Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན།
   
   
   
   
   
   
   


 
previousགདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན།next

གདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན།


CMR033_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད། སྙན་གྲགས་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བཞུགས་སོ།།


CMR033_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ཀ་ཡེ། པོ་ཊ་ལ་རུ་མགོན་པོ་སྤྱན་རས་གཟིགས། །རྔ་ཡབ་གླིང་དུ་ཨོ་རྒྱན་སྤྲུལ་པའི་སྐུ། །ཁ་བ་ཅན་དུ་དཔལ་ལྡན་ཀརྨ་པ། །ཞྭ་ནག་ཅོད་པན་འཛིན་པ་རྣམས་ལ་འདུད། །འཕགས་ཡུལ་གྲུབ་པའི་ཌོམ་བྷི་ཧེ་རུ་ཀ །གངས་ཅན་ལྗོངས་སུ་སྒོམ་ཆུང་རས་ཆེན་དང་། །ད་ལྟ་རྒྱལ་བའི་ཕྲིན་ལས་མངའ་མཛད་པ། །སི་ཏུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་གདན་ས་ཆེན་པོ་འོག་མིན་ཀརྨའི་གནས་བཤད་འདི་ལ་ལོ་རྒྱུས་སྤྱི་དང་བྱེ་བྲག་གཉིས་ཏེ། སྤྱིར་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེ་ཉིད། འོག་མིན་ཆོས་དབྱིངས་ལྷུན་གྱིས་གྲུབ་


CMR033_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ན་ཐུགས་ཆོས་སྐུའི་ངོ་བོ་འཁོར་འདས་སྣང་སྲིད་ཐམས་ཅད་ཁྱབ་པར་བཞུགས་ཏེ། དེ་ནི་ས་བཅུའི་སེམས་དཔའ་རྣམས་ཀྱི་ཡང་མུན་པ་ནང་གི་གཟུགས་ཙམ་ལས་མཇལ་བའི་སྐལ་པ་མེད་པར་གསུངས་ན། བདག་ལྟ་བུའི་བརྗོད་པར་ཡང་ག་ལ་ནུས་ཏེ་དོན་དེ་ལ་དགོངས་ནས༔ བསམ་བརྗོད་རེ་བ་ལས་འདས་པ་ལ་གསོལ་བ་འདེབས་སོ། །ཞེས་གདམས་པར་མཛད་དོ།། ༧ འཕགས་པ་ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེའི་བ་སྤུའི་བུ་ག་གཅིག་ནས་ཀྱང་། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞིག་སྤྲུལ་


CMR033_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་དོན་མཛད་པར་གསུངས་པས། དེ་ལྟ་བུའི་གནས་དེ་དག་བཤད་པར་ག་ལ་ནུས་ཏེ། དོན་དེ་ལ་དགོངས་ནས། རབ་འབྱམས་ཞིང་གི་བདག་པོ་ལ་གསོལ་བ་འདེབས་སོ། །ཞེས་རྗེས་འཇུག་རྣམས་ལ་གདམས་པར་མཛད་དོ། ༧ །ཆུ་ཀླུང་སྣ་ཚོགས་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་སྟོང་རྩ་གཉིས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་། ༧ པུན་དྷ་རི་ཀའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀོད་པ་བར་མའི་འཇིག་རྟེན་གྱི་འབྱུང་བ་ཆེན་པོའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་པ་བཅུ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་། སྙིང་རྗེ་སྣ་ཚོགས་རོལ་པ་ཞེས་སམ། སྙིང་རྗེ་རྣམ་པར་རྒྱལ་བའམ། སྙིང་རྗེ་རྣམ་པ་རོལ་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས། འཛམ་གླིང་བྱེ་བ་ཕྲག་བརྒྱའི་རྡོ་རྗེ་གདན་བྱེ་བ་ཕྲག་བརྒྱ་ན། ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། པོ་ཊ་ལ་བྱེ་བ་ཕྲག་བརྒྱ་ན་


CMR033_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ། ར་ས་འཕྲུལ་སྣང་བྱེ་བ་ཕྲག་བརྒྱ་ན། སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པའི་ཕྱིར། དོན་དེ་ལ་དགོངས་ནས།་ཞིང་ཁམས་སྤྲུལ་པས་ཁྱབ་པ་ལ་གསོལ་བ་འདེབས་སོ། །ཞེས་རྗེས་འཇུག་རྣམས་ལ་གདམས་པར་མཛད་པའོ། །དེ་དང་མཚུངས་པར་དྭངས་སྙིགས་འབྱེད་པའི་མདོ་བསྡུས་པ་ལས། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན། །ཀརྨ་པ་ཞེས་བྱ་བ་ཡི། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱུང་། །ཞྭ་ནག་གྱོན་ནས་འགྲོ་བ་འདུལ། །ཞེས་དང་། མདོ་སྡེ་རྒྱན་ལ་སོགས་པ་རྣམས་ནས། མཆོག་གི་སྤྲུལ་སྐུ་སངས་རྒྱས་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་པོའི་འགྲོ་དོན་དང་བསྟན་པ་མཉམ་པར་གསུངས་པའི་ཕྱིར། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། གནས་ཆེན་ཀརྨ་ཡང་བྱེ་བ་ཕྲག་བརྒྱ། རྒྱལ་བ་ཀརྨ་པ་བྱེ་བ་ཕྲག་བརྒྱ། སི་ཏུ་སྤྲུལ་པའི་སྐུ་ན་རིམ་ཡང་བྱེ་བ་ཕྲག་བརྒྱ་འབྱོན་པར་ངེས་པས། དེ་ལྟ་བུའི་རྣམ་ཐར་རྒྱ་ཆེ་བ་ནི། རང་རེའི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ལ་ཤོང་བར་དཀའ་བས་སྤྲོས་པ་སྐྱུང་། ༈ སྤྱི་དོན་གཉིས་པ། གདན་ས་ཆེན་པོ་འདི་ཉིད་


CMR033_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལོ་རྒྱུས་ཁོལ་བུར་ཅུང་ཙམ་ཞུ་ན། དེ་ལའང་དང་པོ་གནས་ཀྱི་བྱུང་ཁུངས་དང་། གཉིས་པ་གནས་བྱིན་གྱིས་བརླབས་ཚུལ། གསུམ་པ་གནས་སྒོ་ཕྱེ་ཞིང་བསྟན་པའི་གཞི་མ་གདན་ས་བཞེངས་ཚུལ། བཞི་པ་གནས་བཤད་དཀར་ཆག །ལྔ་པ་ཕན་ཡོན་དགོས་ཆེད་དང་བཅས་པའོ།། ༈ དང་པོ་གནས་ཀྱི་བྱུང་ཁུངས་ནི། དང་པོ་སྲིད་པ་ཆགས་པའི་དུས། ཀུན་ཏུ་བཟང་མོའི་སྤྲུལ་པ་ལས་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོ་ནམ་མཁའ་སྟོང་པའི་ངང་ལས། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མའི་སྤྲུལ་པ་རླུང་གི་དཀྱིལ་འཁོར་ཆགས་སོ། །དེ་བཞིན་དུ་གོས་དཀར་མོའི་སྤྲུལ་པ་མེ་དང་། མ་མཱ་ཀིའི་སྤྲུལ་པ་ཆུ་དང་། སངས་རྒྱས་སྤྱན་མའི་སྤྲུལ་པ་ས་རྣམས་བྱུང་སྟེ། དེ་རྣམས་འདུས་ཤིང་འཚོགས་པ་ལས། གླིང་བཞི་རི་རབ་དང་བཅས་པ་ཆགས། འབྱུང་བའི་དྭངས་བཅུད་འདུས་པ་ལས། ཉི་ཟླ་ནོར་བུ་དཔག་བསམ་གྱི་ཤིང་དང་། གནས་ཆེན་དང་གནས་ཕྲན་རྣམས་གྲུབ་སྟེ། དེ་དག་ཐམས་ཅད་ཀྱང་ཕྱི་ལྟར་ན་སེམས་ཅན་སྤྱི་མཐུན་གྱི་ལས་ལས་བྱུང་། ནང་ལྟར་ན་ཡུམ་ཆེན་ལྔ་ཡི་རྫུ་འཕྲུལ་ལས་སྤྲུལ། གསང་བ་ལྟར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་རྫུ་འཕྲུལ་ཆ་གཅིག་ཙམ་ཡིན་ཏེ།


CMR033_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་རྒྱས་པར་ནི། སངས་རྒྱས་ཕལ་པོ་ཆེ་དང་། གསང་བ་རྡོ་རྗེ་ཐེག་པའི་རྒྱུད། བཀའ་ཐང་སྡེ་ལྔ་དང་། ལུང་བསྟན་བཀའ་རྒྱ་མའི་དབུ་རྣམས་ལས་རྒྱ་ཆེར་གསུངས་སོ། །དེ་ལ་འཇིག་རྟེན་ཆགས་ནས་རིང་པོར་མ་ལོན་པར། སྲིད་པའི་མེས་པོ་ལྷ་ཆེན་དབང་ཕྱུག་ཆེན་པོས་དྲག་པོ་འཇིགས་བྱེད་ནག་པོ་དང་། ལྷ་མོ་ཨུ་མས་དུས་མཚན་དམར་མོར་སྤྲུལ། འཇིགས་བྱེད་དེས་དྲག་པོ་ཉི་ཤུ་རྩ་བཞི་དང་། ཨུ་མས་དྲག་མོ་ཉི་ཤུ་རྩ་བཞི་སྤྲུལ་ནས། ཡུལ་ཉི་ཤུ་རྩ་བཞི་བདག་ཏུ་བཟུང་། དེ་དག་རེ་ལ་ཡང་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས་གནས་ཆེན་དང་གནས་ཕྲན་ཐམས་ཅད་བདག་ཏུ་བཟུང་བའི་ཕྱིར། དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་བཤད་ནས་མི་རྣམས་མུ་སྟེགས་ཀྱི་ལམ་ལ་བཀོད་དོ། །དེའི་ཚེ་གནས་འདི་ཡང་དབང་ཕྱུག་དྲག་པོའི་གསུང་གི་སྤྲུལ་པ་ཞིག་གིས་བདག་ཏུ་བཟུང་བའི་ཕྱིར། བྲག་རི་ཁྲོ་བོའི་ཆ་བྱད་འདྲ་བ་དང་། རྡོ་རྣམས་དུར་ཁྲོད་ཀྱི་ཀེང་རུས་འཁྲོལ་མའི་ཚུལ་དུ་ཡོད་དོ། །དེ་ནས་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་


CMR033_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཁོར་ལོ་སྡོམ་པར་སྤྲུལ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་རྡོ་རྗེ་ཕག་མོར་སྤྲུལ། བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི་དཔའ་བོ་ཉི་ཤུ་རྩ་བཞིར་སྤྲུལ། བྱང་ཆུབ་སེམས་མ་ཉི་ཤུ་རྩ་བཞི་དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ་ནས། འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གཅིག་འོག་མིན་ནས་འཛམ་བུ་གླིང་འདིར་བྱོན་ཏེ། འཇིགས་བྱེད་དང་ཡུམ་ཨུ་མ་གཉིས་ཞབས་འོག་ཏུ་མནན། དཔའ་བོ་ཉེར་བཞིས་དྲག་པོ་ཉེར་བཞི་དང་། དཔའ་མོ་ཉེར་བཞིས་དྲག་མོ་ཉེར་བཞི་བཏུལ་ནས་ཐིམ་པ་དང་། ལོངས་སྤྱོད་རྫོགས་པ་དང་། བདག་པོའི་ཚུལ་གྱིས། དབང་ཕྱུག་ཡབ་ཡུམ་གྱི་གནས་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་གནས་སུ་བྱིན་གྱིས་བརླབས་པ་སྟེ། རྒྱས་པར་ནི་བདེ་མཆོག་གི་རྒྱུད་འགྲེལ་རྣམས་ནས་གསུངས་སོ། །དེ་ལ་བོད་ཁ་བ་ཅན་འདིར། ཕག་མོ་ཡུམ་གྱི་གནས་གསུམ་བདེ་མཆོག་ཡབ་ཀྱི་གནས་གསུམ་དང་དྲུག་པོ་གཙོ་ཆེ་བ་ལས། ཡུམ་གྱི་གནས་གསུམ་ནི། སྟོད་ན་རྒྱ་ཆེ་བ་གངས་དཀར་གྱི་རྒྱལ་པོ་ཏི་སེ། སེང་གདོང་དཀར་མོ་སྐུ་ཡི་གནས། བར་དུ་ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ཕྱི་ཆུ་བར། སྟག་གདོང་དམར་མོ་གསུང་གི་གནས། སྨད་ན་ས་གསུམ་འགྲན་


CMR033_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་དང་བྲལ་བ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། ཕག་གདོང་ནག་མོ་ཐུགས་ཀྱི་གནས། ཡབ་ཀྱི་གནས་གསུམ་ནི། ཤར་ཕྱོགས་ཀ་མ་རུ་པ་ཀཾ་པོ་གངས་ཀྱི་ར་བ་འཁོར་ལོ་སྡོམ་པ་སྐུ་ཡི་གནས་ས་སྤྱོད་སྐུའི་འཁོར་ལོ། མཚུར་མདོ་བོ་ལུང་ནི་བདེ་མཆོག་ཐུགས་ཀྱི་གནས་ཏེ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ། ༧ བདེ་མཆོག་གི་གནས་འོག་མིན་ཀརྨ་ས་སྤྱོད་གསུང་གི་འཁོར་ལོ་ཡིན་ཏེ་རྒྱབ་རི་བྲག་བདེ་མཆོག་ཡབ་ཡུམ་གྱི་ཚུལ་དུ་ཡོད་དོ། །དོན་དེ་ལ་དགོངས་ནས་མི་བསྐྱོད་ཞབས་ཀྱི་བཀའ་འབུམ་ནས། རང་བདེ་མཆོག་ཡབ་ཡུམ་བསྒོམས་པའི་རྩ་དབུ་རྐྱང་རོ་གསུམ་གྱི་ནང་དུ་མཚུར་ཕུ་དང་ཀཾ་པོ་གནས་ནང་ཀརྨ་རི་གླིང་གསུམ་བསྒོམ། དེ་གསུམ་གྱི་དབུས་སུ་དུས་མཁྱེན་དང་གྲུབ་ཆེན་པཀྴི་དང་སངས་རྒྱས་མཉན་པ་གསུམ་བསྒོམ་ཞིང་། བདེ་མཆོག་དང་མཉན་པ་ཡབ་སྲས་དབྱེར་མེད་དུ་སྒྲུབ་པའི་ཟབ་ཆོས་རྒྱ་ཆེར་བཞུགས་སོ། །གནས་དེ་གསུམ་གྱི་བྱ་དང་རི་དྭགས་ཡན་ཆད་དཔའ་བོ་ཌཱ་ཀིའི་རང་བཞིན་དུ་རྣམ་པར་དག་ཚུལ་ཡང་གསུངས་སོ། །ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་རྫོགས་ནས་ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་གི་གོང་དུ། རུ་ཏྲ་ཐར་པ་ནག་པོ་ཞེས་བྱ་བ། ལུས་


CMR033_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་མགོ་གསུམ། ལག་པ་དྲུག་དང་གཤོག་པ་ཅན། བ་སྤུ་མཚོན་ཆར་སྐྱེས་པ་ལ་མེ་འབར་བ་ཞིག་ལས་ཀྱི་དབང་གིས་བྱུང་སྟེ། དེས་ཡུལ་ཉི་ཤུ་རྩ་བཞིའི་ཞིང་སྐྱོང་དང་ཕྱོགས་སྐྱོང་དང་། འཇིག་རྟེན་སྐྱོང་བ་དང་། འཇིག་རྟེན་དཔའ་བོ་ཌཱ་ཀི་དྲེགས་པ་ཅན་ལྷ་སྲིན་བགེགས་རིགས་ཐམས་ཅད་བྲན་དུ་བཀོལ་ནས་གནས་ཆེན་དང་གནས་ཕྲན་ཐམས་ཅད་བདག་ཏུ་བཟུང་༔ ལྷ་མ་ཡིན་དང་སྲིན་པོའི་རྒྱལ་པོ་ཡང་བསད་ཅིང་ཟོས། རྫུ་འཕྲུལ་གྱི་སྟོབས་ཀྱིས་རི་རབ་ཀྱང་མཛུབ་མོའི་རྩེ་ལ་ལན་གསུམ་བསྐོར། སེམས་ཅན་རྣམས་བསད་ཅིང་ཟོས་ནས་འཇིག་རྟེན་སྟོང་ལ་ཁད་དུ་གྱུར་ཏེ། དེའི་ཚེ་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས་བདུད་དེ་འདུལ་བའི་གཉེན་པོར་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པར་བྱིན་གྱིས་བརླབས་ནས་བཏང་ངོ། །དེར་བདུད་དེ་ཐབས་ཀྱིས་འདུལ་བར་དགོངས་ནས་རྟེའུ་སྔོན་པོ་གཅིག་ཏུ་སྤྲུལ་ནས་བྱོན་པ་ལ། བདུད་ཀྱིས་རྟེའུ་གྱུར་མིད་དུ་བྱས་པ་དང་། ཁོག་ཏུ་བསླེབས་ནས་ཁོའི་རྣམ་པར་ཤེས་པ་འོག་མིན་དུ་གནས་སྤར། བདུད་ཀྱི་ལུས་དེ་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་བརླབས། སྤྱི་བོ་ནས་རྟ་དབུ་བསྟན་ནས་ཁམས་གསུམ་དབང་དུ་སྡུས། རུ་ཏྲའི་འཁོར་ཐམས་


CMR033_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དམ་ལ་བཏགས། དེའི་ཚེ་གནས་ཆེན་གནས་ཕྲན་ཐམས་ཅད་ཀྱི་ཞིང་སྐྱོང་ཐམས་ཅད་དབང་དུ་སྡུས། རྟ་མགྲིན་ལ་སྤྲུལ་ནས་རྟ་མགྲིན་གྱི་གནས་སུ་བྱིན་གྱིས་རླབས་སོ། །དེའི་ཚེ་གནས་འདི་ཡང་རྟ་མགྲིན་པདྨ་དབང་ཆེན་གྱི་གནས་སུ་བྱིན་གྱིས་རླབས་པའི་ཕྱིར་རྒྱབ་རིའི་བྲག་ལ་ཟླ་གམ་དབང་གི་དཀྱིལ་འཁོར་འབུར་དུ་དོད་པ་གསལ་བར་ཡོད་དོ། །དེ་ནས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་ཉེ་བ་ན། བདེ་བ་ཅན་གྱི་ཞིང་ཁམས་ནས་སངས་རྒྱས་འོད་དཔག་ཏུ་མེད་པས་གསེར་གྱི་པདྨའི་སྡོང་པོ་ཞིག །འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་བསྐུར་ནས། ཁྱེད་སོང་ལ་སངས་རྒྱས་མྱ་ངན་ལས་མི་འདའ་བའི་གསོལ་བ་ཐོབ་གསུངས། དེ་ནས་སྤྱན་རས་གཟིགས་བྱོན་ནས་གསོལ་བ་བཏབ་པས། ཐུབ་པས་ངའི་གདུལ་བྱ་རྫོགས་པས་མྱ་ངན་ལས་འདའོ་གསུངས་སོ། །ད་དུང་བོད་ཁ་བ་ཅན་ཞབས་ཀྱིས་མ་བཅགས། སྐུའི་འོད་ཟེར་གྱིས་མ་ཁྱབ་པས་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞུས་པས། བྱང་ཕྱོགས་ཁ་བ་ཅན་ནི་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འདུལ་ཞིང་ཡིན་པས་ཐུལ་ཅིག་གསུངས་ནས། ཐུབ་པའི་ཞལ་ནས་འོད་ཟེར་ཁ་


CMR033_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྣ་ཚོགས་འཇའ་ཚོན་ལྟ་བུར་འཕྲོས་ཏེ་བོད་ཁ་བ་ཅན་དུ་སོང་བས། །འོད་དེ་གར་ཕོག་ས་ན་རང་བྱོན་རྣམས་བྱུང་ཚུལ་རྒྱས་པར་མ་ཎི་བཀའ་འབུམ་རྒྱས་པ་ནས་གསུངས་ཏེ། གནས་འདིར་ཡང་འོད་ཟེར་ཕོག་པའི་རྟགས། གཡོན་རིའི་ཀརྨ་སྤྱིས་ཤེའི་ལོགས་ལ། ཐུབ་པ་གནས་བཅུ་དང་བཅས་པ་སེར་ཕྲེང་གི་ཚུལ་དུ་བྱོན་ཏེ། དེ་ཐུབ་པ་དང་གནས་བཅུ་རང་བྱོན་ཡིན་པ་མི་འགྱུར་རྡོ་རྗེས་གསུངས་སོ། །དེ་ནས་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་ལ་སངས་རྒྱས་འོད་དཔག་ཏུ་མེད་པས་བཀའ་སྩལ་པ། བོད་ཁ་བ་ཅན་གྱི་འོག་ན་གྲང་བའི་དམྱལ་བ་ཟ་མ་ཏོག་ཁ་བཅད་པ་ལྟ་བུ་དེ་དྲོངས་ལ་དེ་ནས་མི་ཡི་འགྲོ་བ་སྤེལ། དེ་ནས་ཆོས་ཀྱིས་ཐུལ་ལ། སེམས་ཅན་དེ་དག་མཐར་ང་ཡི་དྲུང་དུ་ཁྲིད་ལ་ཤོག་ཅིག་གསུངས་སོ། །དེ་ནས་ང་ལ་འབྲེལ་པ་ཆེར་གྱིས་ཐུལ་བཞག་པ་རྣམས་ཁྲིད་ནི་འོང་ངོ་ཞུས་ནས། རི་པོ་ཊ་ལའི་རྩེ་ནས་ཞལ་བོད་དུ་གཟིགས་ནས་འོད་ཟེར་བཀྱེས་ཏེ། བོད་ཀྱི་འོག་ཏུ་གྲང་བའི་དམྱལ་བ་ཟ་མ་ཏོག་ཁ་བཅད་པ་ལྟ་བུ་དེ་ཚལ་པ་བཞིར་བཀས་ནས་དྲངས་སོ། །དེར་གངས་ཞུ་ནས་ས་གཞི་བྱུང་ངོ། །དེ་ནས་སྐུ་ལས་འོད་ཟེར་ཆེན་པོ་སྤྲོས་ཏེ་བོད་ཁ་བ་ཅན་ཁྱབ་པར་མཛད་དེ་ས་གཞི་བྱིན་


