Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཇོ་མོ་རྣམས་རི་ཁྲོད་གསར་དུ་འཛིན་པའི་དམིགས་ཐུན།
   
   
   
   
   
   
   
   
   
   


 
previousཇོ་མོ་རྣམས་རི་ཁྲོད་གསར་དུ་འཛིན་པའི་དམིགས་ཐུན།next

ཇོ་མོ་རྣམས་རི་ཁྲོད་གསར་དུ་འཛིན་པའི་དམིགས་ཐུན།


CMR033_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་མོ་རྣམས་རི་ཁྲོད་གསར་དུ་འཛིན་པའི་དམིགས་ཐུན་ཅིག་ཡོད་ལགས་སོ། །


CMR033_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བེ་རོ་ཙ་ན་ཡེ། རི་ཁྲོད་གསར་དུ་འཛིན་པ་ལ། །ས་གཞི་ཤིན་ཏུ་བྱིན་རླབས་དགོས། །ས་ཆ་འདི་ཉིད་དག་པའི་ཞིང་། །བདེ་བ་ཅན་དང་འདྲ་བར་བསྒོམ། །དེ་དཀྱིལ་རང་ཉིད་འདུག་པའི་འོག །གསེར་གྱི་རྡོ་རྗེ་རྒྱ་གྲམ་ནི། །ཤིན་ཏུ་ཆེ་ཞིང་བརྗིད་པ་ཡི། །ལྟེ་བར་མེ་ཏོག་པདྨ་ནི། །འདབ་མ་སྟོང་དང་ལྡན་པ་སྐྱེས། །འདབ་མ་དེ་ཡི་འོག་ཏུ་ནི། །ས་སྐོར་དེ་རྣམས་ཚུད་པར་བསྒོམ། །མེ་ཏོག་དེ་ཡི་སྟེང་དུ་ནི། ཟླ་བའི་དཀྱིལ་འཁོར་ཉ་གང་བ། །གདན་དུ་བཏིང་བའི་སྟེང་དེ་ན། །རང་ཉིད་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་


CMR033_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཕྱག་བཞི་དང་པོས་ཐལ་མོ་སྦྱར། །གཡས་འོག་ཤེལ་དཀར་ཕྲེང་བ་འདྲེན། །གཡོན་འོག་མེ་ཏོག་དཀར་པོ་ནི། །སྙན་གྱི་ཐད་དུ་བྱེ་བ་འཛིན། །དབུ་ལ་འོད་དཔག་མེད་པས་བརྒྱན།། །ཐོར་ཚུགས་དབུ་རྒྱན་ལ་སོགས་ལ། །རིན་ཆེན་རྒྱན་ཆ་ཁྲ་དཔུང་ངེ། །དར་གྱི་སྟོད་གཡོགས་ཤམ་ཐབས་ཅན། །རི་དྭགས་ཀྲི་སྙན་ས་ལེ་ཡི། །པགས་པ་སྔོན་པོ་ཕྲག་གཡོན་གཟར། །ཞབས་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་། །སྤྱན་གཉིས་འགྲོ་ལ་ཐུགས་རྗེས་གཟིགས། །འོད་ཕུང་འབར་བའི་དཀྱིལ་ན་བཞུགས། །དེ་ཡི་ཐུགས་ཀར་ཟླ་བའི་སྟེང་། །ཧཱི༔ཡིག་དཀར་པོ་ལངས་པ་ལ། །


CMR033_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དྲུག་པས་གཡས་སུ་བསྐོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །སྤྱན་རས་གཟིགས་དང་སྒྲོལ་མའི་ཚོགས། །ཐམས་ཅད་དེ་རུ་སྤྱན་དྲངས་པས། །ལ་ལ་རང་ལ་ཐིམ་པ་དང་། །ལ་ལ་གནས་དང་ཁང་པར་ཐིམ། །མེ་ཏོག་ཆར་བབ་འཇའ་འོད་འཁྲིགས། །དྲི་བཟང་ངད་པས་ས་ཕྱོགས་ཁྱབ། །དེ་ཚེ་ལྷ་ཀླུ་གཞི་བདག་ཀུན། །རང་ཉིད་སྤྱན་རས་གཟིགས་དབང་ལ། །དད་ཅིང་གུས་པས་ཁྲོམ་ལྟར་འཚོགས། །ཐལ་མོ་སྦྱར་ཞིང་འདུག་པ་ལ། །བདག་གི་ཡིག་དྲུག་གསུངས་པ་ཡིས། །རང་གི་སྐུ་ལས་འོད་དཀར་པོ། །འཕྲོས་ནས་ལྷ་འདྲེ་རྣམས་ལ་ཐིམ། །གདུག་རྩུབ་བསམ་ངན་སྡིག་སྒྲིབ་དག །བྱམས་དང་སྙིང་རྗེ་སེམས་ལ་སྐྱེས། །དེ་ཡི་དྲིན་ལན་གཏང་རག་ལ། །གནས་འདི་དང་ནི་ས་ཆ་འདི། །ཁྱེད་ལ་དད་པས་འབུལ་ལགས་ཀྱིས། །ཆུ་དང་ཤིང་དང་ས་དང་རྡོ། །ཅི་མཁོ་ལོངས་ལ་སྤྱོད་ཅིག་ཅེས། །ལྷ་འདྲེས་རང་ལ་ཕུལ་ལགས་ཀྱང་། །རང་རང་གནས་སུ་སོང་བར་བསྒོམ། །དེ་ཚེ་དམིགས་པ་སྒོམ་བཞིན་དུ། །ཡི་གེ་དྲུག་པ་འདོན་པར་བྱ། །རྗེས་ནས་སྒོམ་མཁན་སེམས་ལ་ལྟ། །མ་མཐོང་ངང་ལ་ལྷོད་དེ་


CMR033_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ལྟར་ཉིན་རེ་ཐུན་རེ་ལ། །ཟླ་བ་འགའ་ཟུང་བསྒོམས་བྱས་པས། །རྨི་ལམ་སྐྱེས་པ་བུད་མེད་ཀྱིས། །ཕྱག་འཚལ་བ་དང་ཟས་སྐོམ་དང་། །དཀར་གསུམ་ལ་སོགས་འབུལ་བ་འབྱུང་། །དེ་འདྲའི་དམིགས་པ་མ་ཤེས་ན། །ཆུ་བླང་ཀླུ་ལ་མ་བྱིན་ལེན། །རྩྭ་དང་ཤིང་དང་ས་རྡོ་དང་། །གཞི་བདག་དེ་ལ་མ་བྱིན་ལེན། །དེ་ལ་ཉེས་པ་ཡོད་པ་ཡིན། །དམིགས་པ་དེ་འདྲར་བསྒོམས་བྱས་པས། །ཕྱིན་ཆད་དེ་རུ་སུ་བསྡད་ལ། །བར་ཆད་མེད་ཅིང་བཀྲ་ཤིས་ལ། །ཐུགས་དམ་ཉམས་རྟོགས་འཕེལ་བ་ཡིན། །གཞི་བདག་ལྷ་འདྲེ་ཐམས་ཅད་ལ། །དགྲ་ཡི་འདུ་ཤེས་འཇིགས་སྐྲག་སྤངས། །ཡོན་བདག་ཡིན་པའི་ཕན་བསམ་བསྒོམ། །རི་ཆོས་ཀུན་གྱི་ཐོག་མ་ཡིན། །སྤྱི། །རང་རེ་རི་ཁྲོད་བཟུང་མི་ཚོ། །རི་ཁྲོད་འདི་རུ་འོང་བའི་དོན། །དམ་པའི་ཆོས་ཤིག་ཨེ་འགྲུབ་བསམ། །དགེ་སྦྱོར་ཐམས་ཅད་ལ་འབད་པར། །བག་མེད་ཉོན་མོངས་ཡིད་འཁྲེང་ན། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །ཡེ་ཤེས་སྤྱན་གྱིས་གཟིགས་པས་ཁྲེལ། །ལྷ་ཀླུ་གཞི་བདག་འདི་ཀུན་ལ། །ཟག་བཅས་མངོན་ཤེས་ཡོད་པས་ཁྲེལ། །འཇིག་རྟེན་བྱ་བ་རྒྱབ་


CMR033_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྱུར། །ད་རེས་རི་ཁྲོད་འགྲིམ་ཚེ་འདིར། །ལུས་ངག་ཡིད་གསུམ་དགེ་སྦྱོར་ལ། །རང་ཡིད་ཆེས་པ་མ་བྱུང་ན། །ཁོག་ན་གློ་སྙིང་མེད་པ་ཡིན། །མགོ་ན་ཀླད་པ་མེད་པ་ཡིན། །སོ་གསོད་ལྐོག་ཉལ་མི་བྱེད་པར། །ད་རེས་ཉམས་ལེན་མི་བྱེད་རེ། །རང་སེམས་ངོ་བོ་མི་ལྟ་རེ། །བྱམས་དང་སྙིང་རྗེ་མི་སྒོམ་རེ། །ཉོན་མོངས་དུག་ལྔའི་རྣམ་རྟོག་ཡང་། །གང་སྐྱེས་མྱུར་དུ་མི་སྤང་རེ། །མི་ལུས་དོན་ལྡན་མི་བྱེད་རེ། །སྡོམ་པ་གཙང་མ་མི་སྲུང་རེ། །རང་ལུས་ཡི་དམ་མི་སྒོམ་རེ། །བསྙེན་པ་གསོལ་འདེབས་མི་བརྩོན་རེ། །ལུས་སྒྲིབ་ཕྱག་འཚལ་མི་སྦྱང་རེ། །བསམ་པའི་ཞེ་བཅད་དྲག་པོ་བྱ། །རི་ཁྲོད་དམིགས་རིམ་བསྒོམ་བྱ་འདི། །རཱ་ག་ཨ་སྱས་འཕྲལ་དུ་བྲིས། །དབོན་མོ་གཉིས་ཀྱི་ཆས་ཇ་མཛོད། །མངྒ་ལཾ།། །ཇོ་མོ་གསར་དུ་རི་ཁྲོད་བཟུང་བ་ལ་གོ་བདེའི་ངོ་སྤྲོད་གཅིག་ཡོད། འདི་ཡང་ཡང་ཐོན་ལ་རོགས་དེས་ཀྱང་གོ་བ་གལ་ཆེ། ན་མོ་མ་ཧཱ་མུ་དྲ་ཡེ། མོས་གུས་སྒོམ་གྱི་མགོ་བོ་ཡིན། །རང་གི་སྤྱི་གཙུག་ནམ་མཁའ་ལ། །དད་པ་གང་ཡོད་བླ་མ་རྣམས། །གཅིག་བསྡུས་རྡོ་རྗེ་འཆང་གི་སྐུ། །སྐུ་མདོག་སྔོན་པོ་རྡོར་དྲིལ་འཛིན། །དར་དང་རིན་ཆེན་རུས་པས་བརྒྱན། །ཞབས་གཉིས་རྡོ་


