Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་སྲེག་གི་ས་ཆོག
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦྱིན་སྲེག་གི་ས་ཆོགnext

སྦྱིན་སྲེག་གི་ས་ཆོག


CMR033_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་གི་ས་ཆོག་ནི་ཁྱིམ་སོགས་ལ་མི་དགོས་ཤིང་། སྒར་སོགས་ས་རྒོད་ལ། དེར་དཀར་གཏོར་གཅིག་བཤམས་ལ། ཧཱུྃ་ལས་རིན་ཆེན་སྣོད་དུ་ནི༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར་ཨོཾ་ཨ་ཀཱ་རོ་སོགས་གསུམ། རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བར་གྱུར༔ ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡབས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས། ས་དེ་རྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་གཡས་མཆོག་སྦྱིན་དང་གཡོན་བུམ་པ་བསྣམས་པ༔ ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པར་གྱུར༔ དེའི་འོད་ཀྱིས་སའི་ལྷ་མོ་ས་བདག་གིས་བསྐོར་བ་སྤྱན་དྲངས༔ ཨོ་པྲི་ཐི་ཝི་དྷེ་ཝི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཨགྷཾ་སོགས། ཧཱུྃ༔ ཇི་ལྟར་སྔོན་གྱི་དཔང་མཛད་ལྟར༔ སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་བདག་གིས་བྱུང་ཆུབ་ངེས་སྒྲུབ་པའི༔ མཆོད་འབུལ་དཔང་མཛོད་ས་འདི་ཞུ༔ བཅུ་གཉིས་ལོ་ཡི་རྟ་ལ་ཞོན༔ ཀོ་ལོང་སྡོམ་པའི་ལྷ་དགུ་སོགས༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ས་གླུད་མཆོད་སྦྱིན་འདི་བཞེས་ལ༔ ས་འདི་བདག་ལ་གནང་བར་མཛོད༔ འབྱུང་པོ་ས་ཡི་བདག་པོ་ཀུན༔ གནས་རྟེན་གཞན་དུ་ཁྱོད་སྤོས་ལ༔ ས་འདི་བཀྲ་


CMR033_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་མཛད་དུ་གསོལ༔ སརྦ་བྷུ་ཏ་ཨུཙྪི་གྲིཉྩ་ཁཱ་ཧི་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད༔ འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ༔ དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ༔ མཚོན་ཆས་མི་འཇིགས་གང་ཡང་མེད༔ འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག་ཧཱུཾ་ཧྲཱི༔ སྔོན་ཡང་བཅོམ་ལྡན་ཤཱཀྱ་ཐུབ༔ བདུད་བཏུལ་སངས་རྒྱས་ཆོས་འཁོར་བསྐོར༔ ས་གཞི་རིན་ཆེན་འདི་ཉིད་དུ༔ ལྷ་མོ་ཁྱོད་ཀྱིས་གནང་བར་བྱས་དེ་རྗེས་བདག་ཀྱང་ཚོགས་གཉིས་ཀྱི༔ འབྲས་བུ་གནས་འདིར་འདོད་པ་ན༔ ཡི་དམ་ལྷ་ཡི་དཀྱིལ་འཁོར་འདེབས༔ དེ་ཕྱིར་ས་འདི་གནང་བར་མཛོད༔ དེ་ཕྱིར་ས་བདག་འཁོར་བཅས་རྣམས༔ ས་ཡོན་གླུད་གཏོར་འདི་ཁྱེར་ལ༔ གནས་འདི་བདག་ལ་གནང་བ་དང་༔ བཀྲ་ཤིས་བྱིན་ཆེན་དར་རྒྱས་མཛོད༔ ཅེས་བརྗོད་པས་ལྷ་མོ་དེས་དགའ་བའི་མདངས་ཕྱུང་སྟེ༔ ཁྱོད་ནི་ཤཱཀྱ་སེང་གེའི་སྲས༔ སྒྲུབ་པ་རྟེན་གྱི་གང་ཟག་སྟེ༔ བྱང་ཆུབ་སེམས་དང་རབ་ལྡན་པས༔ འགྲོ་བ་སེམས་ཅན་དོན་གྱིས་ཤིག༔ ཅེས་