CMR033_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་སོ། །དེའི་འོད་གང་དུ་ཐིམ་པའི་སར་རང་བྱོན་དང་གནས་རྣམས་བྱུང་སྟེ། དེ་ཡང་མ་ཎི་བཀའ་འབུམ་དང་། རྒྱལ་པོའི་བཀའ་ཆེམས་འགའ་ཞིག་ནས་རྒྱས་པར་གསུངས་ཏེ། གནས་འདིར་ཡང་སྤངས་ལ་གསེར་ཉ་རང་བྱོན་ཡོད་ཅིང་ཁྱད་པར་བོད་ཀྱི་ས་ཆ་ལ་ལེགས་སྦྱར་སཾ་སྐྲྀ་ཏ་ཡི་སྐད་དུ་ཀརྨ་ཞེས། ས་ཕྱོགས་འདི་ལ་ཀརྨ་མིང་དུ་ཆགས་པ་ནི། དེ་ཡང་སྒྲ་འགྱུར་ལ་ལས། དོན་འགྱུར་ལ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་གནས་སུ་བྱིན་གྱིས་བརླབས་པའི་ཕྱིར། སྲིད་པ་ཆགས་ནས་ས་ཕྱོགས་འདི་ལ་ཀརྨ་ཞེས་མིང་ཐོགས་ཤིང་གནས་འདི་ལ་ཡུན་རིང་དུ་བཞུགས་པའི་གནད་ཀྱིས། གྲུབ་ཆེན་ཆོས་ཀྱི་བླ་མ་ལ་ཀརྨ་པ་ཞེས་ཡོངས་སུ་གྲགས་པའི་མཚན་དུ་འཇིགས་པའི་ཕྱིར། ཀརྨ་པའི་གདན་ས་གནས་ཐམས་ཅད་ཀྱི་གཙོ་བོ་འདི་ཉིད་ཡིན་ནོ། །གནས་ཀྱི་བྱུང་ཚུལ་ལོ།། ༈ །།དེ་ཡང་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་ལྷ་སྲིན་བྱེ་བའི་ཡུལ་དུ་སོང་བས་ཆོས་དར་མ་བཙུག་པས། མངལ་སྐྱེས་ཤ་ཁྲག་གི་ལུས་ཀྱིས་ལྷ་འདྲེ་མི་ཐུལ་བས་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེ་ཉིད། བརྫུས་


CMR033_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བར་སྤྲུལ་ནས་བྱོན་ཏེ། བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། དཔལ་གྱི་བསམ་ཡས་ལ་སོགས་གཙུག་ལག་ཁང་ཆེ་བ་བརྒྱ་དང་རྩ་བརྒྱད། ཕྲན་བུ་སྟོང་དང་རྩ་གཉིས་བཞེངས། མདོ་རྒྱུད་མན་ངག་ཐམས་ཅད་བོད་དུ་བསྒྱུར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་བྱུང་ངོ། །དེར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པའི་ངོར། བསྟན་པའི་དར་རྒུད། སེམས་ཅན་གྱི་བདེ་སྡུག་འབྱུང་ཚུལ་ལུང་བསྟན་ཅིང་། རྒྱལ་པོའི་བཞེངས་པའི་གཙུག་ལག་ཁང་རྣམས་རིམ་པར་འཇིག་ཚུལ་གསུངས་པས་རྒྱལ་པོའི་ཐུགས་ཧ་ལས། སྤྱན་ཆབ་ཐབས་སུ་བཏོན། དབུ་ས་ལ་བརྡབས་ནས་ང་ཡིས་བཞེངས་པའི་གཙུག་ལག་ཁང་རྣམས་མི་རྟག་ཅིང་འཇིག་ན། །མ་འོངས་པའི་དུས་སེམས་ཅན་རྣམས་ཀྱི་བསོད་ནམས་བསགས་པ་དང་། སྡིག་སྒྲིབ་སྦྱངས་བའི་རྟེན་འཇིག་རྒྱུ་མེད་པའི་རྟེན་ཁྱད་པར་ཅན། སློབ་དཔོན་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་བྱིན་རླབས་དགོས་ཞེས། མཎྜལ་མཆོད་པ་རྒྱ་ཆེར་ཕུལ་ནས་ཞུས་པས། ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་རྗེ་འབངས་རྣམས་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ནས། ཡུལ་ལྔ། ལྗོངས་


CMR033_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གླིང་གཅིག །སྒྲུབ་གནས་བརྒྱད། ཀཾ་པོ་གངས་ར་ལ་སོགས་གངས་ཉི་ཤུ་རྩ་གཅིག །ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ། འོག་མིན་ཀརྨ་ལ་སོགས་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་བྱིན་གྱིས་བརླབ་པར་མཛད་དོ། །དེ་དག་རྒྱས་པར་རྩྭ་རིའི་གནས་ཡིག་རྒྱས་པ་དང་།་ཨོ་རྒྱན་རིན་པོ་ཆེའི་རྣམ་ཐར་རྒྱས་པ་དང་། འབྲས་མོ་ལྗོངས་ཀྱི་གནས་ཡིག་རིག་འཛིན་རྒོད་ལྡེམ་གྱི་གཏེར་མ་དང་། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་སོགས་ལས་རྒྱ་ཆེར་གསུངས་ཤིང་།་ཁྱད་པར་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆོས་ཚན་གུ་རུའི་རྣམ་ཐར་གསེར་གྱི་ཕྲེང་བ་དང་། དཀོན་མཆོག་སྤྱི་འདུས་ཀྱི་ཆོས་ཚན་བླ་མའི་རྣམ་ཐར་གཉིས་ཚིག་མཐུན་པར། དེ་ནས་བསམ་ཡས་མཆིམས་ཟླཕུ་ནས་བཟུང་བོད་ཡུལ་གྱི་ས་མ་ལུས་པར། གངས་ཏི་སེ་མན་ཆད་ནས། ཁམས་ཙོང་ཁ། རྒྱ་ནག །གན་འཇོང་། ཞང་ཞུང་དང་། མེ་ཉག །ཧོར། ལི་ཡུལ། གྲུ་གུ། ཀོང་པོ། རྒྱ་ལ། མཆིལ། ཉོང་ཁ། ལོང་བྲག །མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་པ་ཐམས་ཅད་དུ་སྒྲུབ་གནས་སུ་བྱིན་གྱིས་རླབས་ཤིང་འགྲོ་བ་དཔག་


CMR033_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པ་སྨིན་གྲོལ་དུ་བཀོད་དོ། །དེ་ཡང་མཆོག་གི་སྒྲུབ་གནས་ལྔ། ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔ་གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་རྣམས་སུ། མ་འོངས་པའི་དུས་སུ་མཐོང་ཐོས་དྲན་རེག་ཀུན་གྲུབ་པ་ཐོབ་ཅིང་དངོས་གྲུབ་བརྙེས་སོ། །ཞེས་འབྱུང་བའི་ནང་ནས། གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་ནང་ནས་ཡ་གྱལ་གཅིག་འོག་མིན་ཀརྨ་འདི་ཡིན་པར་འདུག་ཅེས་མི་འགྱུར་རྡོ་རྗེས་ཀྱང་གསུངས་སོ། །དེ་ནི་གནས་བྱིན་གྱིས་བརླབས་པའི་ཚུལ་ལགས་སོ།། ༈ །།དེ་ཡང་ཨོ་རྒྱན་རིན་པོ་ཆེས་ཡེ་ཤེས་དང་ལས་ཀྱི་མཁའ་འགྲོ་དང་། ཇོ་བོ་སྔགས་ཀྱི་བདག་པོ་དང་། ཡུལ་ལྷ་གཞི་བདག་དང་བཅས་པ་ལ་བཀའ་བསྒོས་ནས་སྲུང་མར་བསྐོས་ཏེ། དུས་ལ་བབ་དུས་ལས་ཅན་སྐྱེས་བུ། །གནས་འདི་ལ་དབང་བའི་གང་ཟག་ལ་གཏོད། དུས་ལ་མ་བབས་སྐལ་མེད་ཀྱིས་ཕྱེས་ན་དབང་པོ་བསྣུབས་ཞེས། དམ་ལ་བཞག་པའི་ཕྱིར། གནས་འདི་ཡང་རང་བཞིན་གྱིས་གབ་ཅིང་སྦས་པའི་ཚུལ་དུ་གནས་པའི་ཕྱིར། གནས་འདི་ལ་གནས་ཆེན་ཡིན་པར་སུས་མ་ཤེས་ཤིང་། གལ་ཏེ་ཤེས་ཀྱང་སུ་ཡིན་གྱིས་མི་ནོན་ཅིང་སྡོད་དུ་མི་དབང་བ་ཡིན་ནོ། །དོན་གསུམ་པ་


CMR033_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་སྒོ་ཕྱེ་བའི་ཚུལ་ནི། །ཏིང་འཛིན་རྒྱལ་པོའི་མདོ་ལས། །བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལུང་བསྟན་པའི་སྐབས་སུ། འདི་ནི་ཕྱི་དུས་འཇིགས་པ་ཆེན་པོ་ལ། །འདི་ལ་མ་ཕམ་ཁྱོད་ཀྱི་ང་ཡིས་དབང་། །རྟག་ཏུ་ཚངས་སྤྱོད་གཙང་ལ་རབ་གནས་ནས། །ཏིང་འཛིན་འདི་ནི་ཤིན་ཏུ་རྒྱས་བྱེད་འགྱུར། །འདི་ལ་མ་ཕམ་ཁྱེད་ཉིད་ང་ཡིས་སྤྱོད། །ཏིང་འཛིན་དམ་པ་འདི་ནི་རབ་འཚོལ་ཞིང་། །ལམ་འདིར་ཞུགས་པས་བྱང་ཆུབ་དེ་ཐོབ་འགྱུར། །ཞེས་སོགས་ནས། །ཡེ་ཤེས་བླ་མེད་དེ་ནི་རབ་བསྒྲུབས་ནས། །ཕྱི་མའི་དུས་ན་དེ་ཉིད་འཇིག་རྟེན་མཆོག །རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར། །ཞེས་དང་། མདོ་སྡེ་གཞན་དག་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་ལྗོངས། །ཆུ་བོ་མ་ཧཱ་ལོ་ཧེ་ཏ་ཡི་འགྲམ། །རི་བྲག་ཚང་ཚིང་ཅན་ན། །དགེ་སློང་འཚོ་བྱེད་ཅེས་གྲགས་པ། །དག་པའི་འཁོར་དང་མ་དག་པའི་འཁོར་འདྲེས་མ་ཞིག །བུ་ལྔ་བརྒྱ་ལས་མི་ཉུང་བ་ལ་ལྷན་དུ༔ དེ་བཞིན་གཤེགས་པའི་ཡེ་ཤེས་ལ་སྤྱོད་པ། ཞེས་དང་། ཨོ་རྒྱན་རིན་པོ་ཆེས། མེ་ཏོག་ཟླ་མཛེས་བྱང་སེམས་སྤྲུལ་པ་གཅིག །གདུལ་བྱའི་མངའ་བདག་དྭགས་པོ་ལྷ་རྗེ་


CMR033_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །ཞེས་བཀའ་གཏེར་གཉིས་ཀ་ནས་རྒྱ་ཆེར་ལུང་བསྟན་པའི། མཉམ་མེད་དྭགས་པོ་ལྷ་རྗེ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ། གནས་འདི་ཡི་ཁ་བྱང་ལུང་བསྟན་པ་རྒྱ་ཆེར་ནི། ཁྱེད་ཁམས་ཕྱོགས་གདུལ་བྱའི་དོན་དུ། སྔོན་གྱི་ཌཱ་ཀི་རྣམས་ཀྱི་མཚན་དོན་དང་མཐུན་པ། གླེ་ཐུའམ་ཀརྨ་ཞེས་གྲགས་པ། སངས་རྒྱས་བྱང་སེམས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བྲག་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུའི་རྩ་བར་དཔའ་བོ་དང་མཁའ་འགྲོ་ངང་གིས་འདུ་བ། ཕྱོགས་དེར་སྐལ་ལྡན་སློབ་མ་པདྨའི་མཚོ་ལ་རྐང་དྲུག་འདུ་བ་བཞིན་ཡོད་ཀྱི། དེར་གདན་ས་གྱིས་དང་བསྟན་པ་དང་འགྲོ་བའི་དོན་ཡིད་ལ་སྨོན་དགུ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། ༧ །དེ་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། ང་འདས་ལོ་ནི་ཉིས་སྟོང་ལ། །གདོང་དམར་ཡུལ་དུ་བསྟན་པ་འབྱུང་། །སྤྱན་རས་གཟིགས་ཀྱི་གདུལ་བྱར་འགྱུར། །དེ་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ།ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །ཅེས་དང་། ལང་ཀར་གཤེགས་པ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་སྤྱོད་པ་མ་ངེས་


CMR033_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པས་འགྲོ་བ་འདུལ་བ། གནས་མ་ངེས་པ་ཀུན་ཏུ་རྒྱུ་བ། ཞེས་དང་། ༧ སྲོང་བཙན་སྒམ་པོའི་ལུང་བསྟན་ལས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཞིག །རྣལ་འབྱོར་ཞྭ་ནག་འཛིན་པ་གཅིག །ཐོག་བབས་ཚུལ་གྱིས་བྱོན་ནས་ཀྱང་། །བོད་ཡུལ་ཁ་བ་ཅན་དུ་འབྱུང་། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་འགྲོ་མགོན་ཞང་གིས། །འཕྲང་སོ་བྲག་ནས་བཏོན་པའི་ཤོག་སེར་ལས། །དུས་གསུམ་མཁྱེན་པའི་བླ་མ་འདི། །མཚན་ནི་དྷརྨ་ཀཱིརྟི་ཡིན། །བྱམས་པའི་བསྟན་པའི་རྗེས་ཐོག་ཏུ། །སངས་རྒྱས་སེང་གེ་ཞེས་བྱ་བ། །བསྟན་པ་རབ་ཏུ་རྒྱས་པར་འགྱུར། །དྷརྨ་ཀཱིརྟི་ཉིད་ཡིན་ནོ། །དེ་ནས་ཚེ་འཕོས་ཕྱི་མ་ལ། །ཀཱིརྟི་ཀ་ཡི་གྲོང་ཁྱེར་དུ། །ཁྲི་ཕྲག་དྲུག་དང་སྟོང་ཚོ་དྲུག །ཐེ་ཚོམ་མེད་པར་ཤེས་པར་གྱིས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ཆོས་རྒྱལ་རིན་ཆེན་གླིང་པས། མོན་སྟག་སྒོ་དོམ་ཚང་ནས་གཏེར་བཏོན་པ་ལས། ཨེ་མ་ཧོ༔ སྣང་མཐའ་རང་བྱུང་ཀུན་བཟང་ཀློང་༔ ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས༔ པདྨ་འབྱུང་གནས་རྒྱས་པར་འགྱུར༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་གསུམ་པོའི་དཀྱིལ་


CMR033_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས༔ སྤྲུལ་པ་གྲངས་མེད་མཐའ་ཡེས་སྤོ༔ མཁའ་མཉམ་འགྲོ་བའི་དོན་དུ་བྱོན༔ བྱེ་བྲག་མི་མཇེད་འཇིག་རྟེན་འདིར༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཁྱད་པར་འཇིག་རྟེན་འཛམ་གླིང་འདིར༔ རྒྱ་གར་བལ་ཡུལ་ཨོ་རྒྱན་དུ༔ འགྲོ་དོན་ཉི་ཟླ་ལྟ་བུ་འབྱུང་༔ སྒོས་སུ་བོད་འདིར་ཆོས་གཏེར་གྱིས༔ སངས་རྒྱས་བསྟན་པ་གསལ་བར་བྱེད༔ ང་ཡི་སྤྲུལ་པ་དུ་མ་འབྱུང་༔ འགྲོ་དོན་མ་ངེས་གར་ཡང་སྤྱོད༔ ང་ཡི་གནས་མཆོག་སྦྱངས་ནས་ནི༔ ཐུགས་རྗེ་ལས་བྱུང་རྟ་མགྲིན་དབང་༔ དབྱིངས་ནས་བསྐྱེད་པའི་ཕག་མོ་གཉིས་གཉིས་མེད་ཡེ་ཤེས་མཆོག་གི་སྲས༔ སྐྱེ་བ་མངལ་ནས་སྐྱེ་བ་ཡི༔ ཆོ་འཕྲུལ་ཅིར་ཡང་སྤྲུལ་ནས་སུ༔་མི་མཇེད་ཁམས་སུ་སྤྲུལ་པ་བསྟན་འགྲོ་དོན་ཨོ་རྒྱན་ཡུལ་དུ་མཛད། དགོངས་པ་ལྷ་ཡི་ཡུལ་དུ་རྫོགས༔ དངོས་ཉིད་འཛམ་གླིང་གདུལ་བྱ་སྐྱོངས༔ སྐྱེ་བ་བཅུ་གཅིག་རྒྱ་བོད་དུ༔ མཁས་གྲུབ་རྟོགས་ལྡན་ཚུལ་བཟུང་ནས༔ བསྟན་པ་ཀུན་ཏུ་དར་བ་ཡིས༔ ཟབ་རྒྱས་ཆོས་ཀྱི་ས་བོན་ཐེབ༔ ཨོ་རྒྱན་ང་ཡི་ཟབ་ཆོས་ལ༔ རྩལ་དང་ཡོན་ཏན་རྫོགས་པར་བརྟན༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མ་རུངས་གདུལ་བྱར་འདུལ་བ་ཡི༔


CMR033_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས༔ རྒྱ་བོད་ཧོར་གསུམ་འདུལ་བ་ཡིས༔ དུས་གསུམ་མཁྱེན་པ་མཚུར་ཕུ་ཞེས༔ གྲགས་པ་ཀརྨའི་མིང་ཅན་འབྱུང་༔ ཞེས་དང་༔ མ་གཅིག་ལབ་སྒྲོན་གྱི་གཅོད་ཀྱི་རྣམ་བཤད་ལས། དགེ་སློང་གྲགས་པའི་མཚན་ཅན་ཞེས། དྭགས་པོ་འཛམ་གླིང་གྲགས་པ་དང་། རྒྱལ་བ་འབྲོམ་གྱི་སྐྱེ་བ་དུས་གསུམ་མཁྱེན་པ་ཡིན་པར་གསུངས་པ་ནི། དགེ་སློང་གྲགས་པའི་མཚན་ཐོག་པར་འབྱུང་བ་དང་། གཞན་ཡང་དེ་བས་སྔོན་ཅུང་ཞིག་བྱུང་དུས། རྒྱལ་བའི་རྒྱལ་ཚབ་དམ་པ་དེ་བོད་དུ་འབྱུང་སྟེ་རྒྱལ་བའི་མཚན་ཐོག་པ་དང་། འདི་གཉིས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པས། འདི་གཉིས་དང་ཁ་ཐུག་པའི་སེམས་ཅན་དེ་དག་ནི། སྙིགས་དུས་བོད་དུ་སྐྱེས་ཀྱང་བསོད་ནམས་ཆེ་རབ་ཏུ་གདའ་ཡི། འདི་གཉིས་ཀྱི་ཡོན་ཏན་བརྗོད་ན། ཕ་མཐའ་ཡས་པ་ནི་རྙེད་དཀའ་དེ་འདུག་གོ །དེ་ཡང་དགེ་སློང་གྲགས་པའི་མཚན་ཅན་ནི། བོད་དུ་སྐྱེ་བ་དེ་ལས་མི་བཞེས་ལ། རྒྱལ་བའི་མཚན་ཅན་ནི་སྐྱེ་བ་ཐོག་མ་ཡིན་ལ། དེ་ཡི་སྐྱེ་བ་ཕྱིར་འབྱུང་བ་ནི། མཁྱེན་པ་གསུམ་དང་ལྡན་པའི་མཚན་ཐོགས་པ་འབྱུང་བ།


CMR033_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐྱེ་བ་མཚན་གཅིག་པར་བརྒྱུད་དེ་སྐྱེ་བ་འགའ་ཟུང་བར་ལ། བོད་དུ་བསོད་ནམས་བསགས་པའི་ཞིང་གི་མཚན་དུ་འབྱུང་བ་ཡིན་མོད། བྱང་ཆུབ་སེམས་དཔའ་འདི་ནས་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་འཇིག་མཐར་བསྡུས་པའི་བར། འདི་གཉིས་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་མི་འབྱུང་ལ། སེམས་ཅན་ཡ་ཟུང་ལ་ཕན་ཐོགས་པའི་སྐྱེས་བུ་དམ་པ་ནི་འགའ་རེ་འབྱུང་སྟེ། ཚིག་གི་འཇིགས་པས་ལན་གཅིག་ཕ་མཐར་བཞག་གོ །ཞེས་གསུངས་སོ། །དེ་ལྟར་སྟོན་པའི་བཀའ་དང་། ཨོ་རྒྱན་རིན་པོ་ཆེའི་གཏེར་ལུང་དང་། ཡེ་ཤེས་མཁའ་འགྲོའི་གསུངས་རྣམས་མཚུངས་པར། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ། དུས་གསུམ་མཁྱེན་པ་དེ་ཉིད་ནི་ངོ་བོ་ཐུགས་རྗེ་ཆེན་པོ་ལ། རྣམ་པ་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེ་སྒྲའི་དེ་ཉིད་དུ་ཐེ་ཚོམ་མེད་པ་དེས། གནས་ཆེན་པོ་འོག་མིན་ཀརྨ་འདི་གནས་སྒོ་ཕྱེ་བར་བཞེད་དེ། དགུང་ལོ་བདུན་ཅུ་དོན་གསུམ་ལ་ཀཾ་པོ་ནས་འདིར་ཕེབས་ཏེ། སློབ་དཔོན་རྣམས་གླེ་ཐུ་ནས་ཡར་ཕེབས་ཏེ། འགག་རོང་འདིར་ཕེབས་པ་ན། སྔོན་གྲུབ་ཆེན་ཏེ་ལོ་པས་ཨོ་རྒྱན་གྷནྡྷོ་ལའི་གནས་སུ་ཕེབས་པ་ན། སྒོ་སྲུང་ལས་དང་འཇིག་རྟེན་


CMR033_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤ་ཟ་ཌ་ཀི་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཞིང་ལམ་བཀག་པ་ལྟར། འདིའི་སྒོ་སྲུང་མཁའ་འགྲོ་མ་རྣམས་ཀྱིས་སྟག་དང་གཟིག་ཏུ་སྤྲུལ་ནས་ལམ་བཀག་པ་ན། རྗེ་དྭགས་པོ་རིན་པོ་ཆེས་ལུང་བསྟན་པའི་གནས་ཆེན་དེ་འདིར་ཡོད་པར་འདུག་དགོངས་ནས། གཡས་ལུང་མེ་རག་གི་ལ་ཁ་ནས་གཟིགས་པས། འབུམ་ཐང་སྤང་ལྗོངས་ཡིད་དུ་འོང་བར་མཁའ་འགྲོ་རྣམས་ཀྱིས་བྲོ་གར་བྱེད་པར་གཟིགས། ངར་གདོང་གི་མདོ་འདིར་ཕེབས་ནས་གཟིགས་པས། ལུང་པ་ཐམས་ཅད་སངས་རྒྱས་བྱང་སེམས་དཔའ་བོ་ཌཱ་ཀི་རྣམས་ཀྱིས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་གང་བར་གཟིགས། ཤུག་སྡོང་ལ་སྐུ་རྒྱབ་བརྟེན་ཏེ་བཞུགས་པས་བྱིན་རླབས་ཀྱི་ཚན་ཁ་བླ་ལྷག་ཏུ་འཕེལ་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་འགྲུབ་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་པ་ལྟ་བུའོ། །ཡེ་གདོད་མ་ནས་གནས་འདི་ཡི་བདག་པོ་རྗེ་ཉིད་ཡིན་མོད་ཀྱང་། འདུལ་བ་ནས་ས་ཡི་བདག་པོས་མ་བྱིན་ན་སྤངས་བའི་ཁང་པ་དང་གཙུག་ལག་ཁང་སོགས་བྱས་ན་ལྟུང་བར་བཤད་པས། རྒྱུད་སྡེ་རྣམས་ནས་ཀྱང་དཀྱིལ་འཁོར་དང་སྒྲུབ་པའི་ས་གཞི་མི་དང་ས་དེའི་གནས་བདག་ལ་སླང་དགོས་པར་བཤད་པ་དང་མི་