CMR033_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐྱིལ་ཀྲུང་བཞུགས། །པདྨ་ཟླ་སྟེང་འོད་ཟེར་འབར། །དེ་ཡི་དབུ་གཙུག་ཐོ་བརྩེགས་སུ། །བརྒྱུད་པའི་བླ་མ་ཐམས་ཅད་ནི། །མུ་ཏིག་སྟར་ལ་བརྒྱུས་པ་ལྟར། །གཞན་ཡང་རྒྱ་བོད་གྲུབ་ཐོབ་ཀུན། །སྤྲིན་ཕུང་འཁྲིགས་ལྟར་ནམ་མཁའ་གང་། །དུས་མིན་འཆི་བ་ཟློག་ལ་སོགས། །མ་ནམ་བཞི་སྐོར་གསོལ་འདེབས་བྱ། །འཁོར་རྣམས་འོད་ཞུ་བླ་མར་ཐིམ། །བླ་མ་འོད་ཞུ་རང་ལ་ཐིམ། །དེ་ནས་ཅི་ཡང་མི་བསམ་པར། །ལུས་གནད་བསྲང་སྟེ་སེམས་ལ་བལྟ། །གཟུགས་དང་ཁ་དོག་མཐོང་རྒྱུ་མེད། །མ་མཐོང་བ་དེ་མཐོང་བའི་མཆོག །སྟོང་པ་ཉིད་ནི་མཐོང་བ་ཡིན། །མ་མཐོང་ངང་ལ་ལྷོད་དེ་ལྟ། །ཅི་ཡང་མེད་པའི་བར་སྣང་བཞིན། །དྲན་པ་མེད་པ་མ་ཡིན་པར། །གར་ཡང་འཕྲོ་ཞིང་ཅི་ཡང་དྲན། །དེ་ལ་འགྱུ་བའི་མིང་དུ་བཏགས། །འགྱུ་བ་མང་ཡང་ངན་རྒྱུ་མེད། །ཆུ་རླབས་མང་ཡང་ཆུ་རང་ཡིན། །འགྱུ་བ་མང་ཡང་སེམས་ཉིད་ཡིན། །རེས་འགའ་མི་འཕྲོ་ཀྱི་ལེར་གནས། །དེ་ལ་གནས་པ་མིང་དུ་བཏགས། །གནས་འགྱུ་གཉིས་ལ་བཟང་ངན་མེད། །ཅི་བྱེད་རིག་པས་རིག་པ་ཟེར། །ཨི་གནས་ཨི་འགྱུ་རིག་པས་ཆོག །ལྟ་ཡུན་རིང་


CMR033_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་གསལ་ན། །ལྟ་ཡུན་ཐུང་ཞིང་ལྟ་གྲངས་མང་། །དེ་ནི་སྐྱོང་ལུགས་མན་ངག་ཡིན། །ཧ་ཅང་བསྒྲིམ་ན་འཕྲོ་རྒོད་ཆེ། །མ་ཡེངས་ཙམ་དུ་ལུས་སེམས་ལྷོད། །ཧ་ཅང་ལྷོད་ན་བརྗེད་ནི་འགྲོ། །མ་བརྗེད་ཡང་ཡང་དྲན་པར་བྱ། །སྒོམ་དང་མི་སྒོམ་ཁྱད་པར་ནི། །ཡེངས་དང་མ་ཡེངས་ཁྱད་ལས་མེད། །སེམས་ངོ་འཕྲོད་དང་མ་འཕྲོད་གཉིས། །ཕར་ལྟ་ཚུར་ལྟའི་ཁྱད་ལས་མེད། །རང་སེམས་རང་གི་ལྟ་ལ་དྲངས། །ཕར་བལྟས་གཞན་ལ་རེ་རེ་བཞག །དེ་ནི་སེམས་ངོ་མ་འཕྲོད་རྟགས། །ཚུར་ལ་རང་སེམས་རང་གིས་ལྟ། །མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །འདི་བསྒོམ་གཏད་སོ་མེད་པ་ནི། །ཉམས་ལེན་སེམས་ངོ་སྐྱོང་བ་ཡིན། །རང་སེམས་རང་ལ་ཡོད་པ་ལ། །གཞན་ནས་ཚོལ་རྒྱུ་ཅི་ལ་ཡོད། །དེ་ཉིད་བསྲུངས་བས་ཆོག་པ་ལ། །དེ་ལ་མི་ཤེས་རྒྱུ་ནི་མེད། །མ་བརྗེད་ཙམ་གྱིས་ཆོག་པ་ལ། །དེ་ལ་དཀའ་ལས་ཅི་ཞིག་ཡོད། །བན་བོན་གསར་རྙིང་ཆོས་ཀུན་ལ། །འདི་བས་ལྷག་ནི་གཅིག་མེད་པས། །དེ་ཉིད་མི་བསྒོམ་ཅི་ཞིག་བསྒོམ། །དེ་ལ་ཡུད་ཙམ་བསྲུང་ན་ཡང་། །བསྐལ་པ་སྟོང་གི་སྒྲིབ་པ་དག །བསྐལ་པར་བསགས་པའི་མུན་ཁུང་ཡང་། །སྒྲོན་མེ་


CMR033_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་གསལ་དང་འདྲ། །ཆོས་རྣམས་ཐམས་ཅད་དེ་རུ་འདུས། །ཆུ་བརྒྱ་ཟམ་འོག་ཚུད་དང་འདྲ། །འདུས་བྱས་དཀའ་ལས་ཆེ་བ་ཡི། །དགེ་བ་རྒྱ་ཆེན་སྒྲུབ་པ་བས། །སེམས་ངོ་ཡུད་ཙམ་སྲུང་བ་ལྷག །སེམས་ངོ་ཡུད་ཙམ་མ་བསྲུངས་ན། །དགེ་བ་རྒྱ་ཆེན་ཅི་བྱས་ཀྱང་། །ལྷ་མིའི་བདེ་སྐྱིད་ཐོབ་ན་ཡང་། །འཁོར་བའི་གནས་ནས་ཐར་མི་སྲིད། །དེ་ཕྱིར་ཐར་པ་ཐོབ་འདོད་ན། །སེམས་ངོ་སྐྱོངས་ཤིག་ཆོས་སྐུ་མ། །དགེ་མ་གཞན་ལ་ཡང་ཡང་སྨྱོས། །ཉམས་ལེན་སྐྱོང་བདེ་མ་རྙེད་ན། །ཕྱི་བས་སྐུ་མཚམས་བསྡམས་པ་འདྲ། །དེ་ཕྱིར་མ་ཡེངས་གསར་པའི་ཚོགས། །དད་པ་སོ་མས་ཆོས་འགྲུབ་མཛོད། །ཇོ་མོ་སྤུན་གཉིས་ད་རེས་རེམ། །ནས་བརྔའི་བར་དུ་འདུག་ཚེ་འདིར། །གནས་པ་བཟང་པོ་སྐྱེ་ངེས་ཤིག །ད་རེས་མ་ཡེངས་སྙིང་ལ་ཆོངས། །འཕྲལ་དུ་རཱ་ག་ཨ་སྱས་སྨྲས། །དབོན་མོ་གཟའ་དགེ་མ་སྤུན་གཉིས་ལ་གནང་བའོ།། ༈ །།ཇོ་མོ་རྣམས་ལ་ཕན་པའི་རི་ཆོས་དུམ་བུ་ཅུང་ཟད་ཡོད། ན་མོ་གུ་རུ་ཧ་སྱ་བཛྲ་ཡེ། རི་ཁྲོད་གནས་སུ་འདུག་པའི་དུས། །གདུང་མའི་ཞབས་སུ་ཉལ་བ་ན། །ཚེ་ཐུང་གསུངས་པས་ཉལ་མི་བྱ། །གདུང་མའི་མཆུ་དང་རྩིག་པའི་


CMR033_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྣ། །ཉལ་ས་བྱས་ན་ནད་མང་གསུངས། །བཟར་ཁ་ཐུར་དུ་ཕྱིར་མི་སྟོན། །ལྷམ་དང་གཞོང་པ་སྔས་མི་བྱ། །སྔས་མགོ་ལུང་པའི་མདོར་མི་སྟོན། །ལུས་ཕྱེད་ཁེབས་འོག་ལུས་ཕྱེད་ནི། །གནམ་མཐོང་ཡིན་སར་ཉལ་ན་ནི། །གཟའ་གྲིབ་ཕོག་པས་དེ་མི་བྱ། །ཉལ་སའི་འོག་གི་ས་འདི་ནི། །ཤིང་གདན་སྟེང་དུ་པད་དཀར་གྱིས། །གཡུང་དྲུང་གཡས་སུ་འཁྱིལ་བར་འབྲི། །དེ་ཡིས་འདུག་ཚུགས་རྟེན་འབྲེལ་ཡིན། །དེ་ཡི་ཟུར་བཞིར་དགའ་འཁྱིལ་བཞི། །བྲིས་པས་ཡིད་སེམས་དགའ་བ་ཡིན། །དེ་སྟེང་སྟན་ནི་བཏིང་བ་དེ། །འགྲོ་ཁ་མ་གཏོགས་སྤྲུག་པ་དང་། །རྡེབ་སོགས་མི་རུང་འགྲོ་དགོས་འོང་། །མཚམས་ནི་དམ་པོ་མིན་ན་ཡང་། །སྒོ་རྩར་ཐོ་ནི་དཀར་པོ་གཅིག །བརྩེགས་ན་བར་ཆད་མི་འོང་ཟབ། །འགྲོ་ན་འོང་ཁ་ཐོ་བཤིག་དགོས། །ཤིང་ནི་མེ་ལ་འབུད་པའི་ཚེ། །རྩེ་མོ་དངོས་དེ་མེ་ལ་བཅུག །མགོ་མཇུག་རྫོགས་ནས་འབུད་མི་རུང་། །ཆུ་དཀོན་ཧུབ་ནི་སྐུ་འདུག་ན། །ཁ་ལེབ་བརྒྱབས་པས་སྐྱ་ཅིག་འོང་། །ཧུབ་ནི་སྐྱ་མོ་འདོད་པ་ན། །ཁ་ལེབ་མ་རྒྱབ་བཀོལ་བས་སྐུ། །གཉིད་ཆེ་ཐུགས་དམ་མ་འཕེལ་ན། །མགོ་ནི་མི་གཏུམ་ཉལ་བས་སྲབ། །


CMR033_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱགས་ཤིང་གཉིད་ནི་མ་རྙེད་ན། །མགོ་གཏུམ་ཉལ་བས་དྲོས་ཤིང་གཉིད། །འདུག་མི་ཚུགས་པར་འགྲོ་འདོད་ན། །རང་གི་སྙིང་དཀྱིལ་ཐིག་ལེ་ནི། །ནག་པོ་རིལ་མ་ཆེ་ཤོས་ཙམ། །ལྕགས་སྒོང་བཞིན་དུ་བརྗིད་ཆེ་བ། །བ་དག་ལྟ་བུའི་སྙིང་དང་འབྲེལ། །ཐུར་དུ་སོང་ནས་འོག་སྒོར་ཐོན། །ས་རིམ་དགུ་ཡི་འོག་ཏུ་སོང་། །བ་དག་ལྟ་བུའི་སྙིང་དང་འབྲེལ། །ས་ཞབས་ཐིག་ལེ་ལྕི་མོ་དེར། །རིག་པ་རྩེ་གཅིག་གཏད་ལ་བསྡད། །དེ་ཡིས་འདུག་ནི་ཚུགས་པར་འགྱུར། །རྡོ་རྗེ་ས་འོག་ཏིང་འཛིན་ཡིན། །སེམས་ཡང་མི་དགའ་འདུག་མི་འདོད། །རིག་པ་མི་དྲན་དགུ་དྲན་ན། །རང་གི་སྙིང་གི་དཀྱིལ་དེ་ན། །ཐིག་ལེ་དཀར་པོ་མཐེ་བོང་ཙམ། །ཤེལ་སྒོང་འདྲ་བ་འོད་འབར་བ། །ཕྱི་ནང་མི་སྒྲིབ་པ་ཞིག་ལ། །སེམས་ནི་གཏད་ལ་དམིགས་པ་བཟུང་། །སེམས་ནི་གཞན་ལ་འཕྲོ་སོང་ན། །ཚུར་ལ་འགུགས་ལ་ཐིག་ལེ་བསྒོམ། །འདི་ལ་ཡུན་རིང་བསྒོམ་གལ་ཆེ། །ཞི་གནས་བསྒོམ་པའི་དམིགས་པ་ཟབ། །ཞི་ནི་རྣམ་རྟོག་སྤྱན་སྤུན་ཞི། །གནས་ནི་སེམས་དེ་གར་གཏད་ལ། །ཁྲིག་གེར་གནས་པ་ཞི་གནས་ཏེ། །ཐེག་པ་སྤྱི་ཡི་ཞི་གནས་སོ། །དེ་ལ་ཕན་


