Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
བཟའ་བཏུང་ཚོགས་འཁོར་བྱིན་རླབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཟའ་བཏུང་ཚོགས་འཁོར་བྱིན་རླབས།next

བཟའ་བཏུང་ཚོགས་འཁོར་བྱིན་རླབས།


CMR033_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་ཚོགས་འཁོར་བྱིན་རླབས་བཞུགས་སོ། །ཚོགས་འཁོར་གཏེར་གཞུང་རྣམས་བྱིན་རླབས་ཆེ་བས་ལེགས། འོན་ཀྱང་གཉན་པས་བཟའ་ཚོགས་ལ་འདི་བཏོན་ན་ལེགས། ཧྲཱིཿ ཆོས་རྣམས་ཡེ་ནས་རྫོགས་པ་ཆེ། །དོན་སྟོང་ཉིད་སྨྲ་བསམ་བརྗོད་ལས་འདས། །དཔེ་ནམ་མཁའ་མཐའ་དབུས་བྲལ་བ་བཞིན། །དོན་ཅི་ཡང་མེད་བཞིན་ཅི་ཡང་སྣང་། །དཔེ་མཁའ་ལ་འཇའ་སྤྲིན་ཤར་བ་བཞིན། །སེམས་ཆོས་སྐུ་ངོ་བོ་ཀུན་ཏུ་བཟང་། །དེ་གཟུགས་སུ་སྣང་བ་པད་འབྱུང་སྐུ། །ཐུགས་ཡིག་འབྲུ་རིག་རྩལ་འགགས་མེད་ལ། །གསུང་ཡིག་འབྲུ་རཾ་ཡཾ་ཁཾ་དང་གསུམ། །རཾ་འཕྲོས་པས་མི་གཙང་དྲི་མ་བསྲེགས། །ཡཾ་འཕྲོས་པས་དངོས་འཛིན་ཨ་འཐས་གཏོར། །ཁཾ་འཕྲོས་པས་ཐ་མལ་བག་ཆགས་བཀྲུས། །གསུང་ཡིག་འབྲུ་རཾ་ཡཾ་ཁཾ་གསུམ་པོ། །དེ་གནས་འགྱུར་སྐུ་གསུམ་ཡིག་འབྲུ་གྱུར། །ཧཱུཾ་ཐུགས་ཀྱི་ཡི་གེས་རྣམ་རྟོག་སྦྱངས། །ཨཱགསུང་གི་ཡི་གེས་བདུད་རྩིར་བསྒྱུར། །ཨོཾ་སྐུ་ཡི་ཡི་གེས་མཆོད་སྤྲིན་གྱུར། །ཧིཐུགས་ལས་མཆོད་ལྷ་གྲངས་མེད་འཕྲོས། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དཔལ་ཀུན་བཟང་རྡོ་རྗེ་འཆང་ཆེན་ལ། །


CMR033_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སེམས་དང་གཉིས་སུ་མེད་པར་མཆོད། །གནས་དག་པའི་ཞིང་ཁམས་ལྔ་པོ་ནས། །དཔལ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་ལུས་དང་གཉིས་སུ་མེད་པར་མཆོད། །གནས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ནི། །དཔལ་སྤྲུལ་སྐུ་སངས་རྒྱས་སྟོང་རྩ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སྣང་དང་གཉིས་སུ་མེད་པར་མཆོད། །གནས་གྲུ་འཛིན་བྱེ་བ་ཕྲག་བརྒྱ་ན། །དཔལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱར། །རྫ་ས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཐུགས་རྗེ་དང་གཉིས་སུ་མེད་པར་མཆོད། །གནས་རི་བོ་རྩེ་ལྔ་ཕྲག་བརྒྱ་ན། །དཔལ་འཇམ་དབྱངས་བྱེ་བ་ཕྲག་བརྒྱ་ལ། །རྫ་ས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མཁྱེན་རབ་དང་གཉིས་སུ་མེད་པར་མཆོད། །གནས་ལྕང་ལོ་ཅན་བྱེ་བ་ཕྲག་བརྒྱ་ན།དཔལ་ཕྱག་ན་རྡོ་རྗེ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མཐུ་སྟོབས་དང་གཉིས་སུ་མེད་པར་མཆོད། །གནས་རྔ་ཡབ་བྱེ་བ་ཕྲག་བརྒྱ་