CMR033_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བར་བྱས་པའི་ཕྱིར། རུ་བ་འགའ་རེ་ཡོད་པ་ལ་འདིར་སྤྱིལ་པོ་བྱ་ཆོག་གམ་གསུངས་པས། ཆོག་པར་ཞུས། ཀླུ་ཡི་རྒྱལ་པོ་ཇོ་བོ་སྔགས་ཀྱི་བདག་པོ་ཁྱེའུ་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ནས་ཕྱག་འཚལ་ཞིང་། ཞབས་ཀྱི་ཆུ་མིག་འདི་བདག་གི་ཕོ་བྲང་ལགས་ཏེ། འདིར་གདན་སའི་གཙུག་ལག་ཁང་མཛད་པར་ཞུ། བསྟན་པ་བདག་གིས་བསྲུང་ངོ་ཞེས་ཁས་བླངས། །ཆུ་མིག་གི་མགོ་དེར་ཐུགས་དམ་གཏོར་མ་མཛད་ནས། གདན་ས་མཛད་པར་དགོངས་པ་གཏད་པས། མཉམ་མེད་དྭགས་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་དང་། དཔའ་བོ་ཌཱ་ཀི་མང་པོའང་གར་བསྒྱུར་བ་གཟིགས། བུ་སློབ་ནམ་མཁའི་སྐར་ཚོགས་ཙམ་འདུས་ཏེ་ཕྲིན་ལས་ཀྱི་སྒོ་བྱེ། བླ་མ་དང་ཡི་དམ་གྱིས་ལུང་བསྟན་པ་ལྟར། དཀར་འཛང་དུ་ཟླ་བ་དྲུག་ཕག་མོ་བསྒྲུབས་པས་ནུབ་ཕྱོགས་ནས་འོད་དམར་པོའི་སྣ་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པ་ཞལ་གཟིགས་པས་གདན་ས་ཕག་མོའི་སྒྲུབ་གནས་མཆོག་ཏུ་གྱུར་ཏེ། དགུང་ལོ་བདུན་ཅུ་དོན་དྲུག་རབ་བྱུང་གསུམ་པའི་ཤིང་མོ་སྦྲུལ་གྱི་ལོ་ལ། ཆུ་མིག་གི་སྟེང་ལ། ད་ལྟ་བླ་མ་ལྷ་ཁང་འདི་དང་། ཕྱི་ཁྱམས་དགེ་འདུན་གྱི་འདུ་ཁང་གི་རྣམ་པ་ཙམ་མཛད་དེ། གཞི་


CMR033_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བཀའ་བསྒོས་པ་དང་། གནས་སྒོ་ཕྱེ་ཞིང་གདན་ས་ཆགས་བཏབ་པའི་ལེའུ་སྟེ་གསུམ་མོ།། ༈ །།བཞི་པ་གནས་བཤད་དཀར་ཆག་ལའང་གཉིས་ཏེ། ཕྱིའི་གནས་བཤད་དང་ནང་གི་རྟེན་བཤད་དོ། །དང་པོ་གནས་བཤད་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་གནས། སྐུ་ཡི་གནས་ཀཾ་པོ་གངས་ཀྱི་ར་བ། གསུང་གི་གནས་ཀརྨ་རི་གླིང་། ཐུགས་ཀྱི་གནས་སྟོད་ལུང་མཚུར་ཕུ། ཡོན་ཏན་གྱི་གནས་འདབ་སྤང་ཕུག །ཕྲིན་ལས་ཀྱི་གནས་ཤར་ཕྱོགས་སྤུངས་རི། ཞེས་ཡོངས་སུ་གྲགས་ཤིང་། །གཞན་ཡང་ཀརྨ་པའི་གནས་དང་གདན་ས། དགོན་གནས་སྒྲུབ་སྡེ་རྣམས་གསར་རྙིང་དཔག་ཏུ་མེད་པ་ཡོད་ཅིང་། དེ་རྣམས་ཀྱི་ནང་ནས་གནས་དང་གདན་སའི་གཙོ་བོ་ནི། འོག་མིན་ཀརྨ་འདི་ཉིད་ཡིན་ཏེ། གནས་འདིར་བཞུགས་པ་ལ་བརྟེན་ནས་གནས་ཀྱི་མིང་གང་ཟག་ལ་ཐོགས་ནས་བླ་མ་ཀརྨ་པ་ཞེས་ཡོངས་སུ་གྲགས་པའི་ཕྱིར་ཏེ། དཔེར་ན་ས་སྐྱ་པ་ལ་གདན་ས་དཔག་ཏུ་མེད་ཀྱང་། གཙང་ས་སྐྱ་ལ་བརྟེན་ནས་ས་སྐྱ་ཞེས་མིང་ཐོགས་པས་གཙང་ས་སྐྱ་གདན་སའི་གཙོ་བོ་ཡིན་པ་ལྟ་བུའོ། །དེ་ལ་མདའི་ལུང་པ་འདི་གསུམ་དབུ་རྐྱང་རོ་གསུམ་གྱི་


CMR033_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བྱེད་ཡིན་ནོ། མདའ་ཡི་འགགས་འདི་ནང་ཕྱིའི་སྒོ་སྲུང་གི་ཚུལ་དུ་དམ་ཅན་སྐྱེས་བུའི་ཕོ་བྲང་ཡོད་པས། དམ་ཅན་འགགས་ཞེས་གྲགས། དེ་ནས་དཔལ་ལྡན་ལྷ་ཡི་ཕོ་བྲང་། །རྗེ་དུས་མཁྱེན་གྱི་དབུ་རྗེས་སོགས་ཡོད། གྲུབ་ཆེན་ཀརྨ་པ་རྒྱ་ནག་ནས་བྱོན་དུས་སྐྱེས་བུ་ཆེན་པོས་རྟག་ཏུ་ཆིབས་ཁ་བྱེད་པ་ལ།་ཡར་བྱོན་དུས་བྲག་འདི་ལ་ཐིམ་པར་གྲགས་སོ། །ལུང་མདའ་འདི་ན་རྗེ་དུས་མཁྱེན་གྱི་ལུས་མཆོད་སྦྱིན་གྱིས་ཏིང་ངེ་འཛིན་མཛད་པས། དངོས་སུ་གྱུར་པའི་རྗེས་ཕ་ཝང་ལ་གསལ་བར་ཡོད་པར་གྲགས་ཏེ་དུར་ཁྲོད་ཀྱི་མཚོན་བྱེད་རང་བྱུང་གི་དུར་ཁྲོད་ཡིན་ནོ། །རྗེ་དུས་མཁྱེན་གྱི་དབུ་ལོ་གཏོར་བ་ལས་སྐྱེས་པར་གྲགས་པའི་ནགས་རི་གསུམ་པོ་གདུགས་ཕུབ་པའི་ཚུལ། སྤངས་ལ་གསེར་ཉ་རང་བྱོན། དུས་མཁྱེན་གྱི་གྲུབ་ཆུ་ལ་དགུན་འཁྱག་ལ་དུང་དཀར་རང་བྱོན་གྱི་གཟུགས། རྒྱབ་རིའི་བྲག་གཉིས་བདེ་མཆོག་ཡབ་ཡུམ་གྱི་ཚུལ། དེའི་རྩེ་ལ་དུས་མཁྱེན་རང་བྱོན། རྗེ་ཞྭ་དམར་པས་གཟིགས་པ་ཡོད་དེ། །འདི་ཤིན་ཏུ་གསལ་ཞིང་བྱིན་རླབས་ཀྱང་དཔག་ཏུ་མེད་པ་འབྱུང་བ་ཡིན་ཏེ། ཕལ་པས་གསལ་པོར་མི་མཐོང་བ་དེ་ཅི་ཡིན་ཨང་། ཞེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་ཀྱང་གསུངས་སོ། །རྒྱབ་


CMR033_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་བྲག་རྩ་ན་རྗེ་དོན་ལྡན་ཞབས་ཀྱིས་རྫུ་འཕྲུལ་གྱིས་བྲིས་པའི་ཡི་གེ་དྲུག་པ་དང་། གཞན་ཡོང་རྒྱབ་རིའི་བྲག་ལ་རང་བྱོན་མང་དུ་ཡོད་དེ། དེ་རྣམས་དུས་ལ་མ་བབ་སྟོན་མི་རུང་གསུངས་སོ། །གཏེར་ཁ་ཡང་མང་དུ་ཡོད་དེ་འདོན་མི་རུང་གསུངས། བཅུད་ཀྱི་གཏེར་ཡིན་པས་འདོན་རྒྱུ་མེད་གསུངས་སོ། །རྗེ་དྭགས་པོའི་ལུང་བསྟན་པའི་བྲག་ཚེས་བརྒྱད་ཀྱི་ཟླ་བ་འདྲ་བ་འདི་ནི། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་པདྨ་དབང་གི་ཟླ་གམ་རང་བྱུང་ཡིན་པས་གནས་འདི་པདྨ་གསུང་གི་གནས་ཡིན་ནོ། །སྤྱིར་བྲག་སོགས་ས་འོག་ཏུ་གནས་མཇལ་རྒྱུ་ཡོད་པ་རྣམས་ནི། ས་འོག་སྐུའི་འཁོར་ལོའི་གནས། གངས་ཏི་སེའི་རི་རྩེ་ན་བདེ་མཆོག་གི་དཀྱིལ་འཁོར་ཡོད་པ་ལྟ་བུ་ནི། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གནས་སོ། །ས་ཡི་སྟེང་ན་དཔའ་བོ་ཌཱ་ཀི་འདུ་བའི་གནས་རྣམས་ས་སྤྱོད་གསུང་གི་འཁོར་ལོའི་གནས་ཡིན་པས། འབུམ་ཐང་གི་སྤང་ལྗོངས་ཉམས་དགའ་བ། འབུ་སྲིན་སོགས་མེད་པ་འདི་ནི། གནས་འདི་ཡི་གཙོ་བོ་ཡིན་ཏེ། ལས་དག་པ་རྣམས་ཀྱི་གཟིགས་ངོར་གསུང་གི་བདེ་མཆོག་དམར་པོ་ཡབ་ཡུམ། ས་སྤྱོད་གསུང་གི་འཁོར་ལོ་དཔའ་བོ་བརྒྱད་དང་། །


CMR033_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་བརྒྱད། རེ་རེ་ལ་འཁོར་དཔའ་བོ་ཌཱ་ཀི་འབུམ་ཕྲག་གིས་བསྐོར་ནས་བཞུགས་སོ། །རྗེ་དུས་གསུམ་མཁྱེན་པས་མཁའ་འགྲོ་མ་འབུམ་ཕྲག་གིས་བྲོ་གར་བྱེད་པར་གཟིགས་པས་འབུམ་ཐང་དུ་གྲགས་སོ། ༧ །གནས་འདི་ཡི་འོག་གཞི་སའི་འོག་ཏུ་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་ཕྲིན་ལས་སྤྲུལ་པ། ས་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཀླུ་ཡི་རྒྱལ་པོའི་མི་ཚུལ་འཛིན་པ། ཇོ་བོ་སྔགས་བདག་སོག་མ་མེད་ཀྱི་ཕོ་བྲང་ཡོད་དེ། ཕྱག་ན་རྡོ་རྗེས་མཆོད་རྟེན་སྔོན་པོའི་རྒྱུད་ཆེན་པོ་དང་། རས་ཆུང་གི་ལུགས་ཀྱི་ཁྱུང་གི་ལོ་རྒྱུས་དང་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་དང་འདུལ་བ་སོགས་ལས་སྔགས་བདག་ཀླུ་ཐམས་ཅད་ཀྱི་གཙོ་བོ་དང་རྒྱལ་པོ་ཡིན་ཅིང་། ཀླུ་ཆེན་བརྒྱད་ཀྱང་འདི་ཡི་འཁོར་ཡིན། ཀླུ་རིགས་ཐམས་ཅད་འདིའི་བྲན་དང་ཕོ་ཉ་ཡིན་ཅིང་། འཇིག་རྟེན་གྱི་བདེ་སྡུག་དང་སྐྱེ་འགྲོའི་དར་རྒུད། ལོ་ལེགས་ཉེས་ཐམས་ཅད་འདིའི་དབང་ཆེ་བར་བཤད་ཅིང་། འདིའི་སྲས་རི་བོ་ཞེས་བྱ་བ་ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཞིག་ཡོད་པ་དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་བསྙེན་གྱི་སྡོམ་པ་མ་གནང་བར་ལས་མཁན་དུ་བཞག་པར་བཤད་པས། འདི་ཡི་གཡས་གཡོན་གྱི་ཆུ་མིག་རྣམས་ཤིན་ཏུ་


CMR033_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པས། བཤང་གཅི་སོགས་ཆུ་མིག་གི་ཉེ་ལོགས་སུ་མ་སོང་བ་གལ་ཆེ། ཀླུ་གཏོར་དང་། ཀླུ་མཆོད་སོགས་བྱས་ན། ཀླུ་ནད་ཐམས་ཅད་ཞི་བ་དང་། ལོངས་སྤྱོད་མངའ་ཐང་རྒྱས་པའི་དངོས་གྲུབ་ཐམས་ཅད་ངེས་པར་འབྱུང་སྟེ། པཎ་ཆེན་ཤཱཀྱ་ཤྲཱིའི་ཛམ་བྷ་ལ་སེར་པོ་དང་སྔགས་བདག་གཉིས་ངོ་བོ་གཅིག་པར་གསུངས་སོ། །གནས་འདིའི་ཞིང་སྐྱོང་བཀའ་སྲུང་ནི། ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་དང་། ལས་ལ་གྲུབ་པའི་ཀླུ་རྒྱལ་གཞོན་ནུ་གཏུམ་པོ། འཇིག་རྟེན་གྱི་དགེ་བསྙེན་དཔལ་ལྡན་ཤེས་རབ་དང་པདྨ་ཚུལ་ཁྲིམས་རྣམས་ཡིན་ཏེ། དཔལ་ལྡན་ཤེས་རབ་འདི་ནི་སངས་རྒྱས་སྟོང་གི་བསྟན་པ་སྲུང་བའི་དགེ་བསྙེན་ཆེན་པོ་གཅིག་ལགས་སོ། །དེ་ནི་ཕྱིའི་གནས་བཤད་མདོར་བསྡུས་པའོ། ༈ གཉིས་པ་ནང་གི་རྟེན་བཤད་ལ། འབུམ་གསུམ་དབུས་མའི་མཆོད་རྟེན་འདིའི་ནང་ན། རྗེ་དུས་གསུམ་མཁྱེན་པའི་རིང་བསྲེལ་གདུང་ཐལ་རུས། དབུ་ལོ་ན་བཟའ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འཕེལ་གདུང་། རྒྱ་བོད་མཁས་གྲུབ་མང་པོའི་རིང་བསྲེལ་དཔག་ཏུ་མེད་པ་བཞུགས་ཤིང་འགྲོ་མགོན་རས་ཆེན་གྱིས་རབ་གནས་མཛད་ཉིན། རྗེ་དུས་མཁྱེན་ཉིད་


CMR033_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་བྱོན་ནས་བྱིན་གྱིས་བརླབས་པར་མི་ཐམས་ཅད་ཀྱིས་དངོས་སུ་མཐོང་ངོ། །གདུང་འབུམ་ཤར་གཡས་མ་འདི་སངས་རྒྱས་རས་པ་ཆེན་པོའི་གདུང་འབུམ་ཡིན་ཏེ། གདུང་ཐལ་རུས་རིང་བསྲེལ་བརྒྱུད་པའི་དབུ་ལོ་ན་བཟའ། སངས་རྒྱས་ཀྱི་འཕེལ་གདུང་། རྗེ་ཉིད་ཀྱི་གསོལ་ཞལ་སྡེར་སོགས་རྟེན་བཟང་དགུ་བཞུགས་སོ། །ནུབ་ངོས་གདུང་འབུམ་གཡོན་མ་འདི་དུས་མཁྱེན་དངོས་སློབ་མཁས་པ་དབང་གི་རྡོ་རྗེའི་གདུང་འབུམ་ཡིན་ཏེ་འབུམ་གསུམ་སྟེང་གི་གསེར་གདུགས་གསུམ་འདི་ནི། ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ནག་ཡུལ་དུ་བཞུགས་དུས་ཀྱི་དབུ་གདུགས་ཏེ། མཆོག་ཟུང་གཉིས་དང་ཇོ་བོ་གཙོ་འཁོར་གསུམ་གྱི་དབུ་གདུགས་ཡིན་པ་ལ། ཇོ་བོ་བོད་དུ་བྱོན་རྗེས་རྒྱ་ནག་གིས་མ་ཆུན་ནས། དེ་མཇལ་བ་ཐམས་ཅད་ལ་ཆོ་འཕྲུལ་མ་རུངས་པ་ཁོ་ན་བྱུང་བས། བྱེ་མའི་འོག་ཏུ་སྦས་ནས་དེར་མི་འགྲོ་མི་ཕོད་པ་ལ། གྲུབ་ཆེན་ཀརྨ་པཀཱིས་བཏོན་ནས། ས་འོག་ནས་ཀླུ་ལ་བསྐུར་ནས་གསེར་རྟགས་སུམ་མདོ་ནས་བུད་པར་གྲགས་ཏེ། ལྟས་ངན་གཡང་དུ་ལེན་མི་དེ། །སྐྱེས་མཆོག་ཀརྨ་པཀྴི་ཡིན། །ཞེས་རྣམ་ཐར་འགའ་ཞིག་ལས་བྱུང་ངོ། །བཞུགས་ཁྲི་འདི་ནི་གྲུབ་ཆེན་ཀརྨ་པཀྵིའི་བཞུགས་ཁྲི་


CMR033_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ན་རིམ་ཐམས་ཅད་རིམ་པར་བཞུགས་པའི་བྱིན་རླབས་ཅན་ཡིན། རྡོ་འདི་ནི་སི་ཏུ་སྤྲུལ་པའི་སྐུ་འདི་ཉིད་སྐུ་ཕྲ་མོའི་དུས་སུ་ཆུ་འགྲམ་གྲམ་ཁྲོད་ནས་བཏོན་པ་ཡིན། ༧ གསེར་འབུམ་འདི་ནི་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་གྱི་བཀོད་པ། གྲུབ་ཆེན་རིན་པོ་ཆེ་ཉིད་ཀྱི་ཞལ་བཀོད་གནང་ནས་བཞེངས་ཏེ། གྲུབ་ཆེན་ཀརྨ་པ་ཉིད་ཀྱི་ཚེམས་རིང་བསྲེལ་ཅན་དང་། སངས་རྒྱས་ཀྱི་འཕེལ་གདུང་ལ་སོགས་པ་རྟེན་བཟང་བར་བཞུགས་སོ། ༈ །ཡ་ཀིའི་ཁང་པ་འདི་ཡི་ནང་ན། རྗེ་དུས་མཁྱེན་གྱི་སྐུ་རྒྱབ་གཏད་པའི་ཤུག་སྡོང་བྱིན་རླབས་ཅན། མཆོད་རྟེན་སོགས་བཞུགས་པ་ནི། རྗེ་དུས་མཁྱེན་ཐོག་མར་བཞུགས་མལ་ཡིན་པས་བྱིན་རླབས་ཆེའོ། །སྤོམ་བྲག་གདོང་གི་མཆོད་རྟེན་ཡ་ཀི་ནི། རྗེ་སྤོམ་བྲག་པའི་གདུང་རིལ་པོར་བཞུགས་ཏེ། ཞལ་ཕུ་ལ་གཟིགས་པས་དགོན་པ་འདི་ལ་བཤའི་གནོད་པ་བཟློག་པ་ཞལ་ཙམ་ཡིན་ཏེ། དེ་ཡང་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། ད་ལྟའི་རྣལ་འབྱོར་ལོ་གྱི་ཆུང་བམ་ཁྱོད། །སྨོན་ལམ་དབང་གིས་སྦྱངས་བའི་ལས་སད་དེ། །དེང་སང་མངའ་བདག་ཐུགས་སྲས་སླད་ཀྱི་ཚེ། །མི་


CMR033_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལྷུན་པོའི་གནས་བརྟན་ཆོས་ཁྲིམས་བདག །སྐྱེ་བ་བདུན་ཕྲག་གསུམ་དུ་བྱེད་པ་སྟེ། །བར་ཚིག་ཞིག་རལ་གསོ་བྲན་བརྩོན་བྱེད་པ། །བསོད་ནམས་མིང་འཛིན་ལོངས་སྤྱོད་ཕུན་སུམ་ཚོགས། །མངའ་རིས་ཆོས་སྲིད་ལེགས་པའི་དཔལ་དང་ལྡན། །བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པ་འབྱུང་། །ཞེས་གསུངས་ཏེ། བཅོམ་ལྡན་འདས་བཛྲ་ཧེ་རུ་ཀའི་སྤྲུལ་པ། རྒྱ་གར་གྱི་རིག་འཛིན་ཧཱུཾ་ཆེན་ཀ་ར། བོད་ཀྱི་རྗེ་འབངས་ལོ་ཙཱ་ཁྱེའུ་ནམ་མཁའི་བྱ་འཛིན་དེ་ཉིད་གྲུབ་ཆེན་ཀརྨ་པ་ཆེན་པོའི་རིགས་ཀྱི་བདག་པོ་མཛད་པའི་ཕྱིར། བསམ་བཞིན་དུ་སྐྱེ་བ་བཞེས་ཏེ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ་དེ་ཉིད་ཡིན་པས། འདི་ཡི་གདུང་འབུམ་འདི་ལ་ཕྱག་དང་བསྐོར་བ་མར་མེ་སོགས་ཕུལ་ན། དམ་ཚིག་དང་སྡོམ་པ་ཉམས་ཆག་ཐམས་ཅད་བསྐང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཁྱད་པར་འདིའི་མདུན་དུ་གནས་ཞག་བྱས་ན་སོ་ནད་དང་བད་ཀན་སྨུག་པོའི་ནད་ལ་ཕན་པ། རྗེ་ཉིད་ཀྱི་འདའ་ཁའི་སྨོན་ལམ་ཡིན་པར་གྲགས་སོ། །རི་ཕའི་སྒྲུབ་སྡེ་འདི་ནི། རྗེ་རང་བྱུང་བས་བཙུགས་པ་སྟེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལེའུ་སོ་དྲུག་པ་ལུང་བསྟན་གྱི་ལེའུ་ལས། རྒྱ་གར་གྱི་སློབ་དཔོན་དཔའ་བོ་ལུང་བསྟན་


CMR033_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དགེ་སློང་མང་དུ་ཐོས་པ་ནི། །།དེ་ཡི་ཚེ་ན་འབྱུང་འགྱུར་པ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱང་ནི་བསྟོད་བྱེད་པ། །ཞེས་སོགས་ནས་མཇུག་ཏུ། དེ་ལུས་ཞིག་ནས་མཐོ་རིས་འགྲོ། །ཞེས་གསུངས་ཤིང་། དེའི་སྐྱེ་བ་ཀརྨ་རང་བྱུང་རྡོ་རྗེ་ལུང་བསྟན་པ་ནི། ལྷ་རྣམས་ལས་ནི་ཚེ་འཕོས་ནས། །མི་རྣམས་ནང་དུ་ཉེ་བར་སྐྱེས་ནས་ནི། །ང་ནི་བསྟན་ལ་རབ་ཏུ་ཞུགས། །རང་བྱུང་བདག་ཉིད་ཆེན་པོ་ནི། །དེ་ཚེ་དེ་བཞིན་འབྱུང་བར་འགྱུར། །མ་ཁོལ་ཞེས་བྱ་བརྟུལ་ཞུགས་ཅན། །དེ་ཚེ་དེ་ནི་འབྱུང་བར་འགྱུར། །ཇི་བཞིན་དོན་ནི་སྟོན་པའི་མཆོག །རྣམ་པ་སྣ་ཚོགས་དཔེ་དག་གིས། །འབྱུང་པོ་ཀུན་ལ་ཕན་པའི་ཕྱིར། །ལེགས་པར་བཤད་པ་རབ་བྱེད་པ། །སེམས་ཅན་རྗེས་སུ་བཟུང་བའི་ཕྱིར། །བསྟོད་པ་བརྗོད་པ་གཙོ་བོར་བྱེད། །དུས་དེར་འཇིག་རྟེན་སྨད་པ་ལ། །དེ་ཡི་ཚེ་ནི་འབྱུང་བར་འགྱུར། །རྣམ་པར་སྨིན་པ་དེ་ཡི་ནི། །ལུས་ཞིག་ནས་ནི་མཐོ་རིས་འགྲོ། །བློ་ལྡན་དེ་ནི་མཐར་གྱིས་ནི། །སྡོམ་པ་སྣ་ཚོགས་བདེར་མྱང་ནས། །བསམ་གྱིས་མི་ཁྱབ་མཆོག་གསུངས་པའི། །ཐམས་ཅད་མཁྱེན་པའི་བྱང་ཆུབ་འཐོབ། །ཅེས་