CMR033_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དཔག་ཏུ་མེད། །ཞི་གནས་བརྟན་པོ་འཆར་ཐུབ་ན། །ནམ་ཟླ་གར་སོང་ཆ་མེད་དོ། །སེམས་བདེ་ལུས་བདེ་ཁྲིག་གེར་གནས། །རིམ་གྱིས་ཕྱག་ཆེན་རྟོགས་པ་སྐྱེ། །དེ་ཕྱིར་རེ་ད་རྣམས་ཀྱིས། །ཞི་གནས་དམིགས་པ་འདི་རང་སྒོམས། །ཡིག་དྲུག་ལྐོག་འབུག་གྱིས་ལ་ཐོན། །རྐང་པ་སེམས་དཔའི་སྐྱིལ་ཀྲུང་ཆོས། །ལུས་གནད་བསྲང་ལ་ཡུན་རིང་སྡོད། །དེ་ནི་ཉམས་ལེན་གཙོ་བོ་ཡིན། །།བསྒོམ་རྒྱུའི་དམིགས་པ་མ་ཤེས་ན། །རི་ཁྲོད་བཟུང་ཡང་ཕྱི་བ་འདྲ། །དེ་ཕྱིར་དམིགས་པ་མ་ཡེངས་ཤིག །དེ་སྐད་རཱ་ག་ཨ་སྱ་ཡིས། །དབོན་མོ་སྤུན་གཉིས་ལ་སྤྲིངས་སོ། །མངྒ་ལཾ།། །།རང་གིས་ལྟོས་ཇོ་མོ་རོགས་ཀྱིས་གོ་སར་ཡང་ཡང་དུ་ཐོན། ཇོ་མོ་རྣམས་ཀྱིས་སྡོམ་པའི་སྲུང་མཚམས་ཕན་ཡོན་ཉེས་དམིགས་གསལ་བའི་ཆོས་ཐུན་ཞིག་ཡོད། འདི་འདྲ་བ་འདོན་མི་ཕོད་ངོ་ཚ་སེམས་ན་ཤཱཀྱ་ཐུབ་པའི་གསུང་གསེར་དངུལ་གྱིས་བྲིས་པའི་བཀའ་འགྱུར་ནང་ན་འདི་ཚོ་རྒྱས་པར་ཡོད་པས། འདོན་མི་རུང་བ་ག་ལ་ཡིན། ན་མོ་མ་ཧཱ་མུ་ནེ་ཡེ། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བུད་མེད་རབ་ཏུ་བྱུང་བར་མི་རུང་གསུངས། །འོན་ཀྱང་ཐུབ་པའི་ནུ་མ་བསྣུན་པའི་ཡུམ། །སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་འདོད་ནས། །ཀུན་དགའ་བོ་ཡིས་ཞུ་སྣ་བྱས་པ་


CMR033_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཐུབ་པའི་སྐུ་ཚེ་ལོ་བཅུ་ཐུང་ན་ཡང་། །མ་ཡུམ་ངོ་མ་ཆོག་པས་རབ་ཏུ་བྱུང་། །དེ་ནས་བུད་མེད་རབ་ཏུ་བྱུང་ས་རྙེད། །དགེ་སློང་མ་དང་དགེ་ཚུལ་མ་དང་ནི། །དགེ་བསྙེན་མ་ནི་དཔག་ཏུ་མེད་པ་བྱུང་། །དེ་དག་ཕལ་ཆེར་དགྲ་བཅོམ་གྲུབ་པ་ཐོབ། །དགེ་སློང་མ་ཡི་སྡོམ་རྒྱུན་བོད་དུ་མེད། །བོད་ཀྱི་བུད་མེད་རབ་ཏུ་བྱུང་བ་ལ། །ཡེ་ཤེས་མཚོ་རྒྱལ་ཤེལ་དཀར་རྡོ་རྗེ་མཚོ། །འབྲོམ་བཟའ་ཏི་དཀར་ཅོག་རོ་མཆོད་གནས་མ། །མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ལ་སོགས་པ། །ཇོ་མོ་བདུན་པོ་གྲུབ་པ་ཐོབ་པ་ཡིན། །མི་ལའི་ཇོ་མོ་རས་ཆུང་མ་ལ་སོགས། །རས་མ་ཉི་ཤུ་རྩ་ལྔ་གྲུབ་པ་ཐོབ། །ཕ་གཅིག་དམ་པའི་ཇོ་མོ་ལབ་སྒྲོན་སོགས། །ཇོ་མོ་ཉི་ཤུ་རྩ་ལྷག་གྲུབ་པ་ཐོབ། །དུས་གསུམ་མཁྱེན་པའི་ཇོ་མོ་ཆུ་སྒོམ་མ། །ལ་སོགས་གྲུབ་པ་ཐོབ་པ་མང་བ་ཡིན། །མ་གཅིག་ཇོ་མོའི་ཐུགས་ཀྱི་སྲས་མོ་བཞི། །དེ་སོགས་བོད་ཀྱི་ཇོ་མོ་ཐམས་ཅད་ནི། །ཚངས་པར་སྤྱོད་པའི་དགེ་བསྙེན་མ་ཡི་ནི། །སྡོམ་པ་ཡིན་གྱི་དགེ་སློང་མ་ནི་མིན། །དེ་ལྟར་དགེ་མ་བྱས་པ་ཐམས་ཅད་ཀྱང་། །དགེ་བསྙེན་མ་ཡི་སྡོམ་པ་ཞུས་པ་ཡིན། །དེ་ཡི་བསྲུང་བྱ་རྩ་བཞི་ཆང་ལྔ་ཡིན། །རྩ་བ་


CMR033_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་ཆང་དང་ལྔ་པོ་འདི། །བྱ་དང་རི་དྭགས་གཅན་གཟན་དུད་འགྲོ་དང་། །སྐྱེས་པ་བུད་མེད་སུ་ཡིས་བྱས་ན་ཡང་། །སྡིག་པ་ཉེས་པ་ཡོད་ལ་ཁྱད་པར་མེད། །མིང་ལ་རང་བཞིན་ཁ་ན་མ་ཐོ་བ། །སྡོམ་པ་ཞུས་ནས་མ་བསྲུངས་དེ་བྱས་ན། །གཞན་གྱིས་བྱས་ལས་བརྒྱ་འགྱུར་ཉེས་སྡིག་ཆེ། །དེ་དོན་སྟོན་པའི་བཀའ་བཅག་ཉེས་པ་ལྗི། །མིང་ལ་སྡོམ་པ་འཆོར་དང་ཚུལ་ཁྲིམས་འཆལ། །བཅོས་པའི་ཁ་ན་མ་ཐོའི་ལྟུང་བའོ། །ཆོས་སྒྲ་མ་ཐོས་དགེ་སྡིག་མི་ཤེས་པས། །དེ་རྣམས་བྱས་ན་ཉེས་པ་ལྷག་པར་ཆེ། །མི་ཤེས་པ་དེ་ཉེས་པ་ཆེ་བར་གསུངས། །མི་ཤེས་པ་དེས་སྡིག་པ་བྱས་པ་དེ། །འགྱོད་པ་མེད་པས་བཤགས་པ་མི་ཤེས་ལྗི། །ཤེས་ནས་འགྱོད་པ་ཡོད་ཅིང་བཤགས་པ་ཤེས། །དེ་ཡིས་ཉེས་པ་ཅུང་ཟད་ཡང་པ་སྟེ། །བླུན་པོའི་སྡིག་པ་ཆུང་ཡང་ལྕི་བ་བྱུང་། །མཁས་པའི་སྡིག་པ་ཆེ་ཡང་ཡང་བར་བཤད། །སྡོམ་པ་མ་ཞུས་པ་དང་མ་ཐུབ་པ། །དེ་གཉིས་མ་ཐུབ་པ་དེ་དགའ་བ་སྟེ། །སྡོམ་པ་མ་ཞུས་པ་དེ་ངན་སོང་དང་། །འཁོར་བར་འཁྱམས་ནས་ནམ་ཡང་ཐར་དུས་མེད། །དེ་ལ་འཁོར་བ་མཐའ་མེད་ཟེར་བ་ཡིན། །སྡོམ་པ་མ་ཐུབ་ཉེས་པས་ངན་སོང་དུ། །སྐྱེ་བ་འབུམ་


CMR033_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱ་རུ་སྡུག་བསྔལ་མྱོང་། །དེ་ནས་སངས་རྒྱས་སྟོང་གི་རྗེས་མ་ཡི། །སངས་རྒྱས་མོས་པ་ཞེས་བྱའི་བསྟན་པ་ལ། །ད་ལྟ་སྡོམ་པ་ཞུས་ཤིང་ལྷུང་ཚད་ཀུན། །གཅིག་ཀྱང་མི་ལུས་ཐར་པ་ཐོབ་པ་སྟེ། །དེ་ལ་འཁོར་བ་མཐའ་ཡོད་ཅེས་བྱའོ། །དེ་ཕྱིར་རྒྱལ་བ་ཡབ་སྲས་ཐམས་ཅད་ཀྱིས། །སྡོམ་པ་མི་ཐུབ་པ་དེ་དགོངས་ན་ཡང་། །སྡོམ་པ་གནང་བའི་དོན་ཡང་དེ་ཡིན་ཏེ། །དེ་དོན་དམ་ཆོས་དགོངས་པ་གཅིག་པ་ལས། །ཉམས་ལས་མ་ཐོབ་ཉེས་པ་ཆེ་ཞེས་གསུངས། །རྩ་བ་བཞི་པོ་འགའ་རེ་ཤོར་ན་ཡང་། །དེ་འཕྲོ་བསྲུང་ན་ཕན་ཡོན་ཡོད་པ་སྟེ། །སྣ་གཅིག་བསྲུང་ན་མྱང་འདས་རྒྱུར་འགྱུར་གསུངས། །མདོར་ན་ཤཱཀྱ་ཐུབ་པའི་བསྟན་པ་ལ། །ཆེ་འབག་ཆེ་འཚེང་ཆུང་འབག་ཆུང་འཚེང་ཡིན། །སྡོམ་པ་ཞུས་ནས་ལེགས་པར་བསྲུང་ཐུབ་ན། །བདེ་བའི་གནས་ནས་བདེ་བའི་གནས་སུ་འགྲོ། །དེ་ནི་ཤི་ཡང་ཤི་བ་མ་ཡིན་ཏེ། །རྒྱགས་དང་ཁལ་རྟ་བཟང་བའི་མགྲོན་པོ་འདྲ། །སྲོག་འདི་ཚད་ཀྱང་སླར་ཡང་ལུས་བཟང་ལེན། །སྡོམ་པ་སྲོག་བས་གཅེས་པར་བསྲུང་བར་བྱ། །སྲོག་བཅད་ལ་སོགས་རྩ་བ་བཞི་པོ་ལ། །རེ་རེ་ལ་ཡང་འབྲས་བུ་གསུམ་རེ་འབྱུང་། །


CMR033_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྡོམ་པ་ཞུས་དང་མ་ཞུས་འདྲ། །རྣམ་སྨིན་འབྲས་བུ་དབང་གི་འབྲས་བུ་དང་། །རྒྱུ་མཐུན་འབྲས་བུ་གསུམ་རེ་འབྱུང་བ་སྟེ། །སྲོག་བཅད་རྣམ་སྨིན་འབྲས་བུ་དམྱལ་བར་སྐྱེ། །རྒྱུ་མཐུན་འབྲས་བུ་ནམ་ཞིག་མིར་སྐྱེས་ཀྱང་། །ཚེ་ཐུང་ནད་མང་ཕལ་ཆེར་གཞན་གྱིས་གསོད། །དབང་གི་འབྲས་བུའི་སྐྱེ་བའི་ཡུལ་དེ་ཡང་། །ས་ངན་བཀྲེས་པའི་ས་ཆར་སྐྱེ། །མ་བྱིན་ལེན་ཞེས་བྱ་བ་རྐུ་འཕྲོག་སྟེ། །རྣམ་སྨིན་འབྲས་བུ་ཡི་དྭགས་གནས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་། །དབུལ་ཕོངས་མུ་གེས་མནར་བར་འགྱུར། །དབང་གི་འབྲས་བུའི་སྐྱེ་བ་ཡང་། །སད་དང་སེར་བ་མང་སར་སྐྱེ། །མི་གཙང་སྤྱོད་ཅེས་བྱ་བ་ནི། །ཕོ་མོས་འདོད་ཆགས་སྤྱོད་ལ་ཟེར། །དེ་ཡི་རྣམ་སྨིན་ཡི་དྭགས་སྐྱེ། །རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་། །དགྲ་མང་མི་ཡི་ཆུང་མར་སྐྱེ། །དབང་གི་འབྲས་བུ་སྐྱེ་བའི་ཡུལ། །ས་ངན་ཚ་དུག་ཆེ་སར་སྐྱེ། །རྫུན་ནི་སྨྲས་པའི་རྣམ་སྨིན་གྱིས། །དུད་འགྲོ་ལྐུགས་པའི་ལུས་སུ་སྐྱེ། །རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་། །ཉེས་མེད་མི་ཁ་སྡང་བར་འགྱུར། །དབང་གི་འབྲས་བུ་བསེ་དྲི་ཅན། །ཁ་དང་ལུས་ལ་དྲི་ངན་བྲོ། །ཆང་འཐུང་བ་ཡི་རྣམ་སྨིན་གྱིས། །ཁྲོ་ཆུ་