CMR033_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་བྱིན་ནས་སླར་ས་ལ་ཐིམ་པར་གྱུར༔་ས་བརྐོ་ལུགས་ལྟོ་འཕྱེ་རིག་རྩིས་ནི༔ རང་གི་དཔྱིད་གསུམ་བྱང་དུ་ཁ་གྱུས་ལ་ཀག་ལེ་ལྔ་བརྒྱབ༔ དབྱར་གསུམ་ཤར་དུ་གྱུར༔ སྟོན་གསུམ་ལྷོར་གྱུ༔ དགུན་གསུམ་ནུབ་ཏུ་གྲུ་ལ་བརྐོའོ༔ ༈ ཚོན་དང་ཐིག་བྱིན་རླབས་ནི༔ སྣོད་སོ་སོར་ཚོན་སྣ་ལྔ་བཞག༔ ཐིག་སྐུད་ཡང་བཞག་ལ༔ ཧཱུཾ་ལས་རིན་ཆེན་སྣོད་ནང་དུ༔ དཀར་པོ་ཨོཾ་ལས་རྣམ་སྣང་མཛད༔ སྔོ་ནག་ཧཱུྃ་ལས་མི་བསྐྱོད་པ༔ སེར་པོ་ཧཱུྃ་ལས་རིན་ཆེན་འབྱུང་༔ དམར་པོ་ཧྲིལས་སྣང་མཐའ་ཡས༔ ལྗང་གུ་ཨཱ༔ལས་དོན་གྲུབ་གསལ༔ རང་བཞིན་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཐིག་ཚོན་རྣམས་ལ་ཐིམ༔ ཨརྒྷཾ་སོགས། བསྟོད་པར་འོས་སོགས། རིགས་ལྔ་འོད་དུ་ཞུ་བ་ལས༔ ཐིག་ཚོན་སོ་སོའི་རྣམ་པར་གྱུར༔ དེ་ནས་ཐིག་ཆེན་བརྒྱད་བཏབ་ལ་ཕྱག་ལེན་བཞིན་དུ་འབྲི་བ་དང་༔ རྫས་དང་ཡམ་ཤིང་མཆོད་པ་ཡི༔ ཁྱད་པར་མཐོང་བ་བརྒྱུད་པར་ལྟོས༔ འདི་ཡང་གསང་འདུས་སྒྲུབ་ཆེན་ནས༔ ཁོལ་དུ་རཱ་ག་ཨ་སྱས་བྱུང་༔ སརྦ་མངྒ་ལཾ། ཐིག་གདབ་ལུགས་ནི༔ སྟེགས་བུ་གྲུ་བཞིར་གནས་པ་དེས༔ ཐུང་ངུ་དེ་ཡི་ཚད་དེ་ཡིས༔ ཕྱོགས་བཞིར་ཚད་ལ་མཚན་མ་བྱ༔ དེས་ཚད་ཐིག་སྐུད་བལྟེབས་བྱས་ནས༔ དབུས་དང་ཕྱོགས་བཞིར་ཉ་ལྟོ་བྲི༔ ཉ་ལྟོའི་དབུས་སུ་ཚངས་ཐིག་གདབ༔ ཚངས་ཐིག་གཉིས་