CMR033_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་རིན་ཆེན་གླིང་པའི་གཏེར་མ་ལས། མི་ཡི་སེང་གེ་སྤྲེལ་ལོ་པ༔ དཔའ་བོ་ཆེན་པོ་གཟི་མདངས་ཅན༔ མིའུ་ཐུང་མགོན་པོ་གཟུགས་མཛེས་པ༔ རབ་བྱུང་ཆས་ལ་ཞྭ་ནག་འཛིན༔ སྤྱན་མིག་ཆོས་དབྱིངས་གྱེན་ལ་གཟིགས༔ སྨེ་བ་ཡི་གེ་ཤ་མཚན་ཅན༔ གསང་བའི་མིང་ནི་གྲགས་པ་ཡིས་རང་བྱུང་ཡེ་ཤེས་རཏྣའི་མཚན༔ ཆོས་རྣམས་ཀུན་གྱི་བདག་པོར་འགྱུར༔ ཡིད་བཞིན་ནོར་བུ་རིན་ཆེན་སྐུ༔ གང་གིས་མཐོང་ཐོས་དྲན་རེག་ཙམ༔ དོན་ཀུན་འགྲུབ་ཅིང་འབྲས་བུ་འཐོབ༔ གཞན་རྐྱེན་བར་ཆད་མ་བྱུང་ན༔ བརྒྱད་ཅུ་རྩ་གཅིག་བར་དུ་འཚོ༔ ས་སྐྱོང་རྒྱལ་པོའི་མཆོད་གནས་བྱེད༔ ཧོར་དང་སོག་པོ་ཐབས་ཀྱིས་འདུལ༔ རྒྱ་ནག་སྐུ་ཡི་གདུལ་བྱར་བཀོད༔ གསུང་དབྱངས་སེང་གེའི་ང་རོ་ཡིས༔ བདུད་དང་མུ་སྟེགས་ཚར་བཅད་ནས༔ ཟབ་དང་རྒྱ་ཆེའི་ཆོས་སྒྲ་སྒྲོག༔ དབུས་གཙང་ཁམས་གསུམ་གདུལ་བྱར་བཀོད༔ སྐལ་ལྡན་གསོལ་བཏབ་བརྒྱར་གཉེར་ན༔ སྟོང་ཕྲག་དྲུག་ཅུའི་འཁོར་ཚོགས་བསྐོར༔ འབུམ་ཕྲག་དྲུག་ཅུ་ཆོས་ལ་བཀོད༔ སྒོམ་བརྒྱུད་ཡོངས་ཀྱི་བསྟན་པ་འཛིན༔ དུས་གཅིག་སྐྱེ་བ་ལྔ་བཟུང་ནས༔ ཞིང་


CMR033_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལྔ་ལ་དབང་སྒྱུར་བྱེད༔ ལྷན་སྐྱེས་ཡེ་ཤེས་མཆོག་རྩལ་སྦྱངས༔ ཐུགས་ཀྱི་དགོངས་པ་སྐད་ཅིག་ལ༔ དཔག་མེད་འགྲོ་བ་བདེ་ལ་བཀོད༔ ས་བཅུ་ལ་གནས་སེམས་དཔའ་ཆེ༔ ཀུན་མཁྱེན་ཡེ་ཤེས་ངང་གིས་གསལ༔ པདྨ་ང་དང་གཉིས་སུ་མེད༔ འབྲེལ་ཚད་དོན་ལྡན་སྟོབས་པོ་ཆེ༔ མཁའ་མཉམ་འགྲོ་བ་སྐལ་ལྡན་ལ༔ གསང་གསུམ་འབྲས་བུ་ངོ་སྤྱོད་ཀྱིས༔ བདེ་བ་ཆེན་པོར་འགོད་བྱེད་པ༔ བཅོམ་ལྡན་སེང་གེའི་མཚན་དང་ལྡན༔ བྱམས་མགོན་ཐུགས་རྗེ་ཆེན་པོའི་སྲས༔ འཁོར་བ་དོང་སྤྲུགས་ཞེས་བྱ་བ༔ བདེ་བར་གཤེགས་པའི་ལུང་བསྟན་པའི༔ ཕྱི་ཡི་ལུང་བསྟན་མདོ་ལས་འབྱུང་༔ ནང་གི་ལུང་བསྟན་བླ་མའི་གསུངས༔ འདི་ནི་གསང་བའི་ལུང་བསྟན་ཡིན་མངའ་བདག་རྗེ་བློན་ཐུགས་ལ་ཞོག༔ མ་འོངས་དུས་སུ་ཀུན་ལ་གྲགས༔ འཛམ་གླིང་ཀུན་གྱི་དཔལ་དུ་ཤོག༔ ཅེས་གསུངས་སོ། །ཞེས་ཐུབ་པ་ཨོ་རྒྱན་རིན་པོ་ཆེ་གཉིས་ཀས་གསལ་བར་ལུང་བསྟན་པའི། རང་བྱུང་རྒྱལ་བ་ཆེན་པོ་དེ་ཉིད་སྒོམ་བརྒྱུད་ཡོངས་ཀྱི་བསྟན་པའི་བདག་པོ་ཡིན་པས། ཀརྨ་རི་པ་བཙུགས་ནས་ཐུགས་རྩེ་གཅིག་ཏུ་གཏད་པ་ཡིན་པས། རི་པ་འདིར་


CMR033_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འབྲེལ་ཡུད་ཙམ་བྱས་ན་ཡང་། ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ། རྟོགས་པའི་བོགས་ཐོན་པ་ཡིན་པས། ཞི་ཕྱག་རྫོགས་གསུམ། དབུ་མ་བློ་སྦྱོང་། ཆོས་དྲུག་རིམ་ལྔ། དམར་ཁྲིད་སྦྱོར་དྲུག་གང་བསྒོམས་ཀྱང་། གནས་འདིར་བསྒོམས་ན་གེགས་དང་གོལ་ས་མེད་ཅིང་ཉམས་རྟོགས་ཀྱི་རྩལ་མྱུར་དུ་རྫོགས་པར་ངེས་སོ། །བྱམས་ཆེན་ལྷ་ཁང་དུ་ཕྱིན་ནས། དེ་ཡང་ཨོ་རྒྱན་རིན་པོ་ཆེས་མ་འོངས་ལུང་བསྟན་ལས༔ ད་ལྟའི་ལོ་ཙཱ་ཡེ་ཤེས་བྱ་བ་ཁྱོད༔ བོད་འདིར་སྦས་པའི་ཚུལ་གྱིས་གནས༔ དེ་རྗེས་སྤྱོད་པ་དཔག་མེད་རྣལ་འབྱོར་སྤྱོད་པ་བྱེད༔ ལན་གཅིག་ཨོ་རྒྱན་མཁའ་འགྲོའི་གནས་སུ་འགྲོ་དོན་མཛད༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དབུས་ཀྱི་ས་ཆ་འདི་ཉིད་དུ༔ དུས་གསུམ་མཁྱེན་པ་བྱ་བ་འབྱུང་༔ སྲོད་པ་རླབས་ཆེན་རྫུ་འཕྲུལ་སྟོན༔ འགྲོ་དོན་ཁམས་ཀྱི་ས་རུ་འོང་༔ སྐྱེ་བ་འདི་ཡི་ཕྱི་མ་ལ༔ ཀརྨ་པཀྴི་བྱ་བ་འབྱུང་༔ མཐའ་དམག་འདུལ་བའི་ཕ་ལྟར་འཁྲུངས༔ ཞེས་དང་༔ དེ་ཡང་བཙུན་པ་རྒྱལ་བ་མཆོག་དབྱངས་ཁྱོད༔ ཚེ་རབས་སྔོན་ནས་སེམས་བསྐྱེད་སྨོན་ལམ་ལྡན༔ རྒྱལ་བའི་མཐུ་རྩལ་ཤུགས་དང་དམ་ཚིག་ལྡན༔་དབང་ཆེན་ལྷ་ཡི་བརྟན་ཐོབ་དབང་སྐད་


CMR033_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས༔ སྨོན་ལམ་མཐུ་བཙན་འཁོར་བ་མ་སྟོངས་བར༔ འགྲོ་བའི་དོན་བརྩོན་འཛམ་གླིང་ཡོངས་ལ་ཁྱབ་ཁྱད་པར་མ་འོངས་བསྐལ་པ་མར་འགྲིབ་དུས༔ ཤཱཀྱའི་ཞིང་ཁམས་ཁ་བ་ཅན་གྱི་ལྗོངས༔ སྤྱན་རས་གཟིགས་ཀྱི་ཕྲིན་ལས་ངེས་མཛད་ཅིང་༔ སྔགས་ཀྱི་རྣལ་འབྱོར་བརྟུལ་ཞུགས་ཉམས་དང་ལྡན༔ མི་སྨྱོན་ཀརྨའི་མིང་ཅན་རྒྱལ་ཁམས་ཉུལ༔ ས་སྐྱོང་རྒྱལ་པོའི་མཆོད་གནས་བྱེད་པར་འགྱུར༔ དེ་ཚེ་རིམ་བཞིན་བསྟན་པའི་མེ་རོ་བསླང་༔ འགྲོ་འདུལ་ཐབས་མཁས་སེམས་ཅན་སྐྱོབ་པར་བྱེད༔ ཞེས་ལུང་བསྟན་པའི་གྲུབ་ཆེན་ཀརྨ་པ་དེ་ཉིད་གདན་ས་འདིར་ཕེབས་པས། རྗེ་དུས་གསུམ་མཁྱེན་པ་ལ་བཀའ་བརྒྱུད་བླ་མ་དཔག་ཏུ་མེད་པ་དང་། མཁའ་འགྲོ་མ་དཔག་མེད་ཀྱིས་སྐོར་བ་བྱེད་པ་དང་། དེ་རྣམས་ཀྱིས་གདན་སར་དར་རྒྱས་གྱིས་གསུངས་པ་དང་ལུང་པ་འདི་ཐམས་ཅད་རིང་བསྲེལ་གྱི་ཕྱུར་བུར་གང་བ་གཟིགས་པས། གདན་ས་གཞན་ལས་ཁྱད་པར་དུ་འཕགས་པ་མཁྱེན་ནས། ཕྱོགས་བཅུའི་སངས་རྒྱས་དང་མཁའ་འགྲོ་མ་རྣམས་ཀྱིས་མཚན་ཀརྨ་པ་ཞེས་གསོལ་བ་དང་། གནས་ཀྱི་མིང་དང་མཐུན་པ་ཀརྨ་པ་ཞེས་ཡོངས་སུ་གྲགས་སོ། །སྤྱན་རས་


CMR033_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་གནས་འདི་ན་བྱམས་ཆེན་ཀྱི་སྐུ་དང་ལྷ་ཁང་བཞེངས་པ་དང་། དགའ་ལྡན་ནས་འོད་ཟེར་མི་རྣམས་ལ་བཀྱེ་བས་འགྲོ་དོན་རྒྱ་ཆེན་པོ་འགྲུབ་བོ། །ཞེས་གསུངས་པས་བཞེངས་པར་དགོངས་པ་ན། སྟེང་ཕྱོགས་དགའ་ལྡན་ལྷ་ཡི་ཡུལ་ནས། རྒྱལ་བ་བྱམས་པའི་སྐུ་ལས་འོད་ཟེར་འབུམ་ཕྲག་དུ་མ་སྤྲོས་ཏེ་འཇིག་རྟེན་ཐམས་ཅད་སྣང་བར་མཛད་དོ། །འོད་དེ་གཅིག་ཏུ་འདུས་པ་ལས། བྱམས་ཁང་གི་ཐད་ཀྱི་ནམ་མཁའ་ལ། བྱམས་པ་སྐུ་ཚད་རྒྱན་ཆ་ལུགས་འདི་འདྲ་བ་ཞིག་གཟིགས་པ་ལ་བརྟེན་ནས་བཞེངས་པ་ཡིན་ཏེ། འདིའི་དབུ་ལ་སངས་རྒྱས་ཀྱི་འཕེལ་གདུང་ཕུལ་གང་དགྲ་བཅོམ་པ་ཉི་མ་གུང་པའི་སྣམ་སྦྱར། རྒྱ་བོད་ཀྱི་མཁས་གྲུབ་དཔག་ཏུ་མེད་པའི་གདུང་རིང་བསྲེལ་དབུ་ལོ་ཕྱག་སེན་དང་རྟེན་ཕྱག་ཏུ་བཞུགས་ཚད་ཀྱིས་ནང་གཞུག་མཛད། རྗེ་ཉིད་ཀྱི་རབ་གནས་མཛད་པ་ན། ཕྱོགས་བཅུའི་སངས་རྒྱས་དང་འཇམ་དབྱངས་སྤྱན་རས་གཟིགས་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་སོ། །ལི་སེར་ལས་གྲུབ་པའི་པུ་རི་འདི་རྗེ་དུས་མཁྱེན་གྱི་གདུང་རྟེན་འགྲོ་མགོན་རས་ཆེན་གྱིས་བཞེངས་ནས། རབ་གནས་སྐབས་དུས་མཁྱེན་དངོས་སུ་བྱོན་ནས་བྱིན་གྱིས་རླབས་པ་ཡིན་ནོ། །པུ་རི་བར་མ་


CMR033_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲུབ་ཆེན་ཀརྨ་པཀྵིའི་གདུང་རྟེན་དུ་འཇམ་དབྱངས་བློ་གྲོས་སེང་གེས་བཞེངས་ཏེ། ནང་དུ་སྟོན་པའི་འཕེལ་གདུང་། སྟོན་པའི་གཏད་རབས་སོགས་པཎ་གྲུབ་ཐམས་ཅད་ཀྱི་གདུང་རིང་བསྲེལ། དབུ་ལོ་ཕྱག་སེན་ན་བཟའ་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས་སོ། །པུ་རི་འོག་མ་འདི་སངས་རྒྱས་རས་པ་ཆེན་པོའི་གདུང་རྟེན་དུ། རྒྱལ་སྲས་སྤོམ་བྲག་པས་བཞེངས་ཏེ། འགྲོ་མགོན་གྱི་ཐུགས་ལྗགས་སྤྱན་གསུམ་གྱིས་གཙོས་པའི་བྱིན་རླབས་རྟེན་དཔག་ཏུ་མེད་པ་བཞུགས་ཏེ། དེ་ཡང་རཏྟའི་གཏེར་ཁ་ཨོ་རྒྱན་རིན་པོ་ཆེའི་བསྟན་པ་སྤྱི་ལུང་ཆེན་པོ་ལས། བྱམས་པའི་སྤྲུལ་པ་བསྟན་པའི་རྗེས་སྐྱོང་བ། དུས་གསུམ་མཁྱེན་པ་མཚུར་ཕུའི་ས་རུ་འབྱུང་༔ ཞེས་དང་། འགྲོ་མགོན་རས་ཆེན་གྱི་སྐུ་སྐྱེ་བ་གསུམ་ལས་གྲུབ་ཆེན་རི་མགོ་པའི་རྣམ་ཐར་ལས། བྱམས་པ་ཞལ་གཟིགས་གསུང་ཐོས། རང་ཅག་བྱམས་པའི་འོད་ཟེར་ཆ་གཅིག་ཡིན། ད་རེས་ང་དང་འབྲེལ་བ་དང་། ང་མཐོང་བ་དང་ཐོས་པ་ཙམ་ཡང་བྱམས་མགོན་འཛམ་བུའི་གླིང་དུ་སངས་རྒྱས་པའི་དུས་སུ་མངོན་པར་བྱང་ཆུབ་ཐོབ་པ་ཡིན་ནོ། །ཞེས་གསུངས་པས། འདི་ན་རྗེ་དུས་མཁྱེན་དང་རིས་ཆེན་པ་ཡབ་སྲས་ཀྱི་


CMR033_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་འབུམ་སངས་རྒྱས་རིང་བསྲེལ་བྱམས་ཆེན་གྱི་སྐུ་དང་བཅས་པ་བཞུགས་པ་འདི་ལ་ཕྱག་དང་བསྐོར་བ་མར་མེ་སྙན་དར་སོགས་ཕུལ་ན། རྒྱལ་བ་བྱམས་པས་རྗེས་སུ་འཛིན་ངེས་ཏེ། །བྱམས་པ་དགའ་ལྡན་དུ་སྐྱེ་བ་བླངས་པའི་མདོ་ལས་དོན་བསྡུས་ཏེ། ཅུང་ཟད་བརྗོད་ན། འདིའི་མདུན་དུ་ཕྱག་འཚལ་ཞིང་རྩེ་གཅིག་ཏུ་བཤགས་ནི་སྡོམ་པ་ཞིག་པ་ལ་སོགས་སྡིག་པ་དང་ལྟུང་བ་ཐམས་ཅད་བྱང་། མཆོད་པ་ཕུལ་བ་དང་ཕྱག་འཚལ་ན། འཆི་བའི་ཚེ་དགའ་ལྡན་ལྷ་ཡི་ཞིང་ནས། རྒྱལ་བ་བྱམས་པའི་མཛོད་སྤྱིའི་འོད་ཟེར་དང་ལྷ་ཐམས་ཅད་ཀྱི་མེ་ཏོག་གི་ཆར་གྱིས་བསུས་ནས། སྐད་ཅིག་ལ་དགའ་ལྡན་གྱི་ལྷའི་ཡུལ་དུ་སྐྱེས་ནས་རྒྱལ་བ་བྱམས་པའི་མཛོད་སྤུའི་འོད་ཟེར་དཀར་པོསརེག་པ་ཙམ་གྱིས། བྱམས་པའི་ཞལ་མཐོང་ཞིང་ཕྱིར་མི་ལྡོག་པ་ཐོབ། སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་ཞལ་མཐོང་བར་འགྱུར། བསྐལ་པ་དགུ་བཅུའི་སྡིག་པ་བྱང་། བྱམས་པས་ཆོས་གསུངས་པས་སྡིག་པ་ཐམས་ཅད་བྱང་ནས། མ་འོངས་པ་ན་རྒྱལ་བ་བྱམས་པ་འཛམ་བུའི་གླིང་འདིར་འབྱོན་དུས་ཞབས་འབྲིང་བྱེད་ཅིང་བསྐལ་པ་འདིའི་སངས་རྒྱས་སྟོང་དང་། བསྐལ་པ་སྐརྨ་ལྟ་བུའི་སངས་རྒྱས་ཐམས་ཅད་ཀྱང་མཇལ་


CMR033_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་དག་གི་དྲུང་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་བཤད་དོ། །དེ་ནས་ཐུབ་ཆེན་ལྷ་ཁང་དུ་ཕྱིན་ནས། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ཟབ་ཆོས་ལས། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དང་༔ རྟ་མགྲིན་གསང་བ་འདུས་པའི་ཆོས་སྐོར་ལུང་བསྟན་ལས། ཨེ་མ༔ དེ་ལྟར་ཆོས་བདག་མང་བསྟན་ཡང་༔ ངོ་མཚར་གསང་འདུས་ཞི་ཁྲོ་ཡི༔ ཁྱད་པར་ཆོས་ཀྱི་དར་བྱེད་པ༔ ས་ལ་གནས་པའི་བྱང་སེམས་འབྱུང་༔ ད་ལྟའི་བཙུན་པ་མཆོག་དབྱངས་ཁྱོད༔ རང་བཞིན་དབང་ཆེན་ཡབ་ཡུམ་གྱི༔ ངོ་བོ་རྣམ་པར་འཕྲུལ་ཕྲིན་ལས་སྤྱན་རས་གཟིགས་དབང་ཉིད༔ མ་འོངས་ཐ་མར་གྱུར་པ་ན༔ སྤྲུལ་པ་དུ་མས་འགྲོ་བ་འདུལ༔ གཅིག་ནི་དགའ་ལྡན་མི་ཕམ་དྲུང་༔ སེམས་དཔའ་ཆོས་ཀྱི་བློ་གྲོས་འགྱུར༔ གཅིག་ནི་ཤར་གྱི་གླིང་དག་ན༔ རྒྱལ་པོ་དགེ་བའི་རྫུ་འཕྲུལ་ཅན༔ གཅིག་ནི་ནུབ་ཕྱོགས་བདེ་ཆེན་ན༔ དགེ་སློང་ཆོས་ཀྱི་གྲགས་པ་ཞེས༔ དག་པའི་འཁོར་ཡང་འབུམ་ཕྲག་གཅིག༔ གཅིག་ནི་ནུབ་ཕྱོགས་ཨོ་རྒྱན་ན༔ རྣལ་འབྱོར་རོལ་པའི་རྡོ་རྗེ་ཞེས༔ སྔགས་ཀྱི་རྣལ་འབྱོར་བརྟུལ་ཞུགས་སྤྱོད༔ དེ་སོགས་གཞན་ཡང་སྤྲུལ་པ་ནི༔ རྣལ་


CMR033_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མཐོང་ལམ་ཇི་བཞིན་དུ༔ ཁྱད་པར་ཆོས་འདིའི་བདག་པོ་ཡིན༔ ས་ལ་གནས་པའི་བྱང་ཆུབ་སེམས༔ སྤྲེལ་ལོ་སྨེ་བའི་ག་ཤལ་ཅན༔ དེ་ཡི་མགྲིན་པ་སྲིད་ལྟེ་ལའང་༔ སྨེ་བ་དཀར་དམར་མཚན་པ་ཅན༔ ཐབས་ཀྱི་བརླ་དང་ཐུགས་ལ་བྲིད༔ རྒྱལ་སྲས་དྷརྨཱ་ཀཱིརྟི་ཞེས༔ ངེས་པར་ཨོ་རྒྱན་ངས་ལུང་བསྟན༔ ཨོ་རྒྱན་བདག་དང་ས་ར་ཧ༔ ཏེ་ལོ་པ་དང་མ་ཕམ་སོགས༔ རྣལ་འབྱོར་དབང་ཕྱུག་མང་པོས་ཀྱང་༔ དེ་ལ་ཆོས་ཀྱང་སྟོན་པར་བྱེད༔ འབྲེལ་ཚད་དོན་ལྡན་སེམས་དཔའ་དེ༔ དམ་ཚིག་སེལ་གྱིས་སོ་བདུན་ལ༔ ཤིན་ཏུ་གཉན་བྷྱོཔས་ཚེ་སྒྲུབ་འབད༔ ཅེས་མཐོང་བ་དོན་ལྡན་མཚན་དངོས༔ ཆོས་ཀྱི་གྲགས་པ་ལུང་བསྟན་རྒྱས་པར་གསུངས༔ དེ་འོག་ཕྱི་མའི་དུས་ཀྱི་ཚེ༔ ཁམས་ཀྱི་སེར་རྟོགས་ལྷོ་ཡི་ཆར༔ རི་བོ་ཁྱུང་ལྡིང་འདྲ་བའི་ཞོལ༔ རྗོད་ཅེས་བྱ་བའི་ས་ཕྱོགས་སུ༔ པདྨ་ང་ཡི་རྣམ་འཕྲུལ་ཏེ༔ བྱའམ་ཁྱི་ཡི་ལོ་པ་གཅིག༔ རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས༔ ས་ལ་གནས་པའི་བྱང་སེམས་འབྱུང་༔ ངན་ལམ་རྒྱལ་བ་མཆོག་དབྱངས་ཉིད༔ སྔོན་གྱི་བག་ཆགས་སད་དུ་འོང་༔ གསུང་གི་མཚན་མ་དག་དང་ལྡན༔ སྙིང་ཐིག་འདུས་པ་སྐོར་བཞི་དང་༔ ཁྱད་པར་རྟ་