CMR033_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་མ་འཐུང་བ་ཡི། །ངུ་འབོད་དམྱལ་བའི་གནས་སུ་སྐྱེ། །དབང་གི་འབྲས་བུ་མིར་སྐྱེས་ཀྱང་། །སེམས་ལ་མི་ཟིན་སྨྱོན་པར་འགྱུར། །རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་། །སྦྲང་བུ་ལ་སོགས་སྐྱུར་དད་ཅན། །དུད་འགྲོ་འབུ་སྲིན་ལུས་སུ་སྐྱེ། །དེ་ལྟར་རྩ་བཞི་ཆང་དང་ལྔ། །དཔེར་ན་སྲོག་ནི་བཅད་པ་ན། །གྲངས་ཁ་མང་བཞིན་སྡིག་ཆེ་ལྟར། །ཕོ་མོས་མི་གཙང་སྤྱོད་པ་ཡང་། །གྲངས་ཁ་མང་བཞིན་སྡིག་ཆེ་དེར། །གཞན་མ་རྣམས་ཀྱང་དེ་དང་འདྲ། །དཔེར་ན་མི་གཙང་སྤྱོད་པ་ཡང་། །ལན་གཅིག་སྤྱོད་ནས་མ་བཤགས་ན། །ཡི་དྭགས་སྐྱེ་བ་ལྔ་བརྒྱ་དང་། །དགྲ་མང་ཆུང་མ་ལྔ་བརྒྱ་དང་། །ཚད་རོང་ཡུལ་གྱི་སྦལ་སྦྲུལ་གྱི། །སྐྱེ་བ་ལྔ་བརྒྱ་ངེས་པར་ལེན། །དེ་ནི་སྡོམ་པ་མ་ཞུས་པར། །ཀུན་ལ་ངེས་པར་དེ་ལྟར་འགྱུར། །སྡོམ་པ་ཞུས་པས་སྤྱོད་ན་ནི། །སྐྱེ་བ་འབུམ་ཚོ་བརྒྱ་རེ་ལེན། །རྗེས་ནས་འགྱོད་པ་སྐྱེས་ན་ནི། །སྐྱེ་བ་དེ་ཡི་ཕྱི་རེས་ཆོག །འགྱོད་ཅིང་བཤགས་པ་ཆེར་བྱས་ན། །སྐྱེ་བ་རེ་རེ་ཙམ་གྱིས་ཆོག །དེ་ནི་རྩ་བཞི་ཆང་དང་ལྔ། །མ་བསྲུངས་ལན་གྲངས་མང་བསོག་ན། །དེ་ཡིས་ངེས་པར་དམྱལ་བར་སྐྱེ། །དམྱལ་ཚབ་ཆེ་ཆུང་ཚེ་རིང་


CMR033_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་། །ལན་གྲངས་མང་ཉུང་དེ་བཞིན་དང་། །བསགས་གྲངས་འབྲིང་དུ་བསོགས་པ་ནི། །དེ་ནི་ཡི་དྭགས་གནས་སུ་སྐྱེ། །གྲངས་ཁ་ཉུང་བ་དུད་འགྲོར་སྐྱེ། །དེ་དག་ཚེ་ཚད་སྡུག་བསྔལ་ཡང་། །གྲངས་ཁ་ཚན་ནི་ཆེ་ཆུང་ཡིན། །རྩ་བཞི་ཆང་ལྔའི་ཉེས་དམིགས་ནི། །ཟུར་ཙམ་ཡིན་གྱིས་རྒྱས་པ་མིན། །རྩ་བཞི་ཆང་ལྔ་སྤང་བ་ནི། །སྡོམ་པ་ཞུ་ནི་མ་མྱོང་ཡང་། །ཕན་ཡོན་འདི་རྣམས་ཡོད་པ་ནི། །བར་མའི་དགེ་བ་ཞེས་བྱའོ། །སྡོམ་པ་ཞུས་པས་སྤངས་ཐུབ་ན། །སྨོན་ལམ་བཏབ་ན་དག་པའི་ཞིང་། །སྡོམ་པ་གཙང་མ་ཞེས་བྱ་སྟེ། །ཕན་ཡོན་འབུམ་འགྱུར་ཆེ་བ་ཡིན། །སྲོག་བཅད་སྤངས་བའི་འབྲས་བུ་ནི། །སྐྱེ་བ་ཀུན་ཏུ་མཐོ་རིས་སྐྱེ། །རྟག་ཏུ་ཚེ་རིང་ནད་མེད་ཅིང་། །ལྷ་དང་ལྷ་འདྲེས་སྲུང་སྐྱོབ་བྱེད། །རྫོགས་པའི་སངས་རྒྱས་འབྲས་བུ་སོགས། །མཐར་ཐུག་སྨོན་ལམ་གང་བཏབ་འགྲུབ། །མ་བྱིན་ལེན་པ་སྤངས་བ་ཡིས། །སྐྱེ་བ་ཀུན་ཏུ་ཕྱུག་པོར་སྐྱེ། །དགྲ་དང་ཇག་རྐུན་གནོད་པ་མེད། །ཚངས་པ་བརྒྱ་བྱིན་སངས་རྒྱས་སོགས། །མཐར་ནི་སྨོན་ལམ་གང་བཏབ་འགྲུབ། །མི་གཙང་སྤྱོད་པ་སྤངས་པ་ཡིས། །ལྷ་ལུས་མི་ལུས་གཙང་མ་ནི། །སྐྱེ་བ་


CMR033_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་བརྒྱ་རུ་ལེན། །སྨོན་ལམ་བཏབ་ན་དག་པའི་ཞིང་། །སྐྱེ་ཞིང་སངས་རྒྱས་བྱང་སེམས་སོགས། །སྨོན་ལམ་གང་བཏབ་དེ་ཉིད་འགྲུབ། །ཚེ་འདིར་ལྷ་མི་ཀུན་གྱིས་བསྟོད། །ཀུན་ཀྱང་ཡིད་ཆེས་དད་གུས་བྱེད། །རྫུན་ནི་སྤངས་བའི་འབྲས་བུ་ནི། །སྐྱེ་བ་ཀུན་ཏུ་མཐོ་རིས་སྐྱེ། །རིགས་རྒྱུད་བཟང་ཞིང་གཟུགས་ཀྱང་མཛེས། །ཀུན་གྱི་ཡིད་དུ་འོང་བ་དང་། །ཤ་ཟ་གནོད་སྦྱིན་འདྲེ་རྣམས་ཀྱང་། །དེ་ལ་གནོད་པ་མི་བྱེད་ཅིང་། །ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ། །མཐར་ནི་སྨོན་ལམ་གང་བཏབ་པའི། །སངས་རྒྱས་འབྲས་བུ་ལ་སོགས་ཐོབ། །ཆང་སྤངས་བ་ཡི་འབྲས་བུ་ནི། །ཆོས་ཀྱི་དོན་རྣམས་རྟོགས་པར་འགྱུར། །སྐྱེ་རྒ་ན་འཆི་མིང་མེད་པའི། །ཞིང་ཁམས་དག་པར་སྐྱེ་བར་གསུངས། །དེ་ལྟར་རྩ་བཞི་ཆང་དང་ལྔ། །བསྲུང་བའི་ཕན་ཡོན་ཆེ་ཆུང་ཡང་། །སེམས་བསྐྱེད་བསྔོ་བའི་ཁྱད་པར་གྱིས། །ཆུང་འབྲིང་ཆེན་པོ་གསུམ་དུ་འགྱུར། །ཕྱི་མ་ངན་སོང་འགྲོ་དོགས་ཤིང་། །ལྷ་མིའི་བདེ་སྐྱིད་ཐོབ་འདོད་ནས། །སྡོམ་པ་གཙང་མ་བསྲུང་བ་ནི། །སྐྱེ་བ་བརྒྱ་ཡི་བར་དག་ཏུ། །ལྷ་མིའི་ལུས་ནི་བཟང་པོ་ལེན། །བདེ་སྐྱིད་ཕུན་སུམ་


CMR033_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ན་ཡང་། །དེ་ལའང་སྐྱེ་རྒ་ན་འཆི་སོགས། །མཐར་ནི་མར་ལ་ལྷུང་དོགས་པས། །ལེགས་སྨོན་སྡོམ་པ་ཞེས་བྱ་བ། །དེ་ཡང་སྡོམ་པ་རྣམ་དག་མིན། །སྐྱེ་རྒ་ན་འཆི་མི་མྱོང་བར། །རང་ཉིད་ཐར་པ་ཐོབ་འདོད་པས། །སྡོམ་པ་གཙང་མ་སྲུང་བ་ན། །གནས་སྐབས་ལྷ་དང་མི་ཡི་ལུས། །གང་སྐྱིད་དགའ་བ་མང་དུ་ལེན། །མཐར་ནི་ཉན་རང་དགྲ་བཅོམ་ཐོབ། །དེ་ནས་འཁོར་བར་ལུས་མི་ལེན། །སྟོང་ཉིད་ངང་ལ་བཞུགས་པ་སྟེ། །དེ་ལ་སྡུག་བསྔལ་གཏན་ནས་མེད། །ཞི་བ་མྱ་ངན་འདས་ཞེས་བྱ། །རང་ཉིད་སངས་ཆུང་རྒྱས་ནས་ཀྱང་། །འགྲོ་དོན་ཅི་ཡང་མི་འགྲུབ་སྟེ། །དེ་ལ་སོ་སོར་ཐར་པ་ཟེར། །དེ་ནི་ཐེག་དམན་འབྲིང་ཙམ་ཡིན། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི། །གོ་འཕང་འཐོབ་པར་བྱ་བའི་ཕྱིར། །སྡོམ་པ་གཙང་མ་བསྲུང་ན་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །གནས་སྐབས་ལྷ་ལུས་མི་ལུས་དང་། །དག་པའི་ཞིང་ཁམས་གང་འདོད་ཐོབ། །མཐར་ནི་རྫོགས་པའི་སངས་རྒྱས་འགྲུབ། །རང་གིས་རྩོལ་བ་མི་དགོས་པའི། །སེམས་ཅན་འགྲོ་དོན་རྒྱ་ཆེན་འགྲུབ། །དེ་ཉིད་མཆོག་ཡིན་དེ་ལྟར་བསྒོམ། །དེ་དོན་དམ་ཆོས་དགོངས་གཅིག་ལས། །