CMR033_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དཔལ་པདྨ་འབྱུང་གནས་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རིག་རྩལ་དང་གཉིས་སུ་མེད་པར་མཆོད། །གནས་ཨོཾ་རྒྱན་བྱེ་བ་ཕྲག་བརྒྱ་ན། །དཔལ་རྟ་ཕག་ཡབ་ཡུམ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་བདེ་སྟོང་དང་གཉིས་སུ་མེད་པར་མཆོད། །གནས་རིགས་དྲུག་བྱེ་བ་ཕྲག་བརྒྱ་ན། །ཐུབ་དྲུག་པད་འབྱུང་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཕྱིན་དྲུག་དང་གཉིས་སུ་མེད་པར་མཆོད། །གནས་རྒྱ་གར་བྱེ་བ་ཕྲག་བརྒྱ་ན། །གྲུབ་ཆེན་བྱེ་བ་བརྒྱད་ཅུ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་བླ་མ་དང་གཉིས་སུ་མེད་པར་མཆོད། །གནས་གངས་ཅན་བྱེ་བ་ཕྲག་བརྒྱ་ན། །དཔལ་རྗེ་འབངས་ཉེར་ལྔ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རིག་སྟོང་དང་གཉིས་སུ་མེད་པར་མཆོད། །གནས་གང་ལ་གང་འདུལ་གྱི་ཞིང་ཁམས་ན། །དཔལ་རྩ་བ་བརྒྱུད་པའི་བླ་མ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་པད་འབྱུང་དང་གཉིས་སུ་མེད་པར་


CMR033_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །གནས་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ན། །ལྷ་བུདྡྷ་བཞི་བཅུ་རྩ་གཉིས་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རང་སྙིང་དང་གཉིས་སུ་མེད་པར་མཆོད། །གནས་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ན། །འབར་བ་ཁྲག་འཐུང་ལྔ་བཅུ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཕུང་ཁམས་དང་གཉིས་སུ་མེད་པར་མཆོད། །གནས་འོག་མིན་མཁའ་སྤྱོད་རྣམ་གསུམ་ན། །དཔལ་དག་པ་རིག་འཛིན་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་མགྲིན་པ་དང་གཉིས་སུ་མེད་པར་མཆོད། །ཡུལ་ཆེན་པོ་ཉི་ཤུ་རྩ་བཞི་ན། །དཔལ་དཔའ་བོ་དང་མཁའ་འགྲོ་བྱེ་བ་བརྒྱར། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་རྩ་བྲན་དང་གཉིས་སུ་མེད་པར་མཆོད། །གནས་རབ་འཇིགས་དུར་ཁྲོད་ཆེན་པོ་ན། །དཔལ་མ་མགོན་དམ་ཅན་རྒྱ་མཚོ་ལ། །རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་དམ་ཚིག་དང་གཉིས་སུ་མེད་པར་མཆོད། །གནས་སྟོང་གསུམ་མི་མཇེད་ཞིང་ཁམས་ན། །དྲེགས་པ་སྣང་སྲིད་ལྷ་འདྲེ་ལ། །།རྫས་ཟག་མེད་བདུད་རྩིའི་ཚོགས་


CMR033_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འབུལ། །དོན་རྣམ་རྟོག་དང་གཉིས་སུ་མེད་པར་མཆོད། །གནས་ནམ་མཁའི་མཐར་ཐུག་ཞིང་ཁམས་ན། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ།། རྫས་ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ། །དོན་ཡི་དམ་དང་གཉིས་སུ་མེད་པར་མཆོད། །བདག་དེ་ལྟར་ཚོགས་མཆོད་ཕུལ་བའི་མཐུས། །གནས་ཡུལ་འབྲོག་དང་རི་ཁྲོད་གྲོང་གི་གསེབ། །གར་འདུག་ཀྱང་འོག་མིན་བདེ་བ་ཅན། །ཞིང་ཡོངས་སུ་དག་པར་བྱིན་གྱིས་རློབས། །མཁར་ཁང་ཁྱིམ་སྦྲ་གུར་སྤྱིལ་པོ་ཕུག །གར་འདུག་ཀྱང་གཞལ་ཡས་སུ་བྱིན་གྱིས་རློབས། །གྲོགས་སྐྱེས་པ་དང་བུད་མེད་བྱིས་པ་སོགས། །སུ་འགྲོགས་ཡི་དམ་ལྷ་རུ་བྱིན་གྱིས་རློབས། །གདན་ཕྱིང་པ་གཡང་གཞི་རྩྭ་སོགས་ཤིང་། །དེ་གསེར་ཁྲི་པདྨར་བྱིན་གྱིས་རློབས། །སྣོད་ཟངས་ལྕགས་འཁར་བ་ཤིང་གི་སྡེར། །དེ་པདྨ་བྷནྡཱར་བྱིན་གྱིས་རློབས། །ཟས་ཤ་ཆང་ཇ་ཞོ་ཟན་དང་ཐུད། །ཁ་མེ་ཐབ་ལག་གཉིས་དགང་གཟར་སྣོད། །སེམས་ཡི་དམ་ཨ་ཐུང་ཡེ་ཤེས་མེ། །ཟས་བཟའ་བཏུང་སྦྱིན་སྲེག་ཏུ་བྱིན་གྱིས་རློབས། །རླུང་འབྱུང་འཇུག་གནས་གསུམ་རྡོ་རྗེའི་སྔགས། །གཉིད་རྨི་ལམ་ཐ་