CMR033_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ཡང་གསང་བདག༔ ཡིན་ཕྱིར་ཚེ་རིལ་དང་བཅས་གཏད༔ མ་འོངས་ཕྱི་མའི་དུས་མཐའི་བར༔ རྒྱ་མཚོའི་མཐའ་ལ་ཐུག་གི་བར༔ དེ་ཡིས་རྒྱས་པར་བྱེད་པའི་ཕྱིར༔ གཏེར་འདི་སྦས་པ་དོན་ཡོད་འགྱུར༔ ཞེས་ལུང་བསྟན་གྱི་མཚན་དངོས་རང་བྱུང་མཚོ་སྐྱེས་རྡོ་རྗེ༔ ཡོངས་གྲགས་རྗེ་ཆོས་གྲགས་རྒྱ་མཚོ་ཞེས་བྱ་བ་ཉིད་དང་། གོའི་ཤྲཱི་དཔལ་འབྱོར་གཉིས་བཀའ་བགྲོས༔ ཐུབ་ཆེན་འདི་བཞེངས་ཤིང་རབ་ཏུ་གནས་པར་མཛད༔ ནང་ཞུགས་བྱིན་རླབས་རྟེན་བསམ་ལས་འདས་པ་བཞུགས་སོ། །དེ་ཡང་འཕགས་པ་༈ འཇིག་རྟེན་དབང་ཕྱུག་ཀརྨ་པ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་ཡིན་ཏེ༔ རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་སེམས་རྒྱུད་ཆེན་པོ་དང་༔ ཨོ་རྒྱན་རིན་པོ་ཆེའི་གསུང་ལ་སོགས་པའི་མདོ་རྒྱུད་དུ་མ་ནས་གསུངས་པའི་དོན་བསྡུས་ཏེ་བཤད་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀརྨ་པའི་མཆན་ཁུང་གཡོན་པའི་བ་སྤུའི་བུ་ག་གཅིག་ན་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་བསམ་ལས་འདས་པ་ཞིག་ཡོད་དོ། །དེའི་དབུས་ན་ནོར་བུ་རིན་པོ་ཆེའི་གཞལ་ཡས་ཁང་ན། འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་དེས་སྤྲུལ་པའི་ཆ་གཅིག་ལ་ཐུབ་


CMR033_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ཞེས་བྱ་བའི་སངས་རྒྱས་གཅིག་བཞུགས་ཏེ། སངས་རྒྱས་འདིའི་སྐུའི་འོད་ཟེར་དཔག་ཏུ་མེད་པའི་འོད་ཟེར་རེ་རེའི་རྩེ་ལ་ཡང་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་དོ། །སངས་རྒྱས་འདིའི་སྐུའི་བ་སྤུའི་བུ་ག་རེ་རེ་ན་ཡང་ཞིང་ཁམས་རེ་རེ་ཡོད་དོ། །སངས་རྒྱས་འདི་ཡི་ཕྱག་མཐིལ་ན་སྤོས་ཆུའི་རྒྱ་མཚོ་ཡོད་དོ། །དེ་ལ་པདྨའི་སྡོང་པོ་མེ་ཏོག་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་དོ། །མེ་ཏོག་རེ་རེའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད་དོ། །འཇིག་རྟེན་ཁམས་འདི་ནི་མེ་ཏོག་བཅུ་གསུམ་པའི་སྟེང་ན་ཡོད་ཅིང་། མེ་ཏོག་དེ་ལ་ཡང་ཟེའུ་འབྲུ་དཔག་ཏུ་མེད་པའི་རེ་རེའི་ནང་ནའང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད་ལ། ངེད་རང་རྣམས་ཀྱི་འཇིག་རྟེན་མི་མཇེད་ཁམས་ནི་ཟེའུ་འབྲུ་དབུས་མའི་སྟེང་ན་ཆགས་ནི་ཡོད་ཅིང་། སངས་རྒྱས་འདིའི་ཐུགས་ཀའི་ཐད་ཡིན་པས་འཇིག་རྟེན་གྱི་ཁམས་གཞན་དུ་དགེ་སྡིག་བསྐལ་པར་སྤྱད་པ་བས། འདིར་སྐད་ཅིག་སྤྱད་པ་སྟོབས་ཆེ་བར་བཤད་དོ། །འདི་ནི་ངེས་པ་ལྔ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཆོས་སྐུའི་རྟེན་དུ་པུ་རི་གསུམ་དང་འབུམ་པ་རྣམས། ལོངས་སྐུའི་རྟེན་འཇིག་རྟེན་དབང་ཕྱུག་ཀརྨ་པ་


CMR033_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་པ་ཐུབ་པ་གངས་ཆེན་མཚོའི་སྐུ་འདི་ཡིན། སྤྲུལ་སྐུའི་རྟེན་བླ་མ་ལྷ་ཁང་དང་ཐུབ་པ་ལྷ་ཁང་རྣམས་ཡིན་ནོ། ༈ །དེ་ནས་བླ་མ་ལྷ་ཁང་དུ་ཕྱིན་ནས། དེ་ཡང་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་མ་འོངས་ལུང་བསྟན་སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་ཁ་ལས། ཀརྨ་པ་རབ་བཅུ་གཅིག་འབྱོན་པར་གསུངས་ཏེ། ཞྭ་ནག་འཛིན་པ་སྤྲུལ་པའི་སྐྱེས་མཆོག་གཅིག༔ རྣལ་འབྱོར་མཆོག་དབྱངས་འཛམ་གླིང་བདེ་ལ་བཀོད༔ ཀརྨ་པ་ཞེས་སྐྱེ་བ་བཅུ་གཅིག་ཏུ༔ སྤྱན་རས་གཟིགས་ཀྱི་ཕྲིན་ལས་སྐྱོང་བྱེད་པ༔ མཚུར་ཕུ་ཞེས་བྱར་དུས་གསུམ་མཁྱེན་པ་འབྱུང་༔ དེ་རྗེས་ཀརྨ་པཀཱིས་མཐའ་དམག་ཟློག༔ རང་བྱུང་རྡོ་རྗེ་མཁྱེན་པའི་དཀྱིལ་འཁོར་རྒྱས༔ རོལ་པའི་རྡོ་རྗེས་དུས་གསུམ་གསལ་བར་གཟིགས༔ ཆོས་དཔལ་བཟང་པོ་ཟག་མེད་ཏིང་འཛིན་རྒྱས༔ ཞྭ་ནག་དྲུག་པ་འཛམ་གླིང་ཆོས་གྲགས་དཔལ༔ ཡི་དམ་ལྷ་ཡི་གསལ་སྣང་རྒྱུན་ཆད་མེད༔ མཚོ་སྐྱེས་རྡོ་རྗེས་མ་རུངས་གདུག་པ་འདུལ༔ མི་བསྐྱོད་རྡོ་རྗེས་མཐའ་ཡི་དམག་དཔུང་ཟློག༔ དབང་ཕྱུག་རྡོ་རྗེས་མདོ་སྔགས་བསྟན་པ་བཙུགས༔ ཆོས་དབྱིངས་རྡོ་རྗེས་ཉམས་ལེན་སྒྲུབ་སྡེ་འཛུགས༔ ཡེ་ཤེས་


CMR033_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་གདུལ་བྱའི་ལྷག་མ་སྐྱོང་༔ ཞེས་བཅུ་གཅིག་དང་༔ རཏྣ་གླིང་པའི་གཏེར་ཁ་ནས་བཅུ་གཉིས་བཤད་པའི་ཚིག་གོང་མ་ཐམས་ཅད་འདྲ་བ་ལས། བྱང་ཆུབ་རྡོ་རྗེ་དངོས་གྲུབ་དཔག་མེད་བརྙེས༔ ཞེས་དང་༔ བཅུ་གསུམ་འབྱོན་པ་ནི། རཏྣ་གླིང་པའི་ཨོ་རྒྱན་རིན་པོ་ཆེའི་བསྟན་པ་སྤྱི་ལུང་ཆེན་པོ་ལས། སྤྱན་རས་གཟིགས་དབང་བོད་ཡུལ་མིར་སྤྲུལ་པ། ཀརྨའི་མིང་ཅན་སྐྱེ་བ་བཅུ་གསུམ་དུ༔ འབྲེལ་ཚད་དོན་ལྡན་མཐའ་དམག་བཟློག་ཅིང་འདུལ༔ འབྲེལ་ཚད་བདེ་ཆེན་ཞིང་དུ་ཁྲིད་པ་འོང་༔ ཞེས་གསུངས་པའི་ན་རིམ་གོང་མ་རྣམས་ཀྱིས་གདུང་རྟེན་ལ་བཞེངས་པའི་སྐུ་འདྲ་རྣམས་ཏེ། རྟེན་གྱི་གཙོ་བོ་དུས་མཁྱེན་གྱི་སྐུ། ཁྱད་པར་འཕགས་པ་བདུན་དང་ལྡན་པ་ཡིན་ཏེ། བཟོ་བོ་ཁྱད་པར་དུ་འཕགས་པ་འཇམ་དབྱངས་ཀྱི་སྤྲུལ་པ་སྐྱུ་ར་ལྷ་ཆེན་གྱི་ཕྱག་བཟོ་ཡིན། སྐུ་ཁྱད་པར་འཕགས་པ་རིན་ཆེན་ཟི་ཁྱིམ་ལས་གྲུབ་པ།་བཟོ་ཁྱད་པར་དུ་འཕགས་པ་སྐུ་ཚད་ལས་གཉིས་འགྱུར་གྱི་ཚད་གཅིག་ལྡོགས་སུ་གྲུབ་པ། རབ་གནས་ཁྱད་པར་དུ་འཕགས་པ་འགྲོ་མགོན་རས་ཆེན་པས་རབ་གནས་མཛད་དུས། རྗེ་དུས་མཁྱེན་མངོན་སུམ་དུ་བྱོན་ནས་བྱིན་གྱིས་རླབས་པ། འགྲོ་དོན་


CMR033_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་འཕགས་པ་ལས་ཅན་འགའ་རེ་ལ་ཆོས་དྲུག་གསུངས་པས་ཆོས་དྲུག་ཏུ་གྲགས་པ།་མཛད་པ་ཁྱད་པར་དུ་འཕགས་པ་ཀླུ་རྒྱལ་སྔགས་ཀྱི་བདག་པོའི་ཕོ་བྲང་ཆུ་མིག་སྟེང་དུ་བཞུགས་ནས་ཀླུའི་ཁ་གནོན་མཛད་པ། བྱིན་རླབས་ཁྱད་པར་དུ་འཕགས་པ་དུས་ཕྱིས་བར་དུ་གསུངས་ཡང་ཡང་བསྒྲགས་ཤིང་རྗེ་དངོས་དང་ཁྱད་པར་མེད་པ་ཡིན་ནོ། །སྐྱེས་མཆོག་ཀརྨ་པཀྵིའི་སྐུ་ཚད་ལས་ཆེ་བ་འདི་གསེར་གར་བླུགས་གཅིག་ལྡོགས་སུ་གྲུབ་ཅིང་ནང་རྟེན་བསམ་ལས་འདས་པ་བདུད་དཔུང་ཟིལ་གནོན་བྱིན་རླབས་དཔལ་འབར་ཞེས་བྱ་བ་ཡིན་ནོ། རྗེ་དབང་ཕྱུག་རྡོ་རྗེའི་འདྲ་སྐུ་འདི་ནི་ཕུན་སུམ་ཚོགས་པ་གསུམ་དང་ལྡན་ཏེ། རྒྱུ་ཕུན་སུམ་ཚོགས་པ་རྒྱུ་དངུལ་སྲང་ཆེན་ཉིས་སྟོང་ལས་གྲུབ་པ། བཟོ་ཁྱད་པར་འཕགས་པ་སྐུ་ཚད་ལས་ཉིས་འགྱུར་གྱིས་ཆེ་ཞིང་ཆོས་གོས་ཀྱི་རི་མོ་ལའང་ལཉྩའི་མཚན་སྔགས་བཀོད་པ་དང་བྱོན་གཙང་ཞིང་སྐུ་ཚུགས་འདྲ་སྐུར་བྱོན་པ། ནང་ཞུགས་ནི་བྱིན་རླབས་ཀྱི་གཏེར་མཛོད་དུ་བཞུགས་པ་བརྗོད་པར་མི་ནུས་པ་བཞུགས། སྦྱིན་བདག་དང་རབ་གནས་ཞལ་བཀོད་ཐམས་ཅད། ༧ སི་ཏུ་ཆོས་ཀྱི་རྒྱལ་མཚན་པ་ཉིད་ཀྱིས་མཛད་པ་བྱིན་རླབས་དཔག་ཏུ་མེད་


CMR033_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཞན་རྣམས་ཀྱང་ན་རིམ་སོ་སོའི་འདྲ་སྐུ་གདུང་རྟེན་ལ་བཞེངས་པ་ཁོ་ན་སྟེ། ནང་རྟེན་ནི་བསམ་ལས་འདས་སོ། །དེང་སང་ཁ་ལ་བདུད་ཞུགས་ནས་ཕྱི་མ་ལྕེ་ལ་ལྕགས་སྲེག་གི་གླང་དོར་ལྔ་བརྒྱས་རྨོ་བར་འགྱུར་བའི་བསོད་ཟད་འགའ་ཞིག་ན་རེ། ཀརྨ་པ་རབ་བརྒྱད་ནི་སྤྱན་རས་གཟིགས་དངོས་ཡིན་ལ། རབ་བརྒྱད་ལས་མེད་པས། དེ་ཕྱིན་ཆད་ཀར་བརྫུ་ཡིན་ནོ་ཞེས་གཤེ་སྐུར་འདེབས་པ་ནི་ཤིན་ཏུ་ནས་སྙིང་རྗེ་བས། ལོག་ལྟ་ཅན་དེ་དག་ལ་ཕན་ཕྱིར་ཅུང་ཟད་བཤད་ན། སངས་རྒྱས་གླིང་པ་དང་རཏྣ་གླིང་པ་གཉིས་ཀའི་གཏེར་ཁ་ནས་ཚིག་མཚུངས་པར། དབང་ཕྱུག་རྡོ་རྗེའི་མདོ་སྔགས་བསྟན་པ་བཙུགས༔ ཞེས་དང་། ཞིག་པོ་གླིང་པའི་བསྟན་པ་སྤྱི་ལུང་ལས། དུས་རྟགས་རྣམས་ལུང་བསྟན་ཅིང་། ད་ལྟའི་ངན་ལམ་རྒྱལ་བ་མཆོག་དབྱངས་ཁྱོད༔ སྤྱན་རས་གཟིགས་དབང་ཐུགས་རྗེས་ཕྲིན་ལས་ཀྱི༔ ཀརྨའི་མིང་ཅན་ཁམས་ཀྱི་ཕྱོགས་ནས་འབྱུང་༔ ཡིག་དྲུག་སྒྲ་ཡིས་སྟོང་གསུམ་གང་བར་བྱེད༔ ཅེས་དང་། རྗེ་མི་བསྐྱོད་རྡོ་རྗེས། ཡུལ་ཏྲེ་ཤོད་གངས་ཀྱི་ར་བའི་སྟོད། །དཔལ་འཇིག་རྟེན་དབང་ཕྱུག་རང་བྱོན་དྲུང་། །ཆུ་སྒྲ་བཅས་དམ་ཆོས་ཉན་པ་ཡོད། །ས་དེ་དང་ཧ་ཅང་མི་རིང་


CMR033_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བར། །ང་སྐྱེ་བ་ལེན་པའི་མཚན་མ་མཐོང་། །ཞེས་དབང་ཕྱུག་རྡོ་རྗེ་ལུང་བསྟན་པ་དང་། ༈ རྗེ་དབང་ཕྱུག་རྡོ་རྗེས་ཆོས་དབྱིངས་རྡོ་རྗེ་ལུང་བསྟན་པ་ནི། ཡུལ་དེ་ལ་བེ་རི་མགོ་ལོག་ཟེར། །རྒྱབ་དེ་ན་ཕག་མོའི་ལྟོ་བ་འདྲ། །ཐད་དེ་ན་ཆོས་སྡེ་འབུམ་ཕྲག་སྣང་། །སྣ་དེ་ན་ལྕགས་ཀྱི་ཐག་པ་རྒྱུག །ཡབ་དེ་ལ་བེ་རུ་བཀྲ་ཤིས་གྲགས། །ཡུམ་དེ་ལ་སྤོས་རྡོ་ཨ་སྒྲོན་མ། །ང་སྐྱེ་བ་ལེན་པའི་མཚན་མ་མཐོང་། །ཞེས་ཕྱག་བྲིས་མཛད་ནས་ཞྭ་དམར་པ་ལ་གནང་བའོ། ༈ །བཀའ་ཐང་སྡེ་ལྔའི་ལོ་པཎ་བཙུན་མོ་བཀའ་ཐང་ལས། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་པ། ལོ་ཙཱ་རྒྱལ་བ་མཆོག་དབྱངས་འདི༔ རྒྱ་གར་བྱང་ཕྱོགས་མུ་སྟེགས་ཡུལ༔ དྷེ་ཝ་ཙནྟར་སྐྱེ་བ་ལེན༔ བསྟན་ཞབས་ལྔ་བཅུ་ཁ་རལ་དུས༔ ཆོས་དབྱིངས་མཚན་ཅན་ཞེས་བྱ་འབྱུང་༔ མི་སྲིད་པ་གཅིག་སྲིད་ནས་འོང་༔ དུས་འདི་འགྱུར་ཞིང་མི་རྟག་སྟེ༔ མི་རབས་བཅོ་བརྒྱད་བརྗེས་པའི་དུས༔ རྒྱ་ནག་མ་ནུའི་གནམ་ས་འདྲེ་ལོག་འགྱུར་བ་འབྱུང་༔ ཞེས་དང་། རིག་འཛིན་ལས་འཕྲོ་གླིང་པས། ལྷ་རི་སྣང་མཐའི་སྐུ་རྒྱབ་ནས་བཏོན་པའི་རྟ་ཕག་ཡིད་བཞིན་ནོར་བུའི་ལུང་བསྟན་


CMR033_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཆོས་དབྱིངས་རྡོ་རྗེ་ལུང་བསྟན་པ་ནི། ཆོས་འདིའི་བདག་པོ་ས་བཅུའི་སེམས་དཔའ་ཆེ༔ རྟ་ཕག་ཡིད་བཞིན་ནོར་བུའི་འོད་ཟེར་ནི༔ དགེ་སློང་ཀརྨའི་མིང་ཅན་འབྲུག་སྦྲུལ་ཡོས་ལོ་པ༔ སྐྱེ་བ་ཀུན་ཏུ་ཤཱཀ་ཐུབ་བསྟན་པ་སྐྱོང་༔ དེ་ལ་ཕྱི་ནང་གསང་བའི་བར་ཆད་མང་༔ དེ་ཡི་གཉེན་པོར་ཟབ་དོན་འདི་སྒྲུབས་ཤིག་ཉམས་ལེན་མཛད་པས་དངོས་གྲུབ་འཕྲལ་དུ་འོངས༔ རྨི་ལམ་ཉམས་ལ་དབུ་གཙུག་རྟ་སྐད་འཚེར༔ ཕྱག་མཚན་གསོར་བས་རི་ཉིལ་རྒྱ་མཚོ་འཐོར༔ སྡིགས་མཛུབ་གཏད་པས་རྡོ་རྗེའི་བྲག་རི་གས༔ ལྟ་སྟངས་གཟིགས་པས་འབྱུང་པོའི་ཡུལ་ཀུན་བསྐད༔ འབུམ་ཕྲག་བཅུ་ཡིས་འབྱུང་པོའི་གདུག་པ་ཟློག༔ ཁ་བ་ཅན་གྱི་སེམས་ཅན་བདེ་ལ་བཀོད༔ བསྐལ་པ་བཟང་པོའི་སྔར་སྲོལ་སླར་ཡང་དར༔ འབྲེལ་ཚད་དོན་ལྡན་དེ་ལ་གཏད་པས་ཕྱིས༔ དམ་ཉམས་བདུད་སྤྲུལ་ལྕེ་གཉིས་བརྡབ་པའི་མིས༔ བར་ཆད་བྱུང་ན་དེ་ནི་བསྒྲལ་ཤེས་གྱིས༔ ཞེས་དང་༔ ༧ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལུང་བསྟན་ལས༔ ཆོས་འདིའི་བདག་པོ་སྐལ་ལྡན་པ༔ ས་གནས་སེམས་དཔའ་ཆེན་པོ་གཅིག༔ དབང་ཆེན་རྟ་མཆོག་ཡབ་ཡུམ་གྱི༔ འོད་ཟེར་ལས་འཁྲུངས་


CMR033_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨའི་མཚན༔ འབྲེལ་ཚད་དོན་ལྡན་རྒྱལ་བ་ནི༔ བཞིན་རས་ཡོ་བྱད་གསུང་དབྱངས་ཕྲ༔ ཞབས་བསྒྲོས་ངང་པ་ཇི་བཞིན་དང་༔ སྨེ་བ་བྱི་སྲིན་འདྲ་བ་ནི༔ དཀར་དམར་ནག་གསུམ་རྒྱབ་ཏུ་ཡོད༔ འགྲོ་བ་དབང་འདུས་རྟེན་འབྲེལ་ཡིན༔ ཧཱིཐཾ་འབྲུ་གཉིས་སྲོག་འདབ་ལ༔་ཤིན་ཏུ་གསལ་བའི་ཕྱག་བྲིས་ཡོད༔ དབང་ཆེན་འོད་ཟེར་ངེས་པའི་རྟགས༔ དེ་ལ་ཆོས་འདིའི་གཏད་རྒྱ་གྱིས༔ རྟེན་འབྲེལ་འཁྱུགས་དང་དུས་ཡོལ་ན༔ ཆོས་བདག་གཞན་ལ་གཏད་པར་འོས༔ ༨༡༥༠ དྱཉཤ༔ འགའ་ཞིག་སྙིང་ལ་རྭ་ཙ་ཞུགས༔ བདུད་སྤྲུལ་ལྕེ་གཉིས་བརྡབས་པ་ཡིས༔ བར་ཆད་འབྱུང་སྲིད་དྲག་པོས་སྒྲོལ༔ ལས་ངན་རྒྱུ་རྐྱེན་ཚར་གཅོད་གྱིས༔ ཡང་ན་གདུགས་དཀར་སྟོང་རྩས་ཟློག༔ ཅེས་དང་། ཡེ་ཤེས་མགོན་པོ་མ་ནིང་ནག་པོའི་ལུང་བསྟན་ཉི་ཟླ་ཁ་སྦྱོར་ལས༔ ཡེ་ཤེས་མགོན་པོ་མ་ནིང་ཟབ་ཆོས་འདི༔ ཆོས་བདག་རྩ་བ་མཆོག་དབྱངས་ཀརྨའི་མཚན༔ ངེས་མེད་འཁྲུལ་པ་ཞིག་ཚུལ་བག་ལ་ཉལ༔ གཞན་ཡང་བློ་སེམས་མི་མཐུན་སྤང་བླང་བྲལ༔ དེ་ཡང་རླུང་སེམས་ཨ་ཝ་དྷུ་ཏིར་གནས༔ འཛམ་གླིང་རྒྱན་གཅིག་དེ་ལ་གཏད་རྒྱུ་གྱིས༔ ཕྱི་ནང་