CMR033_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ཐེག་པ་ཐུན་མོང་སྟེ། །ལྷག་པར་ཐེག་ཆེན་ཡིན་ཞེས་གསུངས། །དེ་ལྟར་རྩ་བཞི་ཆང་ལྔ་ཡི། །སྡོམ་པ་འཆོར་དང་མི་འཆོར་བའི། །བསྲུང་མཚམས་གནད་འགགས་ཤེས་དགོས་སོ། །དུག་དང་མཚོན་དང་གསོད་མི་བསྐོས། །མི་བསད་སྡོམ་པ་རྩ་ནས་འཆོར། །སེམས་ཅན་མི་རུ་ཚོགས་པ་ནི། །བུད་མེད་ལྟོ་བར་བུ་ཆགས་པ། སྦྱོང་བཏང་ལ་སོགས་ཐབས་བྱས་ནས། །བྱིས་པ་བཤིག་ན་སྡོམ་པ་འཆོར། །རང་ཉིད་ལྕེབས་ཏེ་རང་བསད་པ། །ལུས་ལྷ་ཞི་ཁྲོ་ཀུན་བསད་པས། །མི་ནི་སྟོང་ཕྲག་བསད་བས་ཐུ། །ཉ་དང་རི་དྭགས་གཡུང་དྭགས་སོགས། །གསོད་བསམ་བསད་ན་སྡོམ་པ་འཆོར། །གསོད་བསམ་མེད་པར་འབུ་སྲིན་དང་། །བྱ་བྱེའུ་རེས་འུ་ལ་སོགས་པ། །ཤི་ནི་ཤོར་ན་སྡིག་ཡོད་ཀྱང་། །སྡོམ་པ་འཆོར་བ་མ་ཡིན་ནོ། །རང་དང་རྒྱུ་མགོ་མི་གཅིག་པ། །དེ་ལ་རྐུ་བའི་མིང་ཐོག་ཏུ། །རྐུས་ན་སྡོམ་པ་འཆོར་བ་ཡིན། །རྐུས་མིང་མེད་པའི་ཟས་ཧུབ་དང་། །ཕ་མ་མིང་པོ་ལ་སོགས་པ། །ལ་ཆེན་རང་དང་དུད་གཅིག་པའི། །རྐུས་ཀྱང་སྡོམ་པ་མི་འཆོར་ཏེ། །ཉེས་བྱས་ཞེས་བྱའི་ལྟུང་བ་ཡོད། །དགེ་སློང་མ་ཡི་མཆོག་གྱུར་པ། །


CMR033_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྕམ་མནྡཱ་ར་བ་ཡང་། །ཨོ་རྒྱན་ཆེན་པོའི་གསང་ཡུམ་མཛད། །དགེ་སློང་མ་ནི་ཀུན་དགའ་མ། །གྲུབ་ཆེན་ཕག་ཚངས་བ་དང་སྦྱོར། །དེ་དག་སྡོམ་པ་རྣམ་པར་དག །དེ་བཞིན་རྩ་རླུང་དབང་ཐོབ་པའི། །གྲུབ་པ་ཐོབ་དེས་གང་ཟག་དང་། །སྦྱོར་ཡང་སྡོམ་པ་མི་འཆོར་ཏེ། །རང་ཉིད་ཐ་མལ་བུད་མེད་ཀྱང་། །ཡེ་ཤེས་མཁའ་འགྲོ་དངོས་སུ་འགྱུར། །དེ་འདྲའི་གྲུབ་ཐོབ་དེང་སང་མེད། །རྫུན་མ་གྲུབ་ཐོབ་བརྫུ་བ་ཡིས། །ངག་ལ་ཉོན་ན་གཉིས་ཀ་ཕུང་། །དེ་འདྲ་དེང་སང་ས་སྟེང་གང་། །ལོག་ལྟ་གཤེ་སྐུར་མི་རུང་སྟེ། །དད་པ་རྒྱངས་ནས་བྱས་ན་ལེགས། །སྐྱེས་པ་ཕོ་དང་ལུས་འབྲེལ་ནས། །འདོད་ཆགས་སྤྱད་པས་སྡོམ་པ་འཆོར། །ཕོ་དང་ལུས་ནི་མ་འབྲེལ་ཡང་། །རྨི་ལམ་ཡུལ་དུ་འབྲེལ་རྨིས་ནས། །བྱང་སེམས་རཀྟ་ཟག་པ་དང་། །བུད་མེད་ཕན་ཚུན་ལུས་འབྲེལ་སྤྱོད། །བདེ་བ་མྱོང་ཞིང་བྱང་སེམས་ཤོར། །ཡིད་ལ་སྐྱེས་པ་གཟུགས་མཛེས་པ། །དྲན་ནས་ཆགས་པས་བྱང་སེམས་འཆོར།མིའམ་དུད་འགྲོ་ཕོ་མོ་ནི། །ཆགས་པ་སྤྱོད་པ་མཐོང་ངམ་ཐོས། །རང་ཉིད་ཆགས་པ་རབ་ཏུ་སྐྱེས། །བྱང་སེམས་ཟག་པར་གྱུར་པ་དང་། །རང་གི་ལུས་ཀྱིས་འདུ་བྱེད་


CMR033_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བརྟེན་ནས་བྱང་སེམས་ཐིག་ལེ་འཆོར། །དེ་འདྲ་གང་དང་གང་བྱུང་ཡང་། །སྡོམ་པ་ཤོར་བ་མ་ཡིན་ཏེ། །དགེ་འདུན་ལྷག་མ་ཆ་མཐུན་པའི། །ལྟུང་བ་་ཡིན་པས་ཉེས་སྒྲིབ་ཆེ། །དེ་དོན་ཐུབ་པས་གསུངས་པ་ཡི། །དགེ་སློང་མ་ཡི་རྣམ་འབྱེད་ཀྱི། །འདུལ་བའི་པོ་ཏི་ནང་ནས་གསུངས། །ལྷ་ཞལ་མ་མཐོང་མཐོང་ཟེར་དང་། །ལྷ་འདྲེ་མ་མཐོང་མཐོང་རྫུན་དང་། །མི་མགོ་བསྐོར་བའི་རྫུན་ཆེའོ། །རང་ལ་ཕན་ཅིང་གཞན་ལ་ནི། །གནོད་པ་ཆེ་བའི་རྫུན་ཆེན་པོ། །སྨྲས་ན་སྡོམ་པ་འཆོར་བ་ཡིན། །མི་ལ་ཕན་ཐོགས་ཆེ་འདུག་པ། །ཕན་ཕྱིར་སྨྲས་ཤིང་སྐྱོན་མེད་པ། །ཕན་གནོད་མེད་པའི་ཀུ་རེའི་རྫུན། །སྨྲས་ཀྱང་ངག་འཆལ་ཉེས་པ་ཡོད། །དེ་ཡིས་སྡོམ་པ་མི་འཆོར་ཏེ། །ཆང་འཐུང་སྡོམ་པ་མི་འཆོར་ཡང་། །ཉེས་ལྟུང་ཤིན་ཏུ་ཆེ་བ་ཡིན། །ཚོགས་ཚང་ཞལ་བུ་རེ་རེ་བས། །མི་མང་འཐུང་ཡང་ཉེས་པ་མེད། །གལ་ཏེ་ཚོགས་ཆང་མི་འཐུང་ཡང་། །སོར་མོས་ལྕེ་ལ་བཞག་ཙམ་བྱ། །མ་བྱས་ན་ཡང་དམ་ཚིག་གིས། །རྩ་བའི་སྡོམ་པ་མ་ཤོར་ཡང་། །ཕྲ་ཞིབ་ཉེས་ལྟུང་ཆེན་པོ་དང་། །མང་པོ་བྱུང་བའི་བཤགས་པ་ལ། །དཀར་ཕྱོགས་བསྲུང་ན་


CMR033_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བཤད། །ཕྲ་ཞིབ་ཉེས་དང་འགལ་བྱུང་ལ། །ཉ་མཚམས་བརྒྱད་གསུམ་དུས་བཟང་ལ། །ཉེས་ལྟུང་བཤགས་པའི་བསམ་པ་ཡིས། །གདན་གཅིག་བསྲུངས་བས་དག་པ་སྟེ། །དགེ་བསྙེན་མ་ཡི་གསོ་སྦྱོང་ཡིན། །ཐ་མལ་བུད་མེད་སྟོང་ཕྲག་བརྒྱ། །ཕྱག་བསྐོར་ཡིག་དྲུག་འདོན་པ་དང་། །སེམས་ངོ་སྐྱོང་སོགས་བྱས་པ་དང་། །ཇོ་མོ་གཙང་མ་ཞིག་གིས་ནི། །དགེ་སྦྱོར་བྱས་པ་བསོད་ནམས་མཉམ། །གསེར་དངུལ་རིན་ཆེན་སྣ་ཚོགས་ཀྱི། །མཆོད་རྟེན་བརྒྱ་ནི་རྩ་བརྒྱད་ལ། །འཕང་ནི་རི་བོ་མཆོག་རབ་ཙམ། །བརྩེགས་ཏེ་སངས་རྒྱས་རིང་བསྲེལ་གྱིས། །བཀང་སྟེ་བསྐལ་པ་དུ་མ་ལ། །མཆོད་པ་རྒྱ་མཚོ་དེས་མཆོད་པ། །མཆོད་རྟེན་དེ་བཞིན་མཆོད་པ་བས། །དེང་སང་སྡོམ་པ་ཐུབ་པ་ནི། །དེ་བས་བསོད་ནམས་ཆེ་བར་གསུངས། །གསེར་དངུལ་རིན་ཆེན་སྣ་ཚོགས་ཀྱིས། །འཛམ་གླིང་ཕྱུར་བུར་བཀང་བྱས་ནས། །སངས་རྒྱས་ཐམས་ཅད་མཆོད་པ་དང་། །དེ་རྣམས་སྦྱིན་པ་བཏང་བ་བས། །སྡོམ་པ་བསྲུང་བ་བསོད་ནམས་ཆེ། །དེ་སྐད་བཅོམ་ལྡན་ཐུབ་པས་གསུངས། །ཆོས་སྐུ་མ་ལ་སོགས་པ་ཡི། །ཕྱི་རབས་ཇོ་མོ་ཐམས་ཅད་ཀྱིས། །ཕན་ཡོན་དང་ནི་


CMR033_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་དང་། །སྡོམ་པ་ཡོད་མེད་ས་མཚམས་རྣམས། །ཚིག་ནི་བློ་ལ་ཟིན་མི་དགོས། །དོན་དེ་ཡིད་ལ་ཟུངས་མཛོད་ལ། །སྡོམ་པ་གཙང་ཞིང་འཆི་ཁ་ཡང་། །མི་འགྱོད་བ་རེ་ཙམ་མཛོད་ཅིག །སྡོམ་པ་ཚུལ་ཁྲིམས་འདི་ཉིད་ནི། །ཆོས་དང་དགེ་བའི་གཞི་ཡིན་ཏེ། །མཁར་གྱི་རྨང་དང་ཟོ་ཟོམ་རྐུབ། །ལོ་ཐོག་སྐྱེ་བའི་ཞིང་ས་ལྟར། །མེད་ཐབས་མེད་པ་སྡོམ་པ་ཡིན། །ཡིད་ལ་ཆོངས་ཤིག་ཇོ་མོ་ཀུན། །དེ་སྐད་དགེ་སློང་རྒན་པོ་ནི། །རཱ་ག་ཨ་སྱ་ཞེས་བྱ་བས། ཇོ་མོ་སྤུན་གཉིས་རི་ཁྲོད་དུ། །བསྡད་དུས་མཚམས་ཀྱི་ཁུང་ནས་སྤྲེངས། །ཇོ་མོ་ཀུན་ལ་ཕན་པར་ཤོག །མངྒ་ལཾ།། ༈ །།ཕྱི་རབས་ཇོ་མོ་རྣམས་ལ་ཆོས་མགོ་ཐོན་པ་གལ་ཆེ་བའི་ཆོས་བཤད་ཆོས་ཐུན་གཅིག་ཡོད། ན་མོ་ཤཱཀྱ་མུ་ན་ཡེ། དབུས་གཙང་དག་པའི་ཞིང་ཁམས་ན། །བན་དགོན་ཇོ་དགོན་མང་ཉུང་མེད། །དགོན་པ་རེ་ན་ཇོ་མོ་ཡང་། །སུམ་བརྒྱ་བཞི་བརྒྱ་ཙམ་རེ་ཡོད། །ཇོ་མོའི་བླ་མ་ཆོས་ཁྲིམས་མང་། །ཆོས་ཁྲིམས་ཕོ་ཐོ་བཙུགས་པ་སོགས། །གྲྭ་ས་བཟང་བས་ཕལ་ཆེར་བ། །མགོ་ཐོན་ཆོས་ཚུགས་ཟིན་པར་སྣང་། །ངེད་རང་ཁམས་དང་ངོམ་གཤིས་འདིར། །དེ་འདྲའི་