CMR033_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མལ་སྙོམས་འཇུག་བཞི། །དོན་སྐུ་བཞི་ལྷུན་གྲུབ་ཏུ་བྱིན་གྱིས་རློབས། །དོན་རང་སེམས་དང་ཆོས་དབྱིངས་ནམ་མཁའ་གཉིས། །སྣང་སྲིད་ཀུན་རང་སེམས་རོ་གཅིག་འདྲེས། །ལྷ་སྤྱན་འདྲེན་དང་བཞུགས་གསོལ་མི་དགོས་པས། །འཁོར་འདས་མཉམ་ཉིད་དུ་བྱིན་གྱིས་རློབས། །ཟས་ཞིམ་བཙོག་མངར་སྐྱུར་གྱི་རྟོག་པ་ལ། །དེ་ངོ་བོར་བལྟས་པས་སྟོང་པར་མཉམ། །ཚོགས་ཕྱི་ནང་ཟག་མེད་བདུད་རྩིར་དམིགས། །ལུས་ཕུང་ཁམས་སྐྱེ་མཆེད་ལྷ་ལ་འབུལ། །དེ་ཟ་འཐུང་ཚོགས་འཁོར་གྱི་གདམས་པ་ཡིན། །།གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པ་རི་ཝཱ་ར་གྷ་ན་ཙཀྲ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི། ཞེས་རོལ། ལྷག་མ་ནི། རང་ཉིད་ཡི་དམ་ལྷ་ཡི་ཡར་མར་རྐན། །ལྷ་སྣང་མཐའ་གོས་དཀར་སྦྱོར་མཚམས་ནས། །བདུད་རྩི་བྱང་སེམས་ཀྱི་ཐིགས་པ་སྤྲོས། །རྗེས་ལྷག་མ་ཤ་ལྔ་བདུད་རྩི་ལྔ། །དོན་ཟག་མེད་ཡེ་ཤེས་བདུད་རྩི་ལྔ། །གཟུགས་ཤ་ཁྲག་རུས་པའི་རྒྱ་མཚོར་གྱུར། །སྔགས་ཧ་ཧོ་ཧྲི༔ཡིས་བྱིན་གྱིས་རློབས། །རྫས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །དོན་རང་གི་རྩལ་སྣང་འགགས་མེད་ལས། །ཕྱི་དབང་ཕྱུག་མ་མོ་ཞིང་སྐྱོང་ཚོགས། །གནས་དུར་ཁྲོད་འགྲིམ་ཞིང་ཚོགས་