CMR033_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མི་མཐུན་ཆག་སྒོ་ཟློག༔ ཡང་གཅིག་བདུད་སྤྲུལ་ནག་པོའི་སྦྲུལ་ལྕེ་བརྟན༔ གལ་སྲིད་ཆོས་འདི་ཕྱག་ཏུ་མ་འབྱོར་ན༔ རྒྱ་འདྲེ་སྤུན་དགུའི་སྒྲིབ་གཡོགས་འབྱུང་དོགས་ཡོད་ངེས་མེད་བར་ཆད་གསུམ་གྱི་གཞན་སྣང་ལོག༔ ཕ་རོལ་ལྟས་ངན་ལས་བསགས་སྡིག་ཏུ་འགྲོ༔ ཉ ཀ།ཡརྒཐཾམ༔ དེས་ན་སོ་བདུན་ཞེ་དགུའི་མཚམས་སུ་བསྒྲིམས༔ དེ་ལས་སྒྲོལ་ཞིང་མཐོང་ཐོས་དྲན་རེག་ཀུན༔ ཚོགས་གཉིས་མཐར་ཕྱིན་དལ་འབྱོར་དོན་ལྡན་འགྱུར༔ ཞེས་དང་། ཡང་གཅིག་དཀོན་མཆོག་སྤྱི་འདུས་ཡང་ཟབ་ནོར་བུའི་ལྡེ་མིག་ལས། དེ་འོག་ལྟེ་མཐོ་འོག་མ་ནི༔ ས་ཡི་འོག་ནས་འབྱུང་བར་འགྱུར༔ དུས་རྟོགས་མེད་ན་འདོན་མི་གཏུབ༔ མཆོག་དབྱངས་སྤྲུལ་སྐུ་ཀརྨའི་དོན༔ གསེར་གྱི་རྡོ་རྗེ་འོད་འབར་དང་༔ དངུལ་དྲིལ་བྱི་རུའི་བུམ་ཆུང་ཤེལ༔ གྲི་གུག་གཡུ་ཡི་མཎྜལ་དང་༔ སྙིང་ཐིག་ཆོས་དབྱིངས་རང་གསལ་གཞུན༔ དེ་ཉིད་འདོན་པའི་དུས་འབྱུང་གི༔ རྒྱལ་བ་ཀུན་གྱི་ཕྲིན་ལས་དེ༔ ལུང་པ་དེ་རུ་སྙན་དྲག་པོས༔ འཆི་ལ་ཐུག་ཐབས་ཟད་དེ་འབྱུང་༔ ཡང་ན་གཏེར་གནས་དེ་ཀ་རུ༔ དགོན་སྡེ་ཆོས་གྲྭ་དར་བ་འབྱུང་༔ མཚོ་ཡི་ནང་ནས་མེ་དམར་འབར༔ ཉིན་མོ་ཀུན་


CMR033_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐོང་བར་འོང་༔ རྟགས་མཚན་དེ་ལྟར་བྱུང་ཚེ་སྟོན༔ དུས་རྟགས་མེད་པར་འདོན་མི་རུང་༔ སྲོག་གི་ཕྱིར་ཡང་ཁར་མ་འདོན༔ གལ་ཏེ་དེ་ལས་འདས་པ་ན༔ གཏེར་བདག་ཁྲོས་ནས་དབང་པོ་བསྣུབ༔ དེ་ཕྱིར་སྤྱོད་པ་གཟབ་པར་རིགས༔ ཞེས་གསུངས་སོ༔ ལུང་བསྟན་འོད་ཀྱི་མེ་ལོང་ལས༔ སྡོང་པོ་གཉིས་ནི་དམར་ནག་ཞྭ་ཡི་མཚན༔ གངས་ཅན་བདག་པོ་ཐུབ་བསྟན་འཛིན་པའི་དཔལ༔ སྐྱེས་མཆོག་ཟུང་ལ་ཆོས་འདི་འཕྲོད་པ་ན༔ སྐུ་ཚེ་མཐར་ཕྱིན་རྟེན་འབྲེལ་མང་དུ་འགྲིགས༔ བོད་ཁམས་ཅུང་ཟད་བདེ་ལ་འཁོད་པར་འགྱུར༔ ཞེས་གསུངས་པ་དང་༔ ཨོཾ༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ ཤམ ། ༔ ན་མོ་གུ་རུ༔ ད་བླ་མ་བཟང་ངན་ལུང་བསྟན་ནི༔ སྟོང་ཉིད་ཆོས་ཀྱི་དབྱིངས་རོལ་ནས༔ རྡོ་རྗེ་ཐུགས་ཀྱིས་འགྲོ་དོན་མཛད༔ དུས་གསུམ་སངས་རྒྱས་སྤྱན་རས་གཟིགས༔ མཐོང་ཐོས་དྲན་པ་བཟང་ངན་འབྲེལ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་འདྲེན༔ ། འགྲོ་བ་ཀུན་གྱི་ཞྭ་ལྟར་དུ༔ སྤྱི་བོར་བཀུར་བ་སྣང་མཐའ་དམར༔ སྤྲུལ་སྐུ་ཅོད་པན་འཛིན་པ་ནི༔ འབྲེལ་ཐོགས་ངན་


CMR033_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སོང་འགྲོ་མི་སྲིད༔ ༈ གསང་བདག་དྲག་པོ་མཆོག་གི་སྤྲུལ༔ ཚངས་དབྱངས་གསུང་གི་སྤྲུལ་པ་ནི༔ འགྲོ་བའི་དོན་དུ་བྱོན་པ་འདི༔ མཐོང་བ་ངན་འགྲོར་ལྟུང་མི་སྲིད༔ ༈ རྟ་ཡི་སྣ་སྒྲ་སེ་སེར་བྱེད༔ དྷ་ཏི་རང་གྲོལ་རྟ་མགྲིན་པ༔ སྤྲུལ་པ་ཡིན་ནོ་མཐོང་དོན་ལྡན༔ ༈ སེམས་དཔའ་ཆེན་པོའི་སྤྲུལ་པ་སྟེ༔ མཐོང་ཚད་ངན་འགྲོར་འགྲོ་བ་མེད༔ ༈ དེས་གསུང་ཚད་མའི་ལུང་ལྟར་གྱིས༔ སེམས་ཅན་རྣམས་ཀྱི་དོན་ལས་ནི༔ གྲུབ་ཐོབ་ཆེན་པོའི་སྤྲུལ་པ་འདིའི༔ མཐོང་ཐོས་ངན་སོང་འགྲོ་བ་མེད༔ ཅེས་པ་དེང་སང་གི་གང་ཟག་བཟང་ངན་ཕལ་ཆེར་ལུང་བསྟན་སྐབས་ནས་གསུངས་སོ༔ དེ་ལྟར་རྒྱལ་བ་ཀརྨ་པ་རབ་བཅུ་གསུམ་འདི་ནི། ཤཱཀྱ་ཐུབ་པས་ལུང་བསྟན༔ ཨོ་རྒྱན་པདྨས་མཚན་གསོལ་བ་སྟེ༔ དགུ་པ་དབང་ཕྱུག་རྡོ་རྗེ༔ བཅུ་པ་ཆོས་དབྱིངས་རྡོ་རྗེ༔ བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ༔ བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ༔ ཨོ་རྒྱན་རིན་པོ་ཆེས་མཚན་གསོལ་བ་གཏེར་ཁ་དུ་མ་ནས་གསལ་ཞིང་༔ རབ་བཅུ་གསུམ་པའི་མཚན་ནི་མ་གསལ་ཡང་༔ བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་ཡིན་ཟེར་བའི་ངག་རྒྱུན་ཐོས་སོ༔ ཇོ་བོ་ཆུས་གདན་དྲངས་ལྷ་སའི་གཙུག་ལག་ཁང་དེ་ཀརྨ་


CMR033_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྲུལ་པ་ཀརྨའི་མཚན་ཅན་གྱིས་གསོ་བར་ལུང་བསྟན་ཅིང་༔ རབ་བཅུ་གསུམ་རྫོགས་ནས་ཞྭ་ནག་འཛིན་པའི་ཀརྨ་པ་ངོས་བཟུང་རྒྱུ་མི་འབྱུང་སྟེ༔ ༧ ལུང་བསྟན་ལས། དེ་ནས་ཀརྨ་པ་ཡི་མིང་གི་གྲངས༔ ཟངས་མདོག་དཔལ་རིའི་པདྨ་ང་ཉིད་དང་༔ བཀའ་བགྲོས་བསྟུན་ནས་སྤྲུལ་པ་དཔག་མེད་ཀྱིས༔ འགྲོ་བ་འཁོར་བ་མ་སྟོངས་བར་དུ་ཡང་༔ སྦས་པའི་ཚུལ་གྱིས་འགྲོ་བ་དཔག་མེད་འདྲེན༔ ཁྱད་པར་ཚེ་ལོ་གྲངས་མེད་འཕེལ་འགྱུར་པའི༔ རྒྱལ་པོ་དུང་ཞེས་ཆོས་ཀྱི་རྒྱལ་སྲིད་སྐྱོང་༔ བདེ་གཤེགས་བྱམས་པའི་སྦྱིན་བདག་ཆེན་པོར་འགྱུར༔ དེ་ནས་བྱམས་པ་མྱ་ངན་འདས་པའི་དུས༔ སྐྱེ་རྒུའི་ཚེ་ལོ་དྲུག་ཁྲིའི་དུས་ཀྱི་ཚེ༔ གྲོང་ཁྱེར་མེ་ཏོག་ལྡན་ཞེས་བྱ་བ་རུ༔ མཛད་པ་མཐར་ཕྱིན་རྫོགས་སངས་རྒྱས་ཚུལ་སྟོན༔ བདེ་གཤེགས་སངས་རྒྱས་སེང་གེ་སྟག་ཅེས་བྱ༔ རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་གཅིག༔ ཡབ་ནི་རྒྱལ་པོ་སེང་གེ་སྟག་ཅེས་བྱ༔ ཡུམ་ནི་དགའ་བའི་དབང་མོ་ཞེས་བྱ་སྟེ༔ སྲས་ནི་སྟོབས་ཆེན་རིམ་གྲོ་དེས་པའོ༔ ཤེས་རབ་ཅན་གྱི་མཆོག་ནི་ཡེ་ཤེས་རྩལ༔ རྫུ་འཕྲུལ་ཅན་གྱི་མཆོག་ནི་སྤྲིན་ལྡན་ནོ༔ འདུས་པ་དང་པོ་ཉན་ཐོས་ཐེར་


CMR033_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གཅིག༔ གཉིས་པ་ཉན་ཐོས་ཐེར་འབུམ་ཕྲག་དགུ་འབྱུང་༔ གསུམ་པར་ཉན་ཐོས་དུང་ཕྱུར་ཕྲག་དགུ་འབྱུང་༔ སྐུ་ཚེའི་ཚད་ནི་བདུན་ཁྲིའི་བར་དུ་འོ༔ དམ་ཆོས་ཚད་ནི་བྱེ་བའི་བར་དུའོ༔ དེ་ལྟར་རྫོགས་སངས་རྒྱས་པའི་ཚུལ་བསྟན་ནས༔ སྤྲུལ་པས་འགྲོ་དོན་འཁོར་བ་མ་སྟོང་བར༔ མཁའ་མཉམ་སེམས་ཅན་རྣམས་ཀྱི་དོན་མཛད་དེ༔ ཞེས་པ་སངས་རྒྱས་གླིང་པའི་གཏེར་ཁ་ནས་བྱོན་པ་དང་༔ རིན་ཆེན་གླིང་པའི་ཤོག་སེར་ལས་ཀརྨ་པ་ཞེས་ཡོངས་སུ་གྲགས་ཤིང་རབ་བྱུང་ཆས་ལ་ཞྭ་ནག་འཛིན་པ་སྐྱེ་བ་བཅུ་གསུམ་གྱི་བར་དུ་རྒྱ་བོད་མཁས་གྲུབ་ཀྱི་ཚུལ་བཟུང་སྟེ་བསྟན་པ་ཕྱོགས་བཅུར་སྤེལ་བར་མཛད་དོ༔ ཞེས་དང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལུང་བསྟན། ཀརྨ་གླིང་པའི་གཏེར་མ་ལས། སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར༔ འགྲོ་འདྲེན་ཀརྨའི་སྐྱེ་བ་རྫོགས་མི་འགྱུར༔ དེ་ལ་འདུན་བྱེད་བདེ་བ་ཅན་དུ་སྐྱེ༔ སྐད་ཅིག་ཆ་ཤས་དེ་ཡི་ཞལ་མཐོང་བ༔ སྐྱེ་བ་བདུན་གྱི་ལས་སྒྲིབ་ངེས་པར་འདག༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱང་ཆུབ་སེམས༔ ངེས་པར་འབྱུང་འགྱུར་རྗེ་འབངས་སྤྱི་བ་གྱིས༔ དེ་ཉིད་གང་དུ་གནས་ཀྱང་ལོངས་སྤྱོད་འདུ༔ ཞེས་དང་། མདོ་སྡེ་


CMR033_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བཟང་ལས། སེང་གེ་ཞེས་བྱ་སྣང་མཛད་འགྱུར། །སངས་རྒྱས་དགུ་བརྒྱ་དགུ་བཅུ་ཡི། །རྩ་དགུའི་མཛད་པ་ཇི་སྙེད་ཀུན། །དེ་ཀུན་དེ་ཡིས་མཛད་པར་འགྱུར། །འཇིག་རྟེན་ཕན་ཕྱིར་སངས་རྒྱས་སྙིང་པོ་དག །མྱ་ངན་འདས་པའི་དམ་ཆོས་གནས་འགྱུར་པའི། །ལོ་གྲངས་སྟོང་ཕྲག་དག་གི་མཐའ་ཡང་གནས། །ཞེས་གསུངས་པ་དང་། རྗེ་ཆོས་གྲགས་རྒྱ་མཚོས། རྒྱལ་བ་བྱམས་པའི་རྒྱལ་ཚབ་ཉིད་མཛད་ནས། །བསྐལ་བཟང་སངས་རྒྱས་དྲུག་པ་ནས་བཟུང་སྟེ། །སྣང་མཛད་བར་དུ་སྤྲུལ་པའི་རྫུ་འཕྲུལ་སྟོན། །ཀརྨ་པ་ཡི་སྨོན་ལམ་བདག་འགྲུབ་ཤོག །ཅེས་གསུངས་པས། ཀརྨ་པ་ཞྭ་ནག་ཅོད་པན་འཛིན་པ་བཅུ་གསུམ་ཁོ་ནའང་ཡིན། སྤྲུལ་པ་ནི་འཁོར་བ་མ་སྟོང་བར་ལ་རྒྱུན་མི་འཆད་དེ། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གང་ཞིག་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་གྱི་རྟག་པ་ཡིན་པའི་ཕྱིར་རོ། །དེ་ཡང་འདིར་ན་རིམ་སྔར་བྱོན་པ་རྣམས་ཀྱིས་འདྲ་སྐུ་བཞེངས་པའི་དོན་ནི། དུས་ཀྱི་འཁོར་ལོ་བླ་མ་ཡོངས་སུ་བཟུང་བའི་རྒྱུད་ལས། རྒྱལ་པོ་ཟླ་བ་བཟང་པོའི་མཁྱེན་སྤྱན་སྟོན་པ་ཉིད་ལ་ནི་འདི་སྐད་ཞུས། ༧ ཡོན་ཏན་འབྱུང་གནས་བླ་མ་དག་


CMR033_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་གྱུར་ན་བསྙེན་བཀུར་ཡུལ་མེད་པས། །དེ་ཚེ་བསྙེན་བཀུར་བགྱིད་ཐབས་མཆིས་སམ་ཅི། །བཅོམ་ལྡན་རྡོ་རྗེ་འཆང་གིས་བཀའ་སྩལ་པ། །མཚན་ཉིད་ལྡན་པའི་བླ་མ་འདས་པའི་ཚེ། །ཞེས་སོགས་ནས། གསེར་རམ་བཻཌཱུརྱ་སོགས་རིན་ཆེན་ནམ། །ཙནྡན་ཤིང་སོགས་འཇིམ་པའི་ལྡེག་སྐུ་ལ། །རི་མོ་ལས་གྲུབ་འདྲ་འབག་ལས་བྱས་ནས། །ཞེས་སོགས་ནས། མདུན་དུ་མཆོད་རྫས་ཇི་སྙེད་སོགས་བཤམས་ནས། །བཤགས་དང་ཕྱག་འཚལ་ལ་སོགས་བཅུ་བྱས་ན། །དེ་དང་མཚུངས་པའི་དགེ་བ་ངས་མི་རྙེད། །དེ་ཚེ་བླ་མའི་ཡོན་ཏན་དྲན་པ་དང་། །བཀའ་དྲིན་མཛད་པ་རྣམ་ཐར་བྱིན་རླབས་དང་། །རྣམ་པ་ཆ་ལུགས་རྗེས་སུ་དྲན་བྱས་ནས། །དད་མོས་གུས་ཤིང་ཤིན་ཏུ་གདུང་བ་ཡི། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པའི་བློས། །ཡང་དང་ཡང་དུ་གསོལ་བ་དྲག་པོ་གདབ། །དེ་ཡིས་མ་འོངས་འཁོར་གྱི་གཙོ་བོར་འགྱུར། །འབག་དང་དམ་ཚིག་ཉམས་ཆག་སོར་ཆུད་ནས། །བར་ཆད་ཞི་ཞིང་སྒྲིབ་གསུམ་མ་ལུས་བྱང་། །ཚོགས་གཉིས་རྫོགས་ནས་འགྲོ་བ་འདྲེན་པར་འགྱུར། །ཞེས་གསུངས་པས་སྐུ་འབག་འདི་རྣམས་ཀྱི་མདུན་དུ་ཞེ་ཐག་པ་ནས་བཤགས་ན་སྡིག་ལྟུང་


CMR033_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆག་ཐམས་ཅད་བྱང་། གསོལ་བ་བཏབ་ན་བར་ཆད་ཐམས་ཅད་ཞི་ཞིང་། ཤེས་བྱའི་སྒྲིབ་པ་ཉོན་མོངས་པའི་སྒྲིབ་པ་སྙོམས་འཇུག་གི་སྒྲིབ་པ་ཐམས་ཅད་བྱང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་ཆེས་སོ། ༈ །དེ་ནས་བཀའ་བཞི་ལྷ་ཁང་དུ་ཕྱིན་ནས། །འོག་ན་ཐུབ་པའི་སྐུ་མང་དུ་བཞུགས་པས་ཐུབ་པ་ལྷ་ཁང་དུ་གྲགས། རྟེན་གྱི་གཙོ་བོར་འགྲོ་མགོན་རས་ཆེན་གྱི་སྐུ་འདི་ཡིན་ཏེ། དེ་ཡང་དཔལ་མཁའ་འགྲོ་ཡང་སྙིང་དྲྭ་བ་སྡོམ་པའི་རྒྱུད་ཆེན་ལས། ཕྱི་མར་གྱུར་པའི་དུས་ཀྱི་ཚེ། །སངས་རྒྱས་གཉིས་པ་ལྟ་བུ་ཡི། །རྣལ་འབྱོར་པ་ནི་རྣམ་པ་བརྒྱད། །འགྲོ་བའི་དོན་ཕྱིར་འབྱུང་བར་འགྱུར། །ཞེས་སོགས་ནས། མེ་མཚོ་དཔལ་འདྲེན་ཞེས་བྱ་བར། །རྒྱལ་སྲས་ཌོམྦྷི་ཧེ་རུ་ཀས། །སྟག་ཞོན་སྤྲུལ་གྱི་གདེངས་ཁར་བཅས། །རིགས་ངན་བུད་མེད་དང་བཅས་རོལ། །ཞེས་སོགས་ནས། རྣལ་འབྱོར་བརྒྱད་པོ་འདི་དག་ནི། །འབྲིའམ་དྲན་ནམ་མཚན་བརྗོད་དམ། །ཐོས་ནས་མོས་པ་གང་བྱེད་པ། །དེ་ནི་བདེ་མཆོག་གོ་འཕང་ཐོབ། །ཅེས་གསུངས་ཤིང་རྒྱ་གར་ན་ཌོམྦི་པའི་མཚན་


CMR033_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་གསུམ་འབྱུང་བའི་ནང་ནས། ཌོམྦྷི་ཧེ་རུ་ཀ་ཆེན་པོ་འདི་ནི་གུ་རུ་པདྨ་དང་ཐུགས་རྒྱུད་གཅིག་པ་སྟེ། པདྨ་བཀའ་ཐང་ལས། རེས་འགའ་པདྨ་ཌོམྦི་པ་ཞེས་གྲགས། ཞེས་གསུངས་པ་དང་། གྲུབ་ཆེན་ཀརྨ་པཀིས། ཌོམྦྷི་ཧེ་རུ་ཀ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་མིང་ལ་ཐ་དད་ཡོད་ཀྱང་དོན་ལ་ཐ་དད་མེད་པ་སྟེ། ཞེས་གསུངས་པ་དང་། དུར་ཁྲོད་ཧ་ཧ་སྒྲོགས་པ་ཌོམྦྷི་ཧེ་རུ་ཀ་ཨཎྜི་རང་ཞེས་ཀྱང་བྱ་བ་ཡེ་ཤེས་མགོན་པོ་ཉིད་དང་ཐ་དད་མེད་པ་སྟེ། ཞེས་གསུངས་པའི་གྲུབ་ཆེན་དེ་བོད་དུ་སྐྱེ་བ་བཞེས་པ་ནི། འགྲོ་མགོན་རས་པ་ཆེན་པོ་དེ་ཉིད་ཡིན་པར་ངེས་པ་སྟེ། ཨོ་རྒྱན་ཆེན་པོའི་ལུང་བསྟན་བཀའ་རྒྱ་མ་ལས། སྔགས་ཀྱི་ཡེ་ཤེས་རྣལ་འབྱོར་མཐུ་ཆེ་བ༔ རྫུ་འཕྲུལ་མཐུ་ལྡན་སྤྲུལ་དང་སྤྲུལ་བསྒྱུར་སྟོན་རྣལ་འབྱོར་སྔགས་སྤྱོད་གྲགས་པའི་མིང་འཛིན་ཅིང་༔ བསྟན་པའི་སྲོལ་འཛིན་སྟོབས་དང་ལྡན་པར་འབྱུང་༔ ཞེས་ལུང་བསྟན་པའི་རས་ཆེན་དར་མ་གྲགས་དེ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པའི་སྙིང་པོ་འོག་མིན་ཀརྨའི་གདན་ས་འདི་ཉིད་དགེ་འདུན་གྱི་སྡེ་བཙུགས་པ་སོགས་དར་རྒྱས་སུ་མཛད། རྗེ་ཉིད་ཀྱི་གཟིམ་མལ་སྐུ་འདྲ་འདི།་རྒྱལ་སྲས་སྤོམ་བྲག་པས་