CMR033_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བཅའ་མེད་པ་དེས། །ཆོས་མགོ་ཐོན་པ་ཉིན་སྐར་ཙམ། །ཆོས་མགོ་མ་ཐོན་དེ་རྣམས་ཀྱང་། །སྲོག་བཅད་མ་བྱིན་ལེན་པ་དང་། །རྫུན་དང་ཆང་གིས་བྱས་པ་མིན། །གཞན་འཕྲུལ་དབང་བྱེད་ལྷ་གནས་མན། །ན་རཀ་དམྱལ་ཁམས་ཡན་ཆད་ཀྱི། །ལུས་འདི་འདོད་ཆགས་རྒྱུ་ལས་གྲུབ། །བདུད་རྒྱལ་དགའ་རབ་དབང་ཕྱུག་གིས། །མེ་ཏོག་ལས་གྲུབ་ལྕེ། མདའ་ལྔ་འཕང་། །དེ་ནི་སེམས་ཅན་ཀུན་ལ་ཟུགས། །མདའ་དེ་འདོད་ཆགས་བདུད་ཀྱི་མདའ། །ཡིན་ཕྱིར་འདོད་ཆགས་སྤང་བར་དཀའ། །འདོད་ཆགས་ངོ་བོ་སྲིན་ཡིན་ཏེ། །སྐྱེས་པ་ཕོ་ལ་མེད་པ་ཡི། །བུད་མེད་སྲིན་རིགས་སུམ་བརྒྱ་ཡོད། །དེ་ཕྱིར་བུད་མེད་ཆགས་པ་ཆེ། །མོ་ནད་རིགས་ཀུན་འབྱུང་བར་གསུངས། །དེ་བས་བུད་མེད་འདོད་ཆགས་ཏེ། །རྩ་བ་བཞི་ཡི་ནང་ནས་ཀྱང་། །མི་གཙང་སྤྱོད་དེ་སྤངས་ཐུབ་ན། །རྫུན་དང་སྲོག་བཅད་རྐུ་འཕྲོག་དང་། །ཆང་ལ་ཁ་རྒྱུན་བྱས་ན་ཡང་། །སྡོམ་པ་གཙང་མར་རྩི་སྲོལ་གདའ། །དེ་ཕྱིར་བོད་ཀྱི་སྡོམ་གཅིག་མ། །མི་གཙང་སྤྱོད་འདི་སྤངས་དགོས་ཏེ། །ཉེས་དམིགས་འདི་རྣམས་ཡིད་ལ་ཟུངས། །དྲན་པ་ཉེར་བཞག་མདོ་ལས་ཀྱང་། །མི་གཙང་


CMR033_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་རྣམ་སྨིན་གྱིས། །བསྡུས་འཇོམས་དམྱལ་བའི་གནས་སུ་སྐྱེ། །ལྕགས་བསྲེགས་གསལ་ཤིང་མེ་འབར་བས། །ཁོག་སྨད་ཡང་དང་ཡང་དུ་ཕུག །ཟངས་ཞུན་ཁྲོ་ཆུ་ཁོལ་མ་ནི། །འདོམས་བར་མཚན་མའི་ནང་དུ་བླུག །ཚེ་ཚད་མི་ལོ་བྱེ་བ་ཕྲག །སུམ་ཅུ་འབུམ་ཕྲག་བརྒྱད་ཁྲི་དང་། །སྟོང་ཕྲག་གཅིག་ཏུ་སྡུག་བསྔལ་མྱོང་། །དེ་ནས་ཐར་ནས་གར་འགྲོ་ནི། །དྲན་པ་ཉེར་བཞག་མདོ་ལས་གསུངས། །ལྕེ་སྐམ་ཚིགས་པའི་མེ་མ་མུར། །སྤུས་ནུབ་ཙམ་དུ་ཁོག་སྨད་ནུབ། །དེ་འདྲའི་ཐང་ལ་འགྲོ་བའི་ཚེ། །རང་གིས་འདོད་ཆགས་སྤྱོད་མྱོང་བའི། །མི་དེ་ཐག་རིང་ཞིག་ནས་མཐོང་། །དེ་ལ་སྔོན་གྱི་བག་ཆགས་ཀྱིས། །དགའ་བའི་འདུ་ཤེས་སྐྱེས་ནས་རྒྱུགས། །རྩ་ན་བསླེབས་པས་མི་དེ་ནི། །མི་གཤིན་རྗེའི་ལས་མཁན་ཏེ། །ལྕགས་སྲེག་མེ་འབར་ལས་གྲུབ་པའི། །སྐྱེས་པ་གཟུགས་ནི་བཟང་པོར་སྣང་། །དེ་ཡིས་རང་གི་ངོ་དང་ལུས། །བཅད་ཅིང་སྦར་ཤད་བྱས་ནས་ཟོས། །ཚ་ན་ཆེ་ཡང་འཆི་མི་ཐུབ། །ཤ་ཟོས་རུས་པ་ཀུམ་བྱས་པས། །དེ་ནས་ཤི་སྟེ་ལན་གཅིག་བརྒྱལ། །བརྒྱལ་སངས་སྔར་ལྟར་ལུས་གྲུབ་ནས། །ཡང་ནི་སྐྱེས་པ་དེ་མཐོང་


CMR033_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས། །ཡང་ནི་སྔོན་ལྟར་ཟ་ཞིང་གསོད། །ནམ་ཞིག་དེ་ནས་བྲོས་ཐར་ནས། །ཤལ་མ་རི་ཡི་སྡོང་པོ་ཞེས། །ལྕགས་ཀྱི་ལྗོན་ཤིང་ཆེན་པོ་འདི། །ལོ་མ་ཐམས་ཅད་རྩེ་བསག་འདྲ། །དེ་ཡི་རྩེ་མོ་རང་ཉིད་ལ། །ཆགས་པ་སྤྱོད་པའི་མི་དེ་མཐོང་། །ལས་ངན་འབྲས་བུ་དེ་ལ་དགའ། །ཤིང་ལ་འཛེག་ཅིང་ཡར་སོང་བ། །ཤིང་ལོའི་གྲི་ཀུན་རྩེ་ཕྱིར་བསྟན། །བྲང་དང་ལུས་པོ་ཐམས་ཅད་གཤག །རྩེ་རུ་ཕྱིན་ཛ་མི་དེ་ནི། །ལྕགས་སྲེག་བྱ་ནི་ཆེན་པོར་འགྱུར། །མཆུ་ཟོར་བརྒྱབས་ནས་ཀླད་པ་འཐུང་། །ལན་གཅིག་ཤི་སྟེ་ཡང་སོས་པས། །ལུས་ཀྱི་རྨ་ཡང་མེད་པར་སོས། །མི་དེ་ཤིང་གི་རྩ་བར་མཐོང་། །དེ་དང་འཕྲད་འདོད་ཕྱིར་ལ་བབ། །ཤིང་ལོའི་གྲི་སོ་ཡར་བསྟན་ནས། །ལུས་སྨད་ཐམས་ཅད་ཚལ་པར་གཤགས། །ཤིང་གི་རྩ་བར་ཕྱིན་པ་དང་། །མི་དེ་ལྕགས་སྲེག་ཁྱི་རུ་གྱུར། །ཁོག་སྨད་འབར་ཞིང་རྒྱུ་མ་ཟོས། །དེ་རུ་ལན་གཅིག་ཤི་བ་དང་། །ཡང་ནི་ཡར་འཛེག་མར་ལ་བབ། །དེ་འདྲ་རྒྱུན་དུ་བྱེད་དགོས་གསུངས། །འཕགས་པ་མོའུ་འགལ་གྱི་བུས། །དམྱལ་བར་བྱོན་ནས་མ་འདྲེན་ཞོར། །བུད་མེད་མང་པོ་དེར་གདའ་བ། །གཤིན་རྗེ་རྣམས་ལ་


CMR033_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་ནས། །འདི་དག་ཡར་ལ་ཐོངས་གསུངས་པས། །གཤིན་རྗེས་བུད་མེད་འདི་རྣམས་ནི། །འདོད་ཆགས་སྒྲིབ་པ་ཆེ་དྲགས་པས། །ཐར་རྒྱུ་ཡོད་མེད་འདི་གཟིགས་ཟེར། །གཤིན་རྗེའི་ལས་མཁན་དེ་ཉིད་ཀྱིས། །སྐྱེས་པ་གཟུགས་བཟང་ཞིག་ཏུ་སྤྲུལ། །ང་ལ་བུད་མེད་མེད་པས་ན། །གཡོག་འཁོར་ཀྱང་ནི་ང་ལ་མེད། །ཁྱེད་ཅག་བུད་མེད་ཡ་མཚན་པ། །ཡོད་ན་ང་དང་ལྷན་འདུག་ཟེར། །བུད་མེད་དེ་རྣམས་འདོད་ཆགས་སྐྱེས། །རྒྱ་གར་རྒྱལ་པོ་རྒྱུ་འཇིག་གི།མིང་ནས་སོ་སོར་བརྗོད་བྱེད་ཅིང་། །ང་ནི་རྒྱལ་པོའི་བུ་མོ་ཡིན། །ཟེར་ནས་རྫུན་ཀྱང་ལབ་པར་བྱེད། །ལ་ལས་བྲམ་ཟེ་སུ་བཟང་གི །མིང་ནས་བརྗོད་ཅིང་བྲམ་ཟེ་དེའི། །སྲས་པོ་དེ་ནི་ང་ཡིན་ཟེར། །ལ་ལས་མི་ནི་ཕྱུག་པོ་ཚོའི། །མིང་བརྗོད་དེ་ཡི་བུ་མོ་ཡིན། །ང་ལོང་ཟེར་ནས་འོ་དོད་བྱས། །ལ་ལས་ང་ནི་ཤེས་རྒྱ་ཆེ། །རིག་པའི་གནས་ལ་ང་མ་ཁས་ཟེར། །དེ་ཚེ་སྤྲུལ་པའི་མི་དེ་ཡིས། །སྤང་མོ་ཁྱེད་རྣམས་ང་ཕྱིར་ཤོག །དབང་ནི་གང་ཆེ་ང་ཡི་བདག །ང་འགྲོགས་འདོད་མི་སུ་ཡོད་པ། ལ་མོ་ང་ཡི་རྗེས་ན་ཤོག །ཟེར་ངས་མི་དེབཅུག་སོང་བས། །བུད་མེད་དེ་ཚོ་རྗེས་ན་


