔགས་མཇུག་ཏུ། ཕྱོགས་ངན་བདུད་གཅོད་ཟློག །ཅེས་བརྒྱ་རྩ་བརྒྱད་བཟླས། ས་སྔགས་ལ་གཏོར་ཐལ་མོ་བརྡབས་ནས་འགྲོ་བས་ཐུབ་བོ། ༈ །རྨི་ལམ་ངན་པ་སད་མ་ཐག །ཁ་སྟན་མང་ངོས་སུ་གྲུ་ལ་ཡི་གེ་བཅུ་བཞི་པ་ཕྲེང་སྐོར་བཟླ། སེང་གདོང་མར་གསལ་བས་རྨི་ལམ་ངན་པ་ཟློག །ཅེས་ཐལ་མོ་བརྡབས་པས་ཐུབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་དྷ་ཐོར་བན་རེ་སྭཱ་ཧཱ། འདི་ལན་བདུན་བཟླས་ན་སྨོན་ལམ་གང་བཏབ་འགྲུབ་པར་འགྱུར་རོ། །ཞེས་རྒྱུད་དྲྭ་བ་ལས་གསུངས་ཞེས་ཨ་ཏི་ཤས་གསུངས་སོ། །དབང་བསྐུར་བའི་རྗེས་སུ་ཏིང་ངེ་འཛིན་གྱིས་དབང་ལེན་ཞིང་བསྙེན་པ་ཕྲེང་སྐོར་ཙམ་བྱས་པས་རང་གི་བྱིན་རླབས་ནུས་པ་མི་འཛད་པའི་གདམས་ངག་གོ། སྦྱི༔ ཕན་ཡོན་ཆེ་ཞིང་ཉམས་སུ་ལེན་བདེ་བའི། །སྔགས་


CMR033_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱོགས་གཅིག་བསྒྲིགས་པར་གྱིས་ཤིག་ཅེས། །བླ་མ་ཆོས་དབང་ཀུན་བཟང་གིས་བསྐུལ་ནས། །མདོ་རྒྱུད་ཚད་ལྡན་རྣམས་ནས་ལེགས་བསྡུས་ཏེ། །ཉེར་མཁོའི་ཁྱེར་བདེ་རཱ་གའི་མིང་གིས་བཀོད། །འདི་བྲིས་ཉེས་པ་ཌཱཀྐིའི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་བདེ་བླག་སངས་རྒྱས་ཤོག། །།སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆོས་དབང་ཀུན་བཟང་གིས་བསྐུལ་བའི་མན་ངག་ཚེགས་ཆུང་ཕན་ཐོགས་པའི་གདམས་ངགnext