CMR033_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཤིང་རབ་གནས་མཛད། ནང་རྟེན་རྗེ་ཉིད་ཀྱི་འཕེལ་གདུང་དང་དབུ་ལོ་གདུང་ཐལ་རུས་སོགས་བཞུགས་ཤིང་། འགྲོ་མགོན་རས་ཆེན་ཉིད་མཇལ་བ་དང་ཁྱད་པར་མེད་ཅིང་གསུང་ལན་མང་དུ་བྱོན་པ་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་མཇལ་བ་ན། ཞལ་དབུགས་རྒྱུ་བ་དང་སྤྱན་ལྡེབ་པ་སོགས་ཡ་མཚན་དཔག་ཏུ་མེད་དོ། །འདི་དང་མཉམ་དུ་རྗེ་དུས་མཁྱེན་གྱི་སྐུ་འདྲ་འདི་ཡང་བཞེངས་ཏེ། དད་རྟེན་རིང་བསྲེལ་རྣམས་ས་བཞིས་བཀང་གསུང་བསྒྲགས་པར་གྲགས་སོ། །གཞན་ཡང་རྟེན་བྱིན་རླབས་ཅན་དཔག་ཏུ་མེད་པ་བཞུགས་སོ། །སློབ་དཔོན་པདྨ་འབྱུང་གནས་དང་ཡེ་ཤེས་མགོན་པོ་དབྱེར་མེད་པའི་སངས་རྒྱས་ས་ལ་རབ་ཏུ་གནས་ཤིང་། མཆོད་གནས་ཆེན་པོ་བྱེད་པ་དང་གཞི་ལ་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་གནས་སུ་འགྱུར་ཞིང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་ལམ་ཚོལ་བའི་ངང་ཚུལ་ཅན། ཐེག་པ་ཆེན་པོ་ལ་དད་པས་ཏིང་ངེ་འཛིན་ལ་གཞོལ་བར་འགྱུར་རོ། །ཞེས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། །བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། །ལི་ཡུལ་བོད་ཀྱི་གྲོང་ཁྱེར་དེར། །སྐྱེ་བ་དག་ཀྱང་བཞེས་འགྱུར་ཞིང་། །


CMR033_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་འདྲ་བར་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར། སྤྱིར་བོད་དུ་ལུང་བསྟན་པ་ལྟར། སྤྱིར་བཏང་བོད་དུ་བསྟན་པ་དར་ཞིང་། ཁྱད་པར་ཀརྨ་སངས་རྒྱས་ཀྱི་གདན་ས་འདི་བྱང་ཆུབ་ཆེན་པོའི་གནས་ཡིན་ཅིང་། སྐལ་བཟང་སངས་རྒྱས་རྒྱལ་བ་ལྔ་པ་བྱམས་པའི་སྤྲུལ་པ། བྱང་ཆུབ་སེམས་དཔའ་སི་ཏུ་སྤྲུལ་པའི་སྐུ་ན་རིམ་རྣམས། མི་ལས་འདས་ཀྱང་མི་དང་འདྲ་བ་ཡང་ཡང་སྐྱེ་བ་བཞེས་ནས། གཙུག་ལག་ཁང་འདི་ཡི་ཞིག་གསོས་དང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་སྟེ། ཁྱད་པར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། མ་འོངས་འདི་འཛིན་ཆོས་ཀྱི་བཤེས་གཉེན་ཀྱང་༔ ཆོས་སྤྱོད་བསྟན་པའི་སྲོལ་འཛིན་རྣལ་འབྱོར་པ༔ འགྲོ་བའི་དོན་བརྩོན་རྒྱུད་མར་རིམ་བཞིན་དུ༔ ཆོས་ཀྱི་གྲགས་པ་ཆོས་ཀྱི་དབང་ཕྱུག་དང་༔ ཆོས་དབྱིངས་ཡེ་ཤེས་ཆོས་རྒྱལ་དཔལ་བཟང་པོ༔ ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་བློ་གྲོས་དང་༔ ཆོས་ཀྱི་སྤྱན་ཅན་བྱང་ཆུབ་སེམས་དཔའ་དྲུག༔ རྒྱལ་བའི་སྤྲུལ་པས་འདི་འཛིན་འགྲོ་བ་འདྲེན༔ ཞེས་ཆོས་ཀྱི་མཚན་ཅན་བྱང་ཆུབ་སེམས་དཔའ་དྲུག་ལུང་བསྟན་པའི་ནང་ནས་སི་ཏུ་ཆོས་ཀྱི་རྒྱལ་མཚན་པ་དེ་ཉིད་ཀྱིས། ༧ རྗེ་དབང་ཕྱུག་རྡོ་རྗེས་གདན་ས་ཀརྨའི་


CMR033_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་འདི་ཡི་ཞིག་གསོས་དང་སྔར་བས་ཆེར་བསྐྱེད་པར་མཛོད་གསུངས་པ་ལ་བརྟེན་ནས། གཅོ་ཁང་རྩག་རེ་ཡར་སྤར་བ་དང་། རྒྱ་ཆེར་བསྐྱེད་པ་དང་། སྟེང་ཤོད་ཀྱི་ལོགས་བྲིས་ཐམས་ཅད་བཞེངས་པ་སོགས། གདན་ས་འདི་ལ་བཀའ་དྲིན་མཛད་པ་ནི། ཁོང་ལས་ཆེ་བ་སྔར་མ་བྱུང་བ། རྗེ་ཉིད་ཀྱི་གདུང་ཐལ་རུས་སོགས་བཞུགས་ཤིང་གདུང་རྟེན་དུ་བཞེངས་པ་ཡིན་ནོ། །བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། མཚན་ཉིད་ལྡན་པའི་བླ་མ་འདས་པའི་ཚེ། ཞེས་སོགས་ནས་གདུང་བཞུ་ལུགས་སོགས་གསུངས་ནས༔ ཐལ་བ་སྐུ་ཁྲུས་གསོལ་ནས་མཆོད་རྟེན་བཞེངས། །རབ་ཏུ་གནས་པ་བྱས་ཤིང་མཆོད་པ་འབུལ། །ཕྲ་རབ་རྡུད་སྙེད་འཁོར་ལོས་སྒྱུར་བ་ཐོབ། །མཚན་དང་དཔེ་བྱད་འབར་བའི་ས་ཐོབ་འགྱུར། །ཞེས་གསུངས་པས། འདིའི་མདུན་དུ་མར་མེ་མཆོད་པ་ཕྱག་དང་སྙན་དར་སོགས་ཕུལ་ན། ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་གིས་བརྒྱན་པའི་ལུས་ཀྱང་ཐོབ་པ་ནི། བཅོམ་ལྡན་འདས་ཀྱི་


CMR033_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡིན་ནོ། །གཞན་འདི་ན་རིས་སུ་བྲིས་པ་དང་། ལུགས་སུ་བླུགས་པའི་རྟེན་མང་དུ་བཞུགས་སོ། ༈ །དེ་ནས་བཀྲ་ཤིས་གསར་མའི་ནང་དུ་ཕྱིན་ནས། དེ་ནས་དཔལ། ལྡན་དུས་གསུམ་མཁྱེན་པ་དེ་ཉིད་སྐུ་ན་ཕྲ་མོའི་དུས་ན་ཡབ་ལ་ཞུས་པ་ལྷ་མོ་རང་བྱུང་རྒྱལ་མོ་བསྒྲུབས་པས་རྡོ་ལ་ཞབས་རྗེས་བཞག་སྟེ། ལྷ་མོའི་སྒོ་ནས་གྲུབ་པ་ཐོབ་པའི་ཚུལ་བསྟན། །དགྲ་ཞིག་ཡོད་པ་དེ་རྟས་བརྡབས་ནས་ཤི། དེ་ནས་བཟུང་སྟེ་དུས་གསུམ་མཁྱེན་པའི་གདན་ས་དང་ཆོས་བརྒྱུད་ལ་ལྷ་མོ་རྒྱུད་ལྷར་གྱུར། ༧ འགྲོ་མགོན་རས་ཆེན་གྱིས་བེར་ནག་ཅན་དངོས་སུ་འགྲུབ་ནས་བླ་མ་མགོན་པོ་དབྱེར་མེད་གྱུར་ནས། མཐུ་སྟོབས་དབང་ཕྱུག་འགྲོ་མགོན་རས་པ་ཆེན་པོ་ཡོངས་སུ་གྲགས་སོ། །གནས་འདིར་ལྷ་མོ་རང་བྱུང་རྒྱལ་མོ་ཡང་ཡང་དུ་ཞལ་གཟིགས་པ་ལ་བརྟེན་ནས་རྟེན་བཙུགས་སོ། །སྤོམ་བྲག་པས་ཀྱང་གནས་འདིར་ཆོས་སྐྱོང་མ་མགོན་སྤྲུལ་པ་བསམ་གྱི་མི་ཁྱབ་པ་ཞལ་གཟིགས། ཁྱད་པར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། བསིལ་བ་ཚལ་གྱི་ཆོས་སྐྱོང་གི༔ རྣམ་འཕྲུལ་ཀརྨ་པ་ཞེས་གྲགས༔ སྐྱེ་བ་དུ་མར་འགྲོ་དོན་མཛད༔ ཅེས་དང་། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། དཔལ་མགོན་


CMR033_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བེར་ནག་ཅན་དང་། མིང་ཡོངས་སུ་གྲགས་པའི་ཀརྨ་པ་གཉིས་ལ་ཐ་དད་མེད་པར་ཤེས་སམ་མི་ཤེས། དེའི་ཕྱིར་ན་དུས་གསུམ་དུས་མེད་ཐམས་ཅད་དུ། མགོན་པོ་འཁོར་དང་བཅས་པ་འདིའི་བྱ་བ་དང་ཕྲིན་ལས་ཐམས་ཅད་བསྒྲུབ་པ་ཡིན་པར་ཀུན་གྱིས་ཤེས་པར་མཛོད། ཅེས་དང་། ལྷ་མོའི་ཞལ་ནས། དུས་གསུམ་མཁྱེན་པའི་བརྒྱུད་པ་འཛིན་ཅིང་གདན་ས་སྐྱོང་བ་རྣམས། སྒྲུབ་ཐབས་མི་ཤེས་ཀྱང་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་ངེད་ཀྱིས་སྡོང་གྲོགས་དང་ཕྲིན་ལས་ཐམས་ཅད་སྒྲུབ་པ་ཡིན་ཟེར་བ་ཡང་ཡང་བྱུང་གསུངས་བའི་ཕྱིར། གདན་ས་འདི་ལ་ཆོས་སྐྱོང་མ་མགོན་ལྕམ་དྲལ་དངོས་སུ་བཞུགས་པ་ཡིན་ལ། གྲུབ་ཆེན་ཀརྨ་པཀྵིའི་གནས་ཀྱི་གཙོ་བོ་བཀྲ་ཤིས་གསར་མ་འདི་ཡིན་ཏེ། རྗེ་དེ་ཉིད་ཀྱིས་མཛད་པའི་བཀྲ་ཤིས་སྒོ་མང་ལས། བཀྲ་ཤིས་གསར་མའི་དགོན་པ་ན། །སྣང་སྲིད་ཟིལ་གནོན་རྣལ་འབྱོར་པ། །ཀརྨ་པཀྵིའི་ཐུགས་དམ་བསྐང་། །ཞེས་གསུངས་སོ། །དེས་ན་འདི་ནི་གྲུབ་ཆེན་རིན་པོ་ཆེའི་གཟིམ་ཁང་ཡིན་པས་བྱིན་རླབས་ཆེ་ལ་ཤིན་ཏུ་གཉན། ༧ རྗེ་རང་བྱུང་བ། དེ་བཞིན་གཤེགས་པ། དོན་ལྡན་ཞབས་སོགས་ན་རིམ་མང་པོའི་རྟེན་གཏོར་


CMR033_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གཉན་པ་བཞུགས། ཁྱད་པར་བསྐང་གསོའི་རྒྱུན་འདི་ཡང་སྔར་ནས་མ་ཆད་ཅིང་། ༧ རྗེ་ཆོས་གྲགས་རྒྱ་མཚོའི་ཐུབ་ཆེན་བཞེངས་པའི་བླུགས་གཉའ་ལ་རང་བྱོན་དུ་གྲགས་པའི་ཟུམ་མགོན་གྱི་སྐུ་སོགས་ཕྱི་ནང་གསང་བའི་རྟེན་བསམ་ལས་འདས་པ་བཞུགས་སོ། །དེ་ཡང་འཕགས་པ་རིན་ཆེན་དཔུང་རྒྱན་ལས། བར་སྣང་གི་ལྷ་རྣམས་ཀྱིས་མགོན་པོ་ལ་བསྟོད་པ་ལས། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོགས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེས་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀརྨ་པ་དེ་ཉིད་ཡེ་ཤེས་མགོན་པོར་སྐུར་བཞེངས་པ་ནི། བེར་ནག་ཅན་ཡིན་པས། འདིར་གསོལ་ཁ་མཆོད་བསྟོད་སྙན་དར་སོགས་བྱས་ན། བར་ཆད་སེལ་བ་དང་། བཀྲ་ཤིས་པ་དང་། ཕྱི་མ་ལམ་སྣ་འདྲེན་པ་དང་། འཕགས་པ་རིན་ཆེན་དཔུང་རྒྱན་དང་། སྲོག་གི་འཁོར་ལོའི་རྒྱུད་གཉིས་ཚིག་མཐུན་པར་བསྟོད་པའི་ལེའུ་ལས། སྐྱེ་བོ་ཕལ་ཆེར་རྣམས་ཀྱི་སྐྱབས་གྱུར་ཁྱོད། །ཐུགས་རྗེས་དབང་གིས་འགྲོ་བའི་དོན་མཛད་པ། །


CMR033_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ནད་རྣམས་སེལ་བར་བྱེད་པ་སྨན་པའི་མཆོག །ཚོགས་བདག་བྱིན་གྱིས་གྲུབ་པའི་གནོད་པ་སེལ། །འདི་དང་ཕ་རོལ་གཉིས་ཀ་ཕུན་སུམ་ཚོགས། །འདོད་པ་གཞན་ཡང་ཡིད་ལ་འབྱུང་བ་བཞིན། །དེ་བཞིན་འདོད་པ་ཐམས་ཅད་ལག་ཏུ་སྦྱིན། །སྨན་སྟོང་ལྟ་ན་སྡུག་པས་དུག་གཞིལ་འདྲ། །དཀོན་མཆོག་གཙུག་ལག་ཁང་ནི་སྐྱོང་བར་མཛད། །དགེ་བསྙེན་འཁོར་ཀུན་ལེགས་པར་འཕེལ་བར་མཛད། །གཞོན་ནུ་གཞོན་སྡེ་ཀུན་གྱིས་རྒྱས་པར་མཛད། །།ལོག་འདྲེན་དགྲ་བགེགས་མ་ལུས་འདུལ་བར་མཛད། །སེམས་ཅན་ཀུན་ལ་ཕན་གདག་སྙིང་ལ་བསམ། །ཞེས་དང་། ལྷ་མོ་བསྟོད་པའི་རྒྱུད་ཆེན་པོ་ལས། ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ལྷ་མོ་འདི་ལ་བསྟོད་པ་ནི། ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་ལ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །དེ་ཡི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་དང་། ནག་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། ལེགས་ལྡན་བཀའ་ཆད་འབྱུང་བའི་གནས། །ཅི་ཡང་ངེས་པ་མེད་པ་ནི། །ལེགས་ལྡན་ནག་པོ་སྒྲུབ་པ་ན། །དམ་ལ་ཉམས་པ་བྱུང་མ་ཐག །དུས་དེ་ཉིད་དུ་ལས་རྣམས་བྱེད། །


CMR033_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་སྔགས་ཀྱིས་སུས་ཟིན་པ། །ཐ་མ་རྩ་བ་བདུན་བརྒྱུད་ཆོད། །གང་ལ་དམིགས་པའི་སྲོག་དབུགས་ལེན། །ཉམས་པ་རྣམས་ལ་ཆད་པ་གཅོད། །ཅེས་གསུངས་པས། གདན་ས་ཆེན་པོ་འདི་ལ་གནོད་འཚེ་དང་དམ་ལས་འདས་ན། རྩ་བ་བདུན་བརྒྱུད་ཆད་པ་ནི་ཕྱག་ན་རྡོ་རྗེའི་བཀའོ། མགོན་པོའི་འཁོར་གྱི་ཕྱག་ན་རྡོ་རྗེ་དང་། ཡེ་ཤེས་མགོན་པོའི་དྲུང་དུ་ཁས་བླངས་སོ། །སྟོན་པ་ཁྱོད་ཀྱི་སངས་རྒྱས་ཀྱིས། །ངེད་ལ་ཐུགས་རྗེ་མ་ཆུང་ཞིག །སེམས་ཅན་མི་བསྲུན་ལས་ངན་པ། །བདག་ཅག་རྣམས་ཀྱི་འདུལ་སྐལ་གྱིས། །གསང་བདག་ཕྱག་ན་རྡོ་རྗེ་དང་། །ལེགས་ལྡན་ནག་པོ་ཉིད་དང་ནི། །བདག་ཅག་འཁོར་རྣམས་ཐམས་ཅད་ཀྱིས། །སངས་རྒྱས་བསྟན་པ་མ་ནུབ་བར། །དམ་ཚིག་ཅན་གྱི་གྲོགས་བྱ་ཞིང་། །སྔགས་དང་སྙིང་པོ་སུས་འདྲེན་པ། །རང་ཅག་རྣམས་ཀྱི་དམ་ཚིག་ལགས། །ཆོས་བྱེད་རྣམས་ལ་མགོན་བྱ་ཞིང་། །དམ་ལས་ཉམས་ན་ཆད་པ་གཅོད། །གང་ཞིག་ངེད་ལ་སུས་བརྟེན་པ། །ཚེ་དང་དབང་ཐང་སྤེལ་བྱ་ཞིང་། །འཁོར་བཅས་ནོར་ཕྱུགས་སྤེལ་བར་བྱ། །དུས་ལས་ཡོལ་བར་མི་བྱ་ཞིང་། །དམ་ལ་འདའ་བར་མི་བྱའོ། །ངེད་ཀྱི་བཀའ་ལས་


CMR033_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སུས་འདས་པ། །དུག་དང་རིམས་དང་སྨྱོ་འབོག་དང་། །རྡོ་རྗེ་སྲིན་པོའི་ཁྲག་འཐུངས་ནས། །།རྡོ་རྗེ་དམྱལ་བར་ན་ར་ཀན། །སྒྲུབ་པ་པོ་ཡི་གྲོགས་བྱ་ཞིང་། །འཁོར་རྣམས་བཀྲ་ཤིས་ཕུན་སུམ་ཚོགས། །ཞེས་གསུངས་པས། གདན་ས་ཆེན་པོ་འདི་ལ་བཀུར་སྟི་དང་གུས་ཞབས་བྱས་ན་བཀྲ་ཤིས་དང་བདེ་ལེགས་འབྱུང་། ནད་གདོན་དང་བར་ཆད་ཞིའོ། །གདན་ས་ཆེན་པོ་འདི་ལ་གནོད་པ་དང་བསམ་པ་ངན་པ་ཕྱི་ནང་སུས་བྱས་ན། བཀའ་ཆད་ངེས་པར་འབྱུང་བ་ནི། སྐྱེས་བུ་ཆེན་པོ་དང་། ཁྱབ་འཇུག་རཱ་ཧུ་ལ་དང་། ཀླུ་བདུད་རྡོ་རྗེ་རྒྱལ་པོ་དང་། བཙན་ཀླུ་བདུད་གསུམ་ལ་སོགས་པ་མགོན་པོའི་འཁོར་གདུག་པ་ཅན་རྣམས་ཀྱིས་ལས་མྱུར་མགྱོགས་སུ་སྒྲུབ་པ་ནི། ཁོ་རང་རྣམས་ཀྱི་དམ་ཚིག་ཡིན་པས། གདན་ས་འདི་དང་། གནས་འདི་དང་། ཁྱད་པར་བཀྲ་ཤིས་གསར་མ་འདི་ཤིན་ཏུ་གཉན་ཏེ། ཆོས་སྐྱོང་བཀའ་སྲུང་ཐམས་ཅད་རང་བཞིན་ཤུགས་ཀྱིས་འདུ་བ་དུར་ཁྲོད་བསིལ་བ་ཚལ་དང་ཁྱད་པར་མེད་དེ། གཙང་ལ་སྟོད་བྱི་བོལ་གྱི་གཏེར་རྙིང་ལུང་བསྟན་ཨོ་རྒྱན་རིན་པོ་ཆེའི་གསུང་ལས། ལར་ལྔ་བརྒྱ་དུས་ན་དུ་རུ་ཀའི་དམག་དང་། སོག་པོའི་དམག་


CMR033_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། རྒྱ་གར་བལ་པོ་ལ་ཡང་བརྡེག །བོད་འདི་དམ་པའི་ཆོས་ཀྱི་བསྟན་པ་གཉིས་སུ་གྱེས་ཏེ་རེས་མོས་སུ་དམའ་བར་བྱེད། ནུབ་ཀྱིས་དམག་དེས་བྱང་རིགས་པ་ཐམས་ཅད་འཇོམས། དེ་ནས་དབུས་གཙང་ཁམས་གསུམ་ཐམས་ཅད་ལ་བརྡེགས། དེ་འདུལ་བའི་གཉེན་པོ་མང་དུ་འབྱུང་ཡང་སེམས་ཅན་གྱིས་སྲོག་སྐྱབས་དགེ་བ་སྤྱོད་པ་དང་། རྒྱ་གར་བསིལ་བ་ཚལ་གྱི་མགོན་པོའི་སྤྲུལ་པ་ཀརྨ་པ་ཞེས་གྲགས་པ། དབུས་ཀྱི་མཚུར་ཕུ་ཞེས་པར། སྤྱོད་པ་རྩིང་རྩུབ་བསྣོལ་མར་སྟོན་པ་ཞིག །བྱ་བབ་པ་ལྟར་སྔོན་གྱི་ལས་དང་སྨོན་ལམ་སྟོབས་ཀྱིས་འབྱུང་སྟེ། དེ་ཡི་དུས་སུ་ཨོ་རྒྱན་ང་ཡི་སྤྲུལ་པ་ལྔ་འབྱུང་། བྱིན་གྱིས་རླབས་པ་བརྒྱ་རྩ་བརྒྱད་འབྱུང་། སྨོན་ལམ་ལས་འཕྲོ་དང་ལྡན་པ་སྟོང་རྩ་ལྔ་ཡོངས་སོ། །ས་འོག་གི་གཏེར་ཐམས་ཅད་བརྡོལ། ཀུན་ཀྱང་གཏེར་ལ་ཡིད་གཏད་པ་འབྱུང་། མ་ཎིའི་བསྟན་པ་ཐམས་ཅད་རྒྱས། ཐུགས་རྗེ་ཆེན་པོའི་འགྲོ་དོན་རྒྱས་པར་འགྱུར། ཐམས་ཅད་འབྲི་ཀློག་ལ་བརྩོན་པས་ཨོ་རྒྱན་པདྨ་ང་ཡི་བསྟན་པ་དར་བར་འགྱུར་རོ། །རྒྱལ་པོ་གཅིག་གིས་མངའ་འོག་ལ། བོད་འབངས་ལྷག་མ་བག་ཀྱིས་སྐྱིད་པར་འགྱུར། ཞེས་གསུངས་པས། ཀརྨ་པ་བཅུ་