CMR033_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུགས། །ཐང་ཆད་འགྱེལ་ཞིང་དེད་སོང་བས། །མི་དེ་མེ་དཔུང་ཆེན་པོར་གྱུར། །བུད་མེད་རྣམས་ཀྱིས་བཟུང་མ་ཚུགས། །མོའུ་འགལ་བུ་ལ་ཞུ་བ་ཕུལ། །མེ་ནང་སྐྱེས་པ་འདི་ལོངས་ལ། །ང་ལ་བྱིན་དང་ང་ལ་བྱིན། །ཟེར་ཞིང་འབོད་པ་བྱེད་དོར་ལ། །མེ་དཔུང་དེ་ལ་གཤིན་རྗེ་ཡི། །ལས་མཁན་དཔག་ཏུ་མེད་པར་གྱུར། །བུད་མེད་དེ་དག་ཐམས་ཅད་ཀྱི། །ལུས་ཀྱི་མགོ་མཇུག་སྟོད་སྨད་ཀུན། །མོ་མཚན་མང་པོས་གང་བར་གྱུར། །ལྕགས་སྲེག་ཕུར་པ་མེ་འབར་བ། །མང་པོས་མོ་མཚན་དེ་རྣམས་ལ། །གཤིན་རྗེས་བཙུགས་པས་ན་ཚ་ཡི། །བུད་མེད་ཐམས་ཅད་ངུ་འབོད་བྱེད། །མོའུ་འགལ་བུ་ནི་སྙིང་རྗེ་སྐྱེས། །བུད་མེད་འདི་དག་ཐོངས་གསུངས་པས། །བུད་མེད་འདོད་ཆགས་སྡིག་པས་ནོན། །ས་བོན་ཡོས་སུ་བརྔོས་པ་ལ། །འབྲས་བུ་མི་སྐྱེ་བ་དང་འདྲ། །འདི་ལ་ཐར་ཐབས་ག་ལ་ཡོད། །ངེད་ཅག་རྣམས་ནི་མ་ལན་ཟེར། །དེ་ནས་མོའུ་འགལ་གྱི་བུས། །བུད་མེད་རྣམས་ལ་ཆོས་གསུང་པ། །བསོད་ཟད་དམྱལ་བར་སྐྱེས་ན་ཡང་། །ད་རུང་ཁྱིམ་ཐབས་འདི་འདོད་ནས། །རྫུན་རྣམས་ལབ་ཅིང་མི་འདོད་པ། །ངོ་ཚ་མེད་པའི་བྱུར་ངན་མ། །དམྱལ་བའི་


CMR033_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་མི་མང་རྩོད། །འདོད་ཆགས་བསམ་དང་མ་བྲལ་བ། །ནམ་ཡང་འདི་ནས་ཐར་དུས་མེད། །འགྱོད་པ་གྱིས་ལ་འདོད་ཆགས་སྤོངས། །གསུངས་པས་བུད་མེད་དེ་རྣམས་ཀྱིས། །སྔར་བྱས་ལས་ལ་འགྱོད་པ་སྐྱེས། །མོའུ་འགལ་བུ་ལ་སྐྱབས་ཞུས་པས། །བུད་མེད་དེ་རྣམས་ཐར་པ་ཡི། །ལོ་རྒྱུས་ངོ་མཚར་རྒྱ་ཆེ་བ། །མོའུ་འགལ་མདོ་ལས་རྒྱས་པར་འབྱུང་། །མོའུ་འགལ་གྱི་བུ་ཡི་མ། །མེ་འགལ་མ་ཞེས་བྱ་བ་དེ། །མནར་མེད་དམྱལ་བར་སྐྱེས་ནས་ནི། །བུ་ཡིས་འདྲེན་པར་མ་ཐུབ་ནས། །ཤཱཀ་ཐུབ་སྤྱན་རས་གཟིགས་གཉིས་ལ། །གསོལ་བ་བཏབ་ནས་འདྲེན་ཐུབ་ཀྱང་། །དེ་ནས་ཡི་དྭགས་ཡུལ་དུ་སྐྱེས། །དེ་ནས་དྲངས་པས་ཁྱི་རུ་སྐྱེས། །དེ་ནས་དྲངས་པས་བུ་མོར་སྐྱེས། །དེ་ནས་ལྷ་ཡུལ་འདྲེན་ཐུབ་ཙམ། །ཤིན་ཏུ་འདྲེན་པར་དཀའ་བ་དེས། །མི་བསོད་ཉ་དེད་དུག་སྦྱོར་སོགས། །ཅི་ཡང་བྱས་པར་མི་གདའ་སྟེ། །ཤིན་ཏུ་ཕྱུག་མོ་གཅིག་རེད་པས། །མོའུ་འགལ་གྱི་ཡབ་འདས་སྔ། །མི་ངན་རྐུན་མ་སྡིག་པ་གསོག །མང་པོ་ལྐོག་ཏུ་བོས་ནས་ཀྱང་། །རྒྱུ་ཟས་ཤ་ཆང་ཟས་ཀྱིས་གསོས། །རྒྱུན་དུ་འདོད་ཆགས་འཁྲིག་པ་སྤྱོད། །དེ་ཡི་


CMR033_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མི་ཁྱིམ་མཚེས་སོགས། །ཀུན་གྱིས་འཁོན་པས་འཕྱ་མཁན་མང་། །རྩོད་ཅིང་འཛིངས་བས་ཀུན་དང་འགྲས། །དེ་ལྟར་འདོད་ཆགས་བག་མེད་དུ། །སྤྱད་པས་ཉེས་པ་ཆེའོ་ཞེས། །བླ་མ་དགེ་སློང་ལ་སོགས་ཀྱིས། །གསུངས་ལ་མ་དགའ་འབར་ཤ་བཏང་། །མི་རྣམས་ཁྱིམ་དུ་བསྐུང་བ་དེ། །གཞན་གྱིས་རིག་དོགས་ཉེ་དུ་དང་། །འགྲིམས་པ་སུ་བྱུང་རྣམས་དང་འཛིངས། །དེ་འདྲ་བྱས་པའི་རྣམ་སྨིན་ཏེ། །དོན་ལ་མོ་ནི་མེ་འགལ་མ། །དམྱལ་ཚན་ཆེན་པོར་སྐྱེས་པ་དེ། །ངན་སོང་ལུས་ངན་བླང་བ་དང་། །འདྲེན་པར་ཤིན་ཏུ་དཀའ་བ་དེ། །མོ་ཉིད་སྐྱེས་པ་ལ་དགའ་ནས། །རྒྱུན་དུ་འདོད་ཆགས་སྤྱོད་པ་ཡི། །རྣམ་སྨིན་ཁོ་ན་ཡིན་པའི་ཚུལ། །མོའུ་འགལ་མདོ་ལས་རྒྱས་པར་གསལ། །བུད་མེད་ཡུགས་སས་མི་བཙལ་བས། །ཉེས་པ་དེ་ཙམ་ཡོད་པ་ན། །སྡོམ་པ་ཞུས་པའི་ཇོ་མོ་ཡིས། །མི་བཙལ་ཐར་ཐབས་ག་ལ་ཡོད། །འདི་དག་ང་ཡི་བློ་བཟོ་དང་། །སྡིག་རྒྱུ་བྱེད་ནས་སྨྲ་བ་མིན། །ཐུབ་པས་གསུངས་པའི་མདོ་རྣམས་ཀྱི། །དོན་བསྡུས་ཚིག་ཉུང་གོ་བདེ་བྲིས། །ཕྱི་རབས་ཇོ་མོ་མང་པོ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །དགེ་སློང་རཱ་ག་ཨ་སྱས་


CMR033_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས། །མངྒ་ལཾ།། ༈ །།ཉོན་མོངས་དུག་གསུམ་དགྲ་བོ་དེ་འདུལ་བའི་གདམས་ངག་ཐུབ་པའི་བཀའ་བཞིན་དུ་ཡོད། ན་མོ་ལོ་ཀི་ཤྭ་ར་ཡེ། འདུལ་བ་མདོ་སྡེ་མངོན་པ་གསུམ། །དུག་གསུམ་འདུལ་ཕྱིར་གསུངས་པ་ཡིན། །ཞེ་སྡང་འདུལ་ཕྱིར་མདོ་སྡེ་གསུངས། །དེ་ཡི་བསྒོམ་བྱ་འདི་ཡིན་ནོ། །ཞེ་སྡང་བྱས་པས་དམྱལ་བར་སྐྱེ། །དེ་ཕྱིར་ཞེ་སྡང་སྤང་བར་བྱ། །ཞེ་སྡང་གཅོད་མཁན་སེམས་ཅན་ཡིན། །སེམས་ཅན་གཅིག་ཀྱང་མ་ལུས་པ། །སྐྱེ་བ་མང་པོའི་ཕ་མ་ཡིན། །དེ་ལ་ཞེ་སྡང་ཅི་ལ་བྱ། །ཁོང་ཚོས་དེ་དོན་མ་ཤེས་ནས། །ང་ལ་གནོད་པ་བྱེད་པ་ཡིན། །རང་གིས་ཤེས་བཞིན་མཛད་མི་རུང་། །ཞེ་སྡང་ཕོ་གདོན་རྒྱལ་འགོང་ཡིན། །ཁོང་ཚོ་གདོན་དེས་སྨྱོ་བ་ཡིན། །སྨྱོ་བའི་ཡ་བོ་ཅི་ལ་བྱེད། །རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །བཟོད་པའི་ཕ་རོལ་ཕྱིན་པ་དགོས། །གནོད་པ་བྱེད་མཁན་མེད་ན་ནི། །བཟོད་པ་སྒོམ་རྒྱུ་མེད་པའི་ཕྱིར། །པཎ་ཆེན་ཇོ་བོ་ཨ་ཏི་ཤ །བོད་དུ་བྱོན་དུས་རྒྱ་གར་ནས། །ཨ་ཙ་ར་ནི་བཙོག་མོ་ཞིག །ཞེ་སྡང་སྦྱོང་མི་ཁྲིད་ནས་བྱུང་། །བོད་དུ་བཟོད་པ་སྒོམ་པ་ནི། །མི་རྙེད་དོགས་ཏེ་གདའི་གསུངས་སྐད། །དེ་བཞིན་ཚིག་ངན་བཏགས་


CMR033_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུ་སོགས། །བྱེད་མཁན་རྣམས་ལ་བཟོད་པ་བསྒོམ། །བཟོད་པ་དཀའ་ཐུབ་མཆོག་ཡིན་ནོ། །དེ་ཡང་ཆུང་ས་ནས་བསྒོམས་པས། །དེ་ནས་ཇེ་ཆེར་བསྒོམ་ཐུབ་སྟེ། །མཉམ་དུ་འདུག་མིའི་ཇོ་མོ་སོགས། །སྡང་ཚིག་སྨྲ་བ་རང་ཉིད་ཀྱི། །སེམས་ལ་མི་ངན་བྱུང་ན་ཡང་། །དེ་ལ་ཚིག་ངན་མ་ཤོར་བར། །བཟོད་པ་སྒོམ་པས་བསོད་ནམས་ཐོབ། །སེམས་ལ་ཞེ་སྡང་སྐྱེས་པའི་དུས། །ཞེ་སྡང་སེམས་དེར་ཧྲིག་གེར་ལྟ། །དངོས་པོ་མེད་དེ་སྟོང་པར་ཡལ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །བོགས་འདོན་དེ་བས་ལྷག་པ་མེད། །སེམས་ངོ་ཞེ་སྡང་སྐྱེས་པའི་དུས། །ཁྱི་ཡི་སྐད་དང་འོ་དོད་འབོད། །ཝ་དང་ཁྭ་ཏའི་སྐད་ཀྱིས་གནོད། །དེ་ལ་མི་དགའ་སྡང་སེམས་སྐྱེ། །དེ་དུས་སེམས་ཀྱི་ངོ་བོར་ལྟ། །སྒྲ་དེ་རྣ་བས་ཐོས་བཞིན་དུ། །སྒྲ་དེའི་ངོ་བོ་སྟོང་པར་འཆར། །གྲག་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །ནུབ་མོ་མུན་ཆུ་རུབ་པའི་དུས། །འོག་ན་དུར་གླིང་ཡོད་པ་དེར། །རོགས་མེད་རི་ཁྲོད་གསར་པ་ལ། །ལྷ་འདྲེ་སོགས་ལ་སྐྲག་འཇིགས་སྐྱེ། །རླུང་འཚུབ་རི་བོང་རྒྱུག་སོགས་ཀྱིས། །སྒེག་སྒག་ཁྲིག་ཁྲག་གོ་ན་ཡང་། །འདྲེ་ཡིན་བསམས་ནས་སྐྲག་སྔངས་སྐྱེ། །དེ་དུས་སྐྲག་