CMR033_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བར་དག་ཏུ༔ བྱ་རྗེས་བྱས་ཐོག་ཟུར་ཐིག་གདབ༔ དེ་ཡིས་ཐིག་ཆེན་བརྒྱད་པོ་གྲུབ༔ མཐེབ་སྲིན་སྦྱར་ལ་སྐུད་སྣེ་འཛིན༔ གྲུ་མོའི་རྩེ་རུ་ཚད་བྱས་ལ༔ དེ་ཉིད་བལྟེབས་ནས་དབུས་སུ་བཟུང་༔ ཟླུམ་པོར་བསྐོར་བ་ཐབ་ཀྱི་རྒྱ༔ དེ་ཡི་ཕྱི་རིམ་སོར་བཞི་པ༔ གཉིས་དང་སོར་དོ་པ་གཉིས་བསྐོར༔ མཆུ་དང་ཁ་ཁྱེར་ཁ་བད་དང་༔ ཁ་འཕྱང་བཞི་རུ་འབྱུང་བ་ཡིན༔ བསྡུ་ན་གཉིས་སམ་གཅིག་གིས་ཆོག༔ དེས་ན་ལས་བཞི་ཐམས་ཅད་མཚུངས༔ ༈ སྔར་ལྟར་ཐིག་སྐུད་གྲུ་གང་ཚད༔ དབུས་ནས་མཚམས་བཞིར་མཚན་མ་བྱ༔ དེ་སྟེང་ཐིག་གདབ་ཐབ་ཀྱི་རྒྱུར༔ དེ་རྒྱབ་སོར་བརྒྱད་པ་གཉིས་དང་ཟླ་སོར་བཞི་གཉིས་གདབ་རྒྱས་པ་འགྲུབ༔ ༈ དབུས་ནས་ཤར་དུ་སོར་གསུམ་འཇལ། མཚན་མ་བྱས་པའི་སྟེང་ཉིད་ནས༔ ཐིག་སྐུད་སོར་མོ་ཉི་ཤུའི་ཚད༔ ཟླུམ་པོར་བསྐོར་བ་ཐབ་ཀྱི་རྒྱ༔ དེ་རྒྱབ་སོར་གསུམ་པ་གཉིས་དང་༔ སོར་མོ་ཕྱེད་གཉིས་པ་གཉིས་བསྐོར༔ ལོགས་སུ་ཟླུམ་པོ་ཤར་ངོས་ནས་རིམ་པ་བཞིན་དུ་ཐིག་གིས་བཅད༔ དབུས་ཕྱོགས་ཤར་གྱི་མཚན་མ་དབྱིབས༔ དེས་ནི་དབང་གི་ཐབ་འགྲུབ་བོ༔ ༈ ཐིག་སྐུད་སོར་མོ་ཉི་ཤུ་པ༔ དབུས་ནས་ཟླུམ་པོར་བསྐོར་བར་བྱ༔ དེ་རྒྱབ་སོར་བཞི་པ་གཉིས་དང་༔ སོར་མོ་ཕྱེད་གཉིས་པ་གཉིས་བསྐོར༔ ཤར་གྱི་ཟླུམ་སྐོར་ནང་མ་ནས༔ དབུས་ཀྱི་ལྟེ་བར་ཐིག་སྐུད་ཚད༔ དེ་ཡི་གཡས་གཡོན་བྱ་རྗེས་བཙལ༔ དེ་བཞིན་ཟླུམ་སྐོར་བར་མ་དང་༔ ཕྱི་རྣམས་ལ་རིམ་བཞིན་བཙལ༔ དེ་ལ་འཕྲེད་ཐིག་རིམ་པར་གདབ༔


CMR033_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེད་ཐིག་ནང་མའི་བྱ་རྗེས་ནས༔ ནུབ་དབུས་ཚངས་ཟླུམ་སྟེང་དུ་གདབ༔ དེ་ཡིས་གྲུ་གསུམ་ནང་མ་འབྱུང་༔ དེ་བཞིན་ཕྱི་མ་རིམ་པར་གདབ༔ དེ་ཡིས་དྲག་པོའི་ཐབ་ཐིག་འགྲུབ༔ ༈ ཞི་བའི་ཐབ་ཁུང་སོར་བཞི་ཡིན༔ ཟླུམ་པོར་བསྐོར་བ་པདྨའི་ལྟེ༔ ཟླུམ་སྐོར་ནང་མར་རེག་ཙམ་དུ༔ ཟུར་ཐིག་བཞི་ནས་གྲུ་བཞིར་གདབ༔ ལོགས་ཐིག་བཞི་ནས་དེ་བཞིན་བྱ༔ ཚངས་ཟུར་དབུས་གཤག་གཅུས་ཐིག་གདབ༔ ཟུར་བརྒྱད་གཅུས་ཐིག་གཉིས་ཀ་ཕྱི་ནང་གཉིས་གཉིས་གདབ་པ་ཡིས༔ འདབ་བརྒྱད་པད་ཤུན་བཅས་པ་འབྱུང་༔ རྒྱས་པའི་བརྒྱད་དང་བཅུ་གཅིག་གི༔ པདྨའི་ལྟེ་བ་འདབ་མ་བསྐོར༔ དབང་དྲག་གཉིས་ལ༔ ཟླ་གམ་གྲུ་གསུམ་ནང་མ་ལ༔ མ་རེག་ཙམ་དུ་*ཟླུམ་པོར་བསྐོར༔ དེ་ཡི་སུམ་ཆ་ལྟེ་བ་སྟེ༔ ལྷག་མ་འདབ་བརྒྱད་གོང་ལྟར་རོ༔ རཱ་ག་ཨ་སྱས་མཛད་པ་ཡི༔ རྒྱས་པའི་ནང་ནས་ཁོལ་དུ་ཕྱུང་༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྦྱིན་སྲེག་གི་ས་ཆོགnext