CMR033_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བཅུ་གཅིག་པ་སོགས་ཀྱིས་སྟོད་སོག་ཟློག་པ་དང་ལྷ་ས་ཆུས་འཇིགས་རྗེས་ཞིག་གསོས་མཛད་པར་གསུངས་པ་དང་། ད་ལྟ་བཞུགས་པ་དང་སླད་ནས་འབྱོན་པའི་ཞྭ་ནག་འཛིན་པ་རྣམས་ཀྱང་། ཡེ་ཤེས་མགོན་པོ་དངོས་ཡིན་པ་དང་བསྟན་པ་རྫོགས་པ་མ་ཡིན་པས། ལྷ་རྟགས་དངོས་སུ་འབྱུང་བ་ཐེ་ཚོམ་མེད་པ་ལགས་སོ། །དེ་ཡན་ནི་གནས་བཤད་དང་རྟེན་གྱི་དཀར་ཆག་ཟུར་ཙམ་ཡིན་ལ། རྒྱས་པ་རྟེན་ཡིག་ལས་ཤེས་སོ། ༈ །སྤྱི་དོན་ལྔ་པ་ཕན་ཡོན་དགོས་ཆེད་བསྟན་པ་ལ་ཡང་། ས་བཅད་གསུམ་་སྟེ། གནས་ལ་ཡིད་ཆེས་པའི་ལུང་གནས་ཀྱི་ཕན་ཡོན། བཀུར་སྟིའི་ཕན་ཡོན། ཞར་བྱུང་བསྟན་པའི་མཐའ་རྒྱས་ཚུལ་དང་གསུམ་སྟེ། དང་པོ་འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རའི་ཁྲོད་ནས། རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །གཤིན་རྗེ་གསལ་ཤིང་གི་རྒྱུད་ལས། ཉི་ཤུ་རྩ་བཞི་གནས་ཀྱི་མཆོག །ཉི་མ་བྱང་ཤར་མཚམས་ཤེད་ནས། །འདི་ནས་རི་བོ་བཅུ་གསུམ་འདས། །གངས་རིའི་བསྐོར་བའི་ར་བ་ན། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གནས། །ཞེས་དང་། །


CMR033_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་འབྱུང་གི་རྒྱུད་ལས། ཀུན་དགའ་གཞོན་ནུའི་གྲོང་ཁྱེར་ན། །བདེ་གཤེགས་ཞི་ཁྲོའི་ཕོ་བྲང་གནས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ལས༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པར་རང་བྱོན་འབྱུང་༔ དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱུང་བར་འགྱུར༔ དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན༔ ཡུན་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར༔ ཞེས་དང་། ཡིག་དྲུག་ལ་སོགས་རང་བྱོན་བསམ་མི་ཁྱབ༔ དེ་སོགས་རྣམ་པ་དུ་མར་སྤྲུལ་ནས་ཀྱང་༔ འགྲོ་བའི་དོན་མཛད་བསྟན་པ་གནས་པར་འགྱུར༔ ཞེས་གསུངས་པ་དང་། རྗེ་རང་བྱུང་རྡོ་རྗེས་མཛད་པའི་རྩྭ་རིའི་གནས་བསྟོད་ལས། སྨད་རོང་བཙན་ཁ་བ་དཀར་པོ་ལ་ཐུག་ཅིང་། སྟོད་བལ་པོའི་ཡུལ་གྲུབ་པའི་གནས་ཆེན་ལ་ཐུག་གི་བར་དང་། ལྷོ་ཕྱོགས་ཀ་མ་རུ་ཡི་མཐར་ཐུག་གི་གནས་ལ་སོགས་པ་ཚུན་ཆད། གནས་དེ་དང་ཉེ་བའི་གནས་ལ་སོགས་པའི་གནས་ཕྲན་སྟོང་ཡོད་པར་བཤད། ཅེས་གསུངས་པ་དང་། ཨོ་


CMR033_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་པ༔ ཡུལ་དང་ཡུལ་འདྲ་སྦས་པའི་ཚུལ་རྣམས་སུ༔ སྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་སྒྲུབ་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས༔ ཞེས་གསུངས་པས། ༧ གཞན་དུ་ལོ་གསུམ་སྒྲུབ་པ་དང་། འདིར་ཞག་གསུམ་སྒྲུབ་པ་ཕན་ཡོན་མཉམ། གཞན་དུ་མར་མེ་སུམ་བརྒྱ་དང་དྲུག་ཅུ་ཕུལ་བ་དང་། འདིར་གཅིག་ཕུལ་བ་མཉམ། གཞན་དུ་དར་ལྕོག་སུམ་བརྒྱ་དྲུག་ཅུ་བཙུགས་པ་དང་། འདིར་གཅིག་བཙུགས་པ་མཉམ། གཞན་དུ་བསྐོར་བ་སུམ་བརྒྱ་དྲུག་ཅུ་བྱས་པ་དང་། འདིར་བསྐོར་བ་གཅིག་མཉམ། དེ་བཞིན་དུ་ཚོགས་བརྒྱ། ཆོས་སྤྱོད། བསྐང་གསོལ། ཡིག་དྲུག་ལ་སོགས་པ་དགེ་བའི་བྱ་བ་གང་དང་གང་བྱས་པ་ཐམས་ཅད་སུམ་བརྒྱ་དྲུག་ཅུའི་འགྱུར་ཡོད་དོ། །པར་སྐྱེས་མཆོག་ཀརྨ་པཀྵིས། གཙུག་ལག་ཁང་འདི་མཇལ་བ་དང་། འབུམ་ཐང་ལ་རྡོག་པ་བཞག་ཚད་ཐམས་ཅད་ལ་ངན་སོང་མེད་ཅེས་དབུ་བསྙུང་བཞེས་པར་གྲགས་སོ། །དེས་


CMR033_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་ཕན་ཡོན་དགོས་ཆེད་སོང་ནས། བཀུར་སྟིའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་མཆོད་རྟེན་བསྐོར་བའི་ཕན་ཡོན་ཚིགས་སུ་བཅད་པའི་མདོ་སྡེ་ལས། སྐད་ཅིག་ཙམ་གྱི་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྟོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་སོགས་མཐར་ཐུག་གི་ཕན་ཡོན་དང་། མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཤ་ཟ་དང་ནི་གྲིབ་རྣམས་ཀྱིས། །དེ་དག་གནོད་པར་མི་ནུས་སོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །ཅེས་བར་ཆད་སེལ་ཞིང་དངོས་གྲུབ་ཐོབ་ཚུལ། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མཆོད་པ་གཅིག་བོར་ན། །འཛམ་བུ་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་གསུངས་པས་ན། གསེར་སྲང་འབུམ་ཕྲག་གཅིག་བས་


CMR033_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རང་འཆི་བའི་ནང་པར་བསྐོར་བ་ཅུང་ཟད་ཅིག་དགའ་ཞིང་མཆོག་ཡིན་ནོ། །རྒྱས་པར་མདོ་དེ་ཉིད་ལ་བལྟ་བར་བྱའོ། །མར་མེ་ཕུལ་བའི་མདོ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ནོ། །འཆི་དུས་བྱས་ཚེ་རྣམ་སྨིན་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བ་ནི། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྷ་སྟོང་གིས་ནི་གཙོ་བོར་དེར་འགྱུར་རོ། །དེ་ནི་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེ་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞུ་བར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བའི་འབྲས། །རྣམ་གྲོལ་བློ་ལྡན་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་སོན། །ཀུན་ལས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡང་རྒྱས་པར་མདོ་དེ་ཉིད་ལ་བལྟའོ། ༈ །འདི་ཡི་


CMR033_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཤད་དང་མཇལ་ཁ་ལེགས་པར་བྱས་ན། སྐྱེ་བ་ཐམས་ཅད་དུ་སྐད་སྙན་པ་དང་། སོ་སོ་ཡང་དག་པའི་རིགས་པ་བཞི་ཐོབ་པར་འགྱུར་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་རྒྱལ་བའི་མཆོད་རྟེན་སྟོན་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བར་ཐོབ་པ་དང་། །སོ་སོ་ཡང་དག་རིག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ།། ༈ སྙན་དར་ཕུལ་བའི་ཕན་ཡོན་མདོ་དེ་ཉིད་ལས། རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པ་ཆེ་བའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །ཞེས་གསུངས་སོ། །ཕྱག་འཚལ་བའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་བསྐལ་པ་མི་ཟད་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོག་རྣམས་དང་། །སྐུ་གཟུགས་དག་ལ་མགོས་


CMR033_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་པའི་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པའམ། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་ཉིད་ཐོབ། །ཅེས་|གསུངས། དར་ལྕོག་ཕན་ཡོན་ནི། དགོངས་འདུས་རྩ་བའི་རྒྱུད་ལས། དུག་ཤིང་མིན་པའི་དར་ཤིང་ལ། །དྲི་མེད་དར་ལ་གཟུངས་སྔགས་བྲི། །རི་མཐོ་དགོན་གནས་གྲོང་ཡུལ་དང་། །ཚོང་འདུས་མི་མང་འདུ་སར་བཙུགས། །བདེ་བ་ལྡན་ཞིང་སྡུག་བསྔལ་བྲལ། །རླུང་རྟ་བསྐྱེད་ཅིང་བསོད་ནམས་ལྡན། །རླུང་གིས་གང་ཕོག་སེམས་ཅན་ཀུན། །གཟུངས་སྔགས་དེ་ཡིས་ཞིང་དུ་སྐྱེ། །འདི་ཡི་ཕན་ཡོན་བརྗོད་མི་ནུས། །ཞེས་གསུངས་སོ། །ཞིག་གསོས་བྱས་པའི་ཕན་ཡོན་ནི། ལུང་བསྟན་ཆེན་མོ་བཀའ་རྒྱ་མ་ལས། ཨོ་རྒྱན་རིན་པོ་


CMR033_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་གསུངས་པ། ད་དུས་གཙུག་ལག་རྟེན་བཞེངས་བསོད་ནམས་ལས། །མ་འོངས་ལྔ་བརྒྱ་དུས་ཀྱི་མཐའ་མ་ལ། །གང་གིས་གཙུག་ལག་རྟེན་ཉམས་གསོ་བྱེད་པ། །བརྒྱ་སྟོང་ཆར་མི་ཕོད་ཅིང་དེ་དོན་ཆེ། །གང་ཞིག་ཞིག་གསོས་བྱེད་པའི་གང་ཟག་ནི། །སྔགས་པ་བླ་དཔོན་སྐྱེ་བོ་བྱ་བྲལ་བ། །རིགས་དང་རུས་དང་ཆོ་འབྲང་ཅི་འདྲ་ཡང་། །དེ་རྣམས་རྒྱལ་བའི་ཡུལ་ལམ་སྐལ་ལྡན་མཆོག །ཐ་མ་མ་ཡིན་ཁྱད་པར་ཅན་ཡིན་པས། །བཀུར་སྟི་རིམ་གྲོ་ཕུ་དུད་གུས་པས་མཆོད། །ཅེས་གསུངས་སོ། །དེ་ལྟར་ཞིག་གསོས་དུས་ལས་མི་རྣམས་ཀྱིས། །དགའ་ཞིང་གུས་པར་བྱས་ན་ཕན་ཡོན་ནི། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་སུ་དག་དགའ་ཞིང་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་གི །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་གསུངས་སོ།། གཞན་ཡང་ལེགས་ཉེས་ཀྱི་རྒྱུད་དང་འབྲས་བུ་བསྟན་པའི་མདོ་བསྡུས་ཏེ་བཤད་ན། མཆོད་རྟེན་ལ་མེ་ཏོག་ཕུལ་ན། ལུས་མཛེས་ཤིང་དྲི་ཞིམ་པ་དང་། མཐོ་རིས་སུ་སྐྱེ་ཞིང་འཁོར་དང་ལོངས་སྤྱོད་ཆེ་བ་དང་། མྱུར་དུ་དགྲ་བཅོམ་པ་ཐོབ་པ་


CMR033_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕན་ཡོན་བཅུ་དང་། སྤོས་ཕུལ་བས་གཟུགས་མཛེས་དྲི་ཞིམ་འཁོར་འདུ་བ། ལོངས་སྤྱོད་ཆེ་ཞིང་མཐོ་རིས་སུ་སྐྱེ་བ་དང་། མྱུར་དུ་མྱ་ངན་ལས་འདས་པ་སོགས་ཕན་ཡོན་བཅུ་དང་། དེ་བཞིན་རོལ་མོ་ཕུལ་བ་དང་། ཐལ་མོ་སྦྱར་བ་དང་། ན་བཟའ་འབུལ་བ་སོགས་ལ་ཕན་ཡོན་བཅུ་རེ་གསུངས་སོ། ༧ །ཡོན་ཆབ་ཀྱི་ཕན་ཡོན་ནི། །མདོ་སྡེ་མཛངས་བླུན་ལས། གང་ཞིག་དད་པའི་སེམས་ཀྱིས་ཆུ་སྙིམ་པ་གང་ཙམ་སངས་རྒྱས་ལ་མཆོད་དམ། དགེ་འདུན་ལ་ཕུལ་བའམ། དབུལ་ཕོངས་ལ་སྦྱིན་ན། བསོད་ནམས་འདི་ནི་བསྐལ་པ་དུ་མར་ཡང་མི་ཟད། ཅེས་གསུངས་སོ། །དེ་ཡིས་ཕན་ཡོན་དགོས་ཆེད་སོང་ནས། ཞལ་བྱུང་བཤད་པ་ནི། རྗེ་ནཱ་རོ་པས། མར་པ་ལ་ལུང་བསྟན་པ་ནི། རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་བརྒྱུད་ཆུ་བོའི་གཞུང་བཞིན་རྒྱས། །ཞེས་དང་། མར་པས་མི་ལ་ལ་ལུང་བསྟན་པ་ནི། སངས་རྒྱས་བསྟན་པ་གནས་ཀྱི་བར་དུ་ཉམས་དང་རྟོགས་པའི་བརྒྱུད་པ་མི་ཆད་གསུངས་པ་དང་། རྗེ་ཀརྨ་པཀྵིའི་ཞལ་ནས། ཡང་དུས་གསུམ་མཁྱེན་པའི་རིང་བསྲེལ་མང་དུ་བྱོན་སྙམ་བྱེད་དེ། ད་དུང་སྒོམ་ཆེན་མང་པོ་འབྱུང་བའི་


CMR033_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་འདུག་གསུངས་པ་དང་། རླུང་སེམས་ནར་སོན་པའི་སྟོབས་ཀྱིས་དག་སྣང་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཕོ་མོའི་ཚོགས་འོད་དང་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་། རྣལ་འབྱོར་དབང་ཕྱུག་གྲངས་མཐའ་ཡས་རྒྱུན་མི་ཆད་པར་འབྱུང་ཞེས་དང་། གྲུབ་ཆེན་ཀརྨ་པ་ལ། རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལ།་རྣལ་འབྱོར་རང་བྱུང་རྡོ་རྗེ་ལ། །མོས་གུས་བྱེད་པའི་གདུལ་བྱ་རྣམས། །བརྒྱུད་འཛིན་རྣམ་ཐར་སྐྱོང་བ་འོང་། །བུ་སློབ་རྣམས་ཀྱིས་གོ་བར་མཛོད། །ཅེས་དང་། བརྒྱུད་པའི་མཆོག་གྱུར་འདི་ཉིད་ས། །སྔགས་འཆང་རྣལ་འབྱོར་དཔག་མེད་འབྱུང་། །མཐོང་ཐོས་དྲན་པའི་སྐལ་ལྡན་ཀུན། །ཡུན་མི་རིང་བར་སྨིན་གྲོལ་འགྱུར། །དུས་གསུམ་དུས་མེད་ཐམས་ཅད་ཀྱི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །ཅེས་དང་། གཞན་ཡང་སེམས་དཔའ་རང་བྱུང་རྡོ་རྗེ། ཚད་མ་དེའི་ཐུགས་རྗེ་ཕྲིན་ལས་རབ་འབྱམས་ལས། ཀརྨ་པའི་ཆོས་གདམས་ངག་བུ་སློབ་གདུལ་བྱའི་ཚོགས་དང་། སྐུ་གསུང་ཐུགས་ཀྱི་རྟེན་རིས་སུ་བྲིས་པ། ལུགས་སུ་བླུགས་པ་འབུར་དུ་བཏོད་པ། ཆོས་ཁྲི། བཞུགས་མལ། སྐུ་དང་སེན་མོ་ལ་སོགས་པ་རྣམས་དང་། འཛམ་གླིང་


CMR033_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁམས་སྣ་ཚོགས་ཁྱབ་པར་དུས་གསུམ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་སྟེ། ཐུགས་རྗེ་ཆེན་པོའི་མཚན་ལས་ཀྱང་། །བ་སྤུའི་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་གསོས་སུ་འགྱུར། །ཞེས་གསུངས་པ་བཞིན་ནོ། །ཞེས་གྲུབ་ཆེན་ཀརྨ་པ་ཉིད་ཀྱིས་གསུངས་སོ། ༈ །དེ་ལྟ་བུའི་བསྟན་པ་དང་ཕྲིན་ལས་ཀྱི་མཐའ་དར་རྒྱས་སུ་བྱེད་པ་ཡང་། སི་པའི་སྐུ་ཡིས་མཛད་དགོས་པ་སྟེ། རྗེ་དུས་གསུམ་མཁྱེན་པས། འགྲོ་མགོན་རས་ཆེན་ལ། ཁྱེད་ཀྱིས་གདན་ས་འདི་ཟུང་ལ་དར་རྒྱས་སུ་གྱིས་ལ། ཚེ་རབས་ཐམས་ཅད་དུ་ཁོ་བོ་དང་འབྲལ་བ་མེད་ཅིང་། ཁོ་བོའི་ཕྲིན་ལས་ཀྱི་མཐའ་ཡང་ཁྱེད་ཀྱིས་སྐྱོང་དགོས་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །དེས་ཕན་ཡོན་དང་དགོས་ཆེད་སོང་ནས། ༈ དེ་ནས་བརྩམ་དོན་ནི། འོད་དཔག་མེད་མགོན་མི་གཟུགས་ཅན། །ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག་གི །ཞབས་རྡུལ་སྤྱི་བོར་རེག་པའི་མཐུས། །ལྡོག་མེད་དད་པའི་གདུང་ཤུགས་ཅན། །དགེ་སློང་རཱ་ག་ཨ་སྱ་བདག །ཕག་ལོ་ཐ་སྐར་ཟླ་བ་ལ། །འོག་མིན་ཀརྨ་མཇལ་འདོད་ཕྱིར། །ཡོར་དུ་འོང་ནས་ཆོས་རྭ་བྱས། །ཉེར་གཅིག་འོང་རྒྱུའི་ཉི་


CMR033_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཤུའི་ནུབ། །དགེ་འདུན་རྣམས་དང་མཐུན་མི་མཐུན། །མཇལ་ཁ་ཅུང་འོང་བརྟགས་པའི་ཚེ། །ཉམས་དང་རྨི་ལམ་འདྲེས་པའི་མཚམས། །མདུན་དེར་མ་མགོན་མགར་གསུམ་ནི། །སྐུ་ཆེ་ཆ་ལུགས་མཐུན་པར་སྣང་། །གཡས་ཕྱོགས་ལྷ་མོ་བཞུགས་པ་ཡིས། །བདག་ལ་ཤིན་ཏུ་དགྱེས་ཚུལ་གྱིས། །ལན་གསུམ་ལྷག་ལྷག་བཞད་པ་མཐོང་། །དེ་ནང་ཐོག་ཏུ་རང་མདུན་དུ། །བྱིས་པ་མང་པོས་སྐྲ་ཕུད་ཕུལ། །ཕྱིར་ཉིན་ཀརྨར་ཕྱིན་པ་ཡི། །ཉེར་གཉིས་ལྷ་བབས་དུས་ཆེན་དང་། །རྒྱལ་ཕུར་འཛོམ་པའི་སྔ་དྲོ་ལ། །བཀྲ་ཤིས་གསར་མར་གདན་འདྲེན་བྱུང་། །སྙན་དར་སྔགས་དམིགས་རྟེན་འབྲེལ་བསྒྲིགས། །སྒར་དུ་རྒྱས་པའི་སྦྱིན་སྲེག་དང་། །གསོལ་ཁ་རྒྱས་པར་བྱེད་བཅུག་ཅིང་། །རང་ཡུལ་གསོལ་ཁ་རྟེན་འབྲེལ་བསྒྲིགས། །དེ་ནུབ་ཉམས་དང་རྨི་ལམ་མཚམས། །ནམ་ཕྱེད་ཉི་མ་མཚན་མོ་ཤར། །ཡར་བལྟས་ནམ་མཁའི་དཀྱིལ་དབུས་ན། །ཉི་ཟླ་གཉིས་པོ་གཅིག་གྱུར་ནས། །ཆེ་ཆུང་ཉི་མ་བཞི་འགྱུར་ཙམ། །ཁ་དོག་བཅོ་ལྔའི་ཟླ་བའི་མདོག །འོད་ཟེར་དབྱར་ལས་བཞི་འགྱུར་ཚ། །དེ་འདྲ་ཤར་རྨིས་བསྟན་པ་ནི། །དར་ཞིང་རྒྱས་པའི་རྟགས་སུ་གོ །དེ་ནས་འཚོགས་


CMR033_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་གདན་ཁ་རུ། །སྡོད་ཟེར་རང་ཡང་རུས་སྒོག་ཆེ། །བོད་རྗེའི་གདུང་རིགས་ཡིན་རློམས་བསྡད། །དེ་ནུབ་ཉལ་ཁའི་རྣམ་རྟོག་ལ། །རུང་ངམ་མི་རུང་བརྟགས་པ་ཡིས། །རྨི་ལམ་འཚོགས་དབུས་བདག་འདུག་པའི། །མདུན་གཡས་འཚོགས་འཇུག་བུད་མེད་ནི། །ལྟ་བས་མི་ངོམ་རྒྱན་ལྡན་གསུམ། །ལྷ་མོས་སྤྲུལ་པར་ངོས་ཟིན་ནས། །འཚོགས་དབུས་བསྡད་པ་ལེགས་ཟེར་བའི། །བརྡའ་ཡང་བསྟན་ཞིང་དགའ་ཚུལ་བསྟན། །སྡོམ་ལུང་མང་དུ་ཕོག་པའི་ནུབ། །ལྷ་མོ་དགེ་སློང་མ་ཡི་ཚུལ། །བལྟ་བས་ཆོག་མི་ཤེས་པར་སྤྲུལ། །མདུན་དུ་དགྱེས་པའི་ཚུལ་གྱིས་བཞུགས། །ལྷ་མོ་རང་བྱུང་རྒྱལ་མོ་ཡིས། །སྤྲུལ་པ་ཡིན་པར་འདུག་སྙམ་ནས། །དེ་ཉིད་དངོས་ཡིན་ཟེར་བའི་སྒྲ། །ནམ་མཁའི་མཐོངས་ནས་གསལ་བར་གྲག །དེ་མ་ཐག་ཏུ་བུད་མེད་དེ། །མོ་རང་འདྲ་བ་གསུམ་དུ་སྤྲུལ། །རེ་ཏི་མཆེད་གསུམ་ཡིན་པར་གོ །སྐུ་རིམ་སྦྱིན་སྲེག་འགའ་བླུགས་པས། །དམ་སྲི་རྒྱལ་འགོང་གཟུགས་ཅན་ཞིག །ང་ཡི་གནས་དང་ལོངས་སྤྱོད་བཅས། །མེ་ཡིས་ཚིག་ཅེས་སྨྲེ་ངག་འདོན། །རོད་ངན་བྱོལ་ཏེ་འགྲོ་བ་རྨིས། །ཅུང་ཞིག་ནུས་པ་ཉམས་སམ་སེམས། །


CMR033_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་གྲས་ལྷ་གཉེར་ལ་སོགས་ཀྱིས། །བསྐུལ་ཏེ་ལེགས་པར་བསྒྲིགས་པ་ཡིན། །འགལ་བར་གྱུར་ན་མཁས་ལ་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་རྣམས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེས། །ལུས་རྟེན་དེ་ལ་བྱང་ཆུབ་ཤོག །ཀརྨ་པ་དང་དབྱེར་མེད་ཤོག །སརྦ་མངྒ་ལཾ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགདན་ས་ཆེན་པོ་འོག་མིན་དཔལ་གྱི་ཀརྨའི་གནས་བསྟོད་སྙན་གྲགས་ལྷ་ཡི་རྔ་ཆེན།next