CMR033_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སེམས་ལ་ལྟོས། །ལྷ་ཡང་སེམས་ཡིན་འདྲེ་ཡང་སེམས། །སེམས་ལ་གཟུགས་དང་ཁ་དོག་མེད། །བལྟས་པས་མ་མཐོང་ངང་ལ་ཞོག །བོགས་འདོན་མཆོག་ཏུ་གྱུར་པ་ཡིན། །སྤྱི། །ལྷ་འདྲེ་གཞི་བདག་གཙོར་བྱས་པའི། །སེམས་ཅན་ཐམས་ཅད་དུས་རྟག་ཏུ། །བདེ་སྐྱིད་དཔག་མེད་ལྡན་གྱུར་ཅིག །བདེ་སྐྱིད་ཐམས་ཅད་འབྱུང་བའི་རྒྱུ། །དགེ་བ་བཅུ་ལ་སྤྱོད་པར་ཤོག །དེ་ལ་ཕྱོགས་དང་རིས་མེད་པ། །ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །དེ་ལྟར་སྙིང་ནས་ཡིད་ལ་བསམ། །དེ་ནི་བྱམས་པ་ཚད་མེད་ཀྱི། །ཏིང་ངེ་འཛིན་དེ་སྲུང་བའི་མཆོག །བྱམས་པའི་གོ་ཆ་བླ་ན་མེད། །ཕན་ཡོན་ཆེན་པོ་བརྒྱད་དང་ལྡན། །ཞེ་སྡང་འདུལ་བའི་ལེའུ་ཟབ། །སྤྱི། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །འདོད་ཆགས་འཇོམས་ཕྱིར་འདུལ་བ་གསུངས། །དེ་ཡི་ཉམས་ལེན་བསྒོམ་བྱ་ནི། །སྐྱེས་པ་གཟུགས་བཟང་གོས་བཅས་བཟང་། །དེ་འདྲ་མཐོང་དུས་འདོད་ཆགས་སྐྱེ། །དེ་དུས་བསམ་བློ་འདི་ལྟར་བྱ། །མི་འདིའི་པགས་པ་དཀར་ན་ཡང་། །ཁོག་སྟོད་ཁྲག་དང་ཆུ་སེར་གང་། །ཁོག་སྨད་གཅིན་དང་སྟུག་པས་གང་། །སྲིན་རིགས་ཉི་ཁྲི་གཅིག་


CMR033_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གིས། །ལུས་གང་གྲོག་མའི་ཚང་དང་འདྲ། །ཁྱི་སྟག་དར་གྱིས་གཏུམ་པ་བཞིན། །གོས་ཟས་བཟང་ཡང་ཡག་རྒྱུ་མེད། །རང་གི་ལུས་ཀྱང་དེ་དང་འདྲ། །དེ་ལྟར་བསམས་པས་འདོད་པ་ཞི། །མི་གཙང་སྒོམ་པའི་ཏིང་འཛིན་ཡིན། །སྐྱེས་པ་མཛེས་རུང་མི་མཛེས་རུང་། །སྔོན་གྱི་ལས་ཀྱི་མི་དེ་ལ། །སེམས་ཤོར་འདོད་ཆགས་སྐྱེས་པ་ཡོད། །ཀྱེ་མ་ད་ལྟར་གཞོན་པོ་ཡང་། །འདི་ནི་མི་རྟག་མྱུར་དུ་བསྒོམ། །རྒས་ན་ངོ་ཡང་གཉེར་མས་གང་། །སྐེད་པ་སྒུར་ཞིང་གོམ་ཟོ་འཁྱོར། །དེ་ནས་ཤི་སྟེ་ལུས་འདི་ཡང་། །རོ་རུ་གྱུར་ནས་རུལ་ཞིང་མནམ། །འབུ་ཡང་ཤིག་ཤིག་བྱེད་པར་འགྱུར། །རང་གི་ལུས་ཀྱང་དེ་དང་འདྲ། །བསམས་པས་འདོད་ཆགས་ཞི་བར་འགྱུར། །མི་རྟག་སྒོམ་པའི་ཏིང་འཛིན་ཡིན། །རོ་ནི་རྒོད་ཀྱིས་ཟོས་པ་ཡི། །ཛིང་རྒོག་ཀེང་རུས་ཚང་མ་ཞིག །རང་གི་མདུན་དེར་ཡོད་པར་བསྒོམ། །མིག་དང་ལྕེ་དང་སྣ་རྣམས་ནི། །བྱ་ཡིས་བྲུས་སོང་དམར་ཧ་རེ། །སོ་ཡི་ཕྲེང་བ་སྐྱ་ཁྲིག་གེ །དྲི་ངན་བྲོ་ཞིང་སྦྲང་བུ་འཁོར། །དེ་ཚོ་ཡིད་ལ་བསམ་པ་བསྒོམ། །མི་ནི་སྐྱེ་ཡག་ལུས་ལ་ཡང་། །ནང་དེར་ཀེང་རུས་དེ་ལྟར་ཡོད། །རང་གི་ལུས་ཡང་དེ་དང་འདྲ། །


CMR033_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པ་ཡོད་མེད་མ་གཏོགས་པ། །ཀེང་རུས་ཡིན་ལ་ཁྱད་པར་མེད། །དེ་དོན་གོ་བ་སྐྱེས་པ་ན། །འདོད་ཆགས་ཐམས་ཅད་ཞི་བར་གསུངས། །མི་སྡུག་སྒོམ་པའི་ཏིང་འཛིན་ཡིན། །སྡོམ་པ་ཞུས་པའི་ཇོ་མོ་རྣམས། །ཕ་ཡུལ་གྲོང་ནག་འདུག་པའི་ཚེ། །སྐྱེས་པ་གཞོན་ནུ་མང་པོ་ཡང་། །མཉམ་འགྲོ་མཉམ་འདུག་དགོས་པའི་ཚེ། །ཡིད་ལ་བསྒོམ་བྱ་འདི་ཡིན་ནོ། །སྐྱེས་ཕྲན་གཞོན་ནུ་འདི་རྣམས་ཀྱང་། །སྐྱེ་བ་སྟོང་ཕྲག་དུ་མ་ལ། །ང་ཡི་ཕ་དང་མིང་པོར་སྐྱེས། །ཁོང་ཚོས་དེ་དོན་མ་ཤེས་པས། །ང་ལ་མི་འཛེམ་ཅོལ་གཏམ་སྨྲ། །ངས་ནི་ངོ་ཚ་སྲུང་དགོས་ཏེ། །ཕ་དང་མིང་པོ་འདི་རྣམས་ལ། །འདོད་ཆགས་བསམ་པ་ཅི་ལ་སྐྱེ། །བསམ་པ་བསྒོམ་པ་ཡིན་པར་གསུངས། །སྐྱེས་གཞན་ཡོད་དམ་མེད་ཀྱང་རུང་། །སེམས་ལ་འདོད་ཆགས་སྐྱེས་པའི་དུས། །དེ་ཡི་ངོ་བོ་སེམས་ལ་ལྟ། །གཟུགས་དང་ཁ་དོག་དངོས་པོ་མེད། །སྟོང་པ་ཉིད་དུ་ལྷང་ངེར་གནས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་སྟེ། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །འདོད་ཆགས་ཡི་དྭགས་ས་བོན་ཏེ། །ཐབས་རྣམས་དུ་མས་དེ་འདུལ་ཏེ། །དེ་ཡི་ནང་དུ་མ་ཤོར་བྱ། །སྤྱི། བཅོམ་ལྡན་ཤཱཀྱ་


CMR033_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ཡིས། །གཏི་མུག་འདུལ་ཕྱིར་མངོན་པ་གསུངས། །མི་ཤེས་པ་དང་མ་རིག་པ། །རང་སེམས་ངོ་བོ་མ་རྟོགས་པ། །དགེ་སྡིག་ཕན་གནོད་མི་ཤེས་པ། །ཐམས་ཅད་གཏི་མུག་ཡིན་པའི་ཕྱིར། །ཡི་གེ་འདོན་དང་དཔེ་ལྟས་དང་། །ཟིན་ཐུན་འདོན་པ་བསླབ་པ་དང་། །དེ་འདྲ་བྱས་པས་ཤེས་རབ་སྐྱེ། །གསོལ་འདེབས་བླ་མའི་རྣལ་འབྱོར་བསྒོམ། །དེ་ཡིས་རང་སེམས་ངོ་བོ་རྟོགས། །ནམ་ཕྱེད་ཟིན་ནས་ཐོ་རངས་བར། །གཉིད་ཀྱི་དུས་ཡིན་མ་གཉིད་ན། །ནད་འཇུག་བྱིང་རྨུགས་དགེ་སྦྱོར་འགྲིབ། །དེ་དུས་སེང་གེའི་ཉལ་སྟབས་ཀྱིས། །འོད་གསལ་བཟུང་བའི་འདུན་པས་གཉིད། །རྨི་ལམ་སེམས་ངོ་ཡི་ཟིན་ལྟ། །དེ་ཚེ་ཡུད་ཅིག་མི་གཉིད་དེ། །ཚེ་རབས་འཁོར་བ་ཐོག་མེད་ནས། །མ་རིག་གཏི་མུག་དེ་ཙམ་ཆོག །རང་གི་ལོ་གྲངས་དུ་ལོན་པའི། །ཕྱེད་དེ་གཉིད་དུ་བསྡད་པ་རེད། །གཉིད་དེ་དགེ་བའི་ཆོམ་པོ་སྟེ། །ཟླ་གཅིག་མཚམས་ལ་བསྡད་ན་ཡང་། །ཞག་མ་བཅོ་ལྔ་གཉིད་ནི་འདུག །འདི་ལ་སྙིང་པོ་ཅི་ཡོད་ཅེས། །ཆོག་ཤེས་རང་ལ་ཞེ་ཁྲེལ་བྱ། །རང་གི་སྤྱི་བོའི་གཙུག་ཏུ་ནི། །མར་མེ་གཅིག་ནི་ཡོད་པར་བསྒོམ། །མར་མེ་གསལ་དང་ཏ་ལ་ལ། །དེ་


CMR033_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིག་པ་གཏད་པ་ན། །གཏི་མུག་ཤུགས་ཀྱིས་ཆུང་བར་འགྱུར། །གཞན་ཡང་ཐུབ་པའི་མཛད་བཅུ་སོགས། །བཀའ་བརྒྱུད་རྣམ་ཐར་ཡིད་ལ་བསྒྲུང་། །དེ་ཡིས་གཏི་མུག་ཞི་བར་གསུངས། །གཏི་མུག་ངོ་བོ་སེམས་ཡིན་ཏེ། །སེམས་ལ་བལྟས་པས་རྣམ་རྟོག་ཉུང་། །གཏི་མུག་པ་ཞིག་ཡོད་པ་དེ། །ངོ་བོ་བལྟས་པས་སྟོང་པ་ཉིད། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །བོགས་འདོན་མཆོག་ཅིག་དེ་ཡིན་ནོ། །གྲོལ་ལམ་མདོ་ལུགས་ཤས་ཆེ་བའི། །དུག་གསུམ་འདུལ་བའི་ཞལ་གདམས་འདི། །བཅོམ་ལྡན་ཐུབ་པས་གསུངས་པ་ཡི། །སྡེ་སྣོད་གསུམ་གྱི་སྙིང་པོ་ཡིན། །ཡིག་སྐད་ཆོས་སྐད་མ་བྱས་པ། །ཐ་མལ་རང་རང་ས་ཆ་ཡི། །སྐད་དུ་བྲིས་པས་གོ་བར་སླ། །ཆོས་སྐུ་མ་ལ་གདམས་པ་སྟེ། །ཕྱི་རབས་ཇོ་མོ་མང་པོ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །དེ་སྐད་རཱ་ག་ཨ་སྱ་ཡིས། །དབོན་མོ་སྤུན་གཉིས་རི་ཁྲོད་དུ། །གསར་དུ་བསྡད་པའི་ཆས་ཇར་སྤྲེངས། །རེ་ཞིག་དེ་རྣམས་ཉམས་སུ་ལོངས། །མོས་གུས་སྔ་མ་བསྒོམ་ཟིན་ན། །རྗེས་ནས་བསྒོམ་རྒྱུ་ཟད་མེད་ཡོད། །མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།


previousཇོ་མོ་རྣམས་རི་ཁྲོད་གསར་དུ་འཛིན་པའི་དམིགས་ཐུན།next