CMR033_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཉུལ། །བུ་དམ་ཚིག་ཅན་ལ་དངོས་གྲུབ་སྟེར། །བཀའ་དམ་ཉམས་རྣམས་ལ་ཆད་པ་འབེབས། །མི་ཉམས་རྟོགས་ཅན་གྱི་དྲོད་ཚད་འབེབས། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །བར་སྣང་སྲིད་ལྷ་འདྲེ་འཁོར་དུ་ཁྲིད། །དམའ་ས་གཞི་ལེགས་ཉེས་སྟངས་རྣམས་གཅོད། །ཕོ་འཕྱོར་པོ་ཀུན་གྱི་བླ་ཡིད་འཕྲོག །མོ་འཕྱོར་མོ་ཀུན་གྱི་ཡིད་སེམས་བསླུས། །དུས་སྙིགས་མར་དལ་ཡམས་རྐྱེན་ཁ་འབེབས། །དགྲ་ཞིང་བཅུ་ཚང་བའི་ཚེ་སྲོག་གཅོད། །གནས་སྒྲུབ་ཁང་དུར་ཁྲོད་གནས་རི་ཉུལ། ཟས་ཤ་ཁྲག་བདུད་རྩིའི་གཏོར་མ་ཟ། །མི་དམ་ཚིག་ཅན་ལ་སྲིང་བས་གདུང་། །ཆོས་སྙིང་ནས་བྱེད་ན་མ་བས་བྱམས། །མི་བསྟན་བཤིག་རྣམས་ལ་ཞེ་རེ་གནག །སྟོབས་རྫུ་འཕྲུལ་གནམ་ས་ཁ་ཞབས་སྒྱུར། །བང་མགྱོགས་པ་གློག་དང་སྐར་མདའ་འདྲ། །མཐུ་དྲག་རྩལ་ནམ་མཁའི་ཐོག་བས་ཆེ། །སྔོན་དཔལ་ཆེན་རིག་འཛིན་སྤྱན་སྔ་རུ། །དུས་མ་འོངས་གསང་སྔགས་ཉམས་ལེན་པ། །དེ་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། །སྙིང་ཐག་པའི་བུ་བཞིན་མི་སྐྱོང་རེ། །དེ་རང་དམ་བཅས་ནས་ཐ་ཚིག་བཞག །དོན་རྫོགས་སངས་


CMR033_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་དབྱེར་མེད་ཀྱང་། །འཕྲལ་གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། །ལུས་བྲན་གཡོག་ཕོ་མོའི་ཚུལ་འཛིན་པས། །ཁྱེད་མཉེས་པའི་ལྷག་གཏོར་ངས་འབུལ་གྱིས། །ང་རྣལ་འབྱོར་དགའ་བའི་དངོས་གྲུབ་བྱིན། །དོན་སྡོང་གྲོགས་མེལ་ཚེ་དགའ་བཞིན་མཛོད། །སརྦ་པྲ་ཏ་བ་ལི་ཏ་ཁཱ་ཧི། ཞེས་ཕུལ་ནས། མི་བདག་གི་དུས་གསུམ་དགེ་བསགས་དང་། །ཟས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཐུས། །ཚེ་འདི་ལ་ནད་གདོན་བར་ཆད་ཞི། །ཚེ་བསོད་ནམས་ཉམས་རྟོགས་འཕེལ་ཞིང་རྒྱས། །རང་རླུང་སེམས་སྣང་བ་དབང་དུ་འདུས། །དགྲ་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས། །ཚེ་འདི་ལ་པད་འབྱུང་སྐུ་འགྲུབ་ཤོག །དོན་སྣང་སྲིད་དག་པ་རབ་འབྱམས་ཞིང་། །དེ་ཡི་དམ་ཡིན་པ་ངོ་འཕྲོད་ནས། །དེ་དངོས་སུ་འཆར་བའི་བཀྲ་ཤིས་ཤོག །ཅེས་མེ་ཡོས་ས་གའི་ཉེར་གཅིག་ལ། །རང་རྣམ་གཡེང་མང་པོས་ཡེང་སྐབས་ལ། །བུས་བྲིས་ཤོག་གལ་ཆེན་བསྐུལ་བའི་ངོར། །འཕྲལ་གང་དྲན་བྲིས་པའི་ཚོགས་མགུར་འདི། །ཁྱེད་དུས་མིན་ཤ་ཆང་ལོངས་སྤྱོད་ཚེ། །འདི་བཏོན་པས་སྔགས་ནུས་མི་ཉམས་ཤིང་། །ཟས་ཤ་ཆང་ལ་སོགས་ཟ་འཐུང་ཚེ། །འདི་བཏོན་པས་བསོད་ནམས་ཚོགས་སུ་འགྱུར། །ཚོགས་ཇི་བཞིན་བཤམས་ནས་བཏོན་ན་


CMR033_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དོན་མ་ཚང་ཆད་ལྷག་འདི་ལ་མེད། །ཚིག་རིས་ཀྱི་དོན་རྩ་འདི་ལས་མེད། །དེ་བྱེད་ན་ཉམས་རྟོགས་བོགས་སུ་འགྱུར། །ཚིག་དེ་སྐད་རཱ་ག་ཨ་སྱས་སྨྲས། ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཟའ་བཏུང་ཚོགས་འཁོར་བྱིན་རླབས།next