Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུམ་རྫོང་གི་གནས་ཕྱི་ནང་གི་བཞུགས་ཚུལ།
   
   
   
   
   


 
previousའབུམ་རྫོང་གི་གནས་ཕྱི་ནང་གི་བཞུགས་ཚུལ།next

འབུམ་རྫོང་གི་གནས་ཕྱི་ནང་གི་བཞུགས་ཚུལ།


CMR033_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ༔ རྨང་ལམ་དུ་ཡི་གེ་གསལ་པོ་རྙེད་པའི་ནང་དུ༔ འབུམ་རྫོང་གི་གནས་ཕྱི་ནང་གི་བཞུགས་ཚུལ་ཕལ་ཆེར་བྱུང་བ་ལ༔ གཡས་རི་སེར་ཕྲེང་བྱས་འདྲ༔ གཡོན་རི་རྒྱལ་མཚན་ཕྱར་འདྲ༔ མདུན་རི་ཕྱག་གི་སོར་ཁ་འདྲ༔ རྒྱབ་རི་བསིལ་ཡབ་བཀྲམ་པ་འདྲ་ཁ་དོག་རིགས་ལྔ་འབྱུང་བ་ཡབ་ཡུམ་ལ༔ གཡས་ཕྱོགས་སྣ་སོགས་གད་པ་དུག་སྦྲུལ་གྱི་གཟུགས༔ བྷནྡྷ་དང་བདུད་རྩིར་ཁར་བཟུང་བ༔ རྡོ་གཙུག་གི་ནོར་བུ༔ གནས་གང་ནས་མཇལ་ཡང་དེར་ཐོད་པ་གཏུགས་དགོས་པས༔ དམ་ཚིག་ཅན་ལ་བདུད་རྩི་སྣང་༔ དམ་མེད་ལ་དུག་ཏུ་འགྱུར་རོ༔ ལུང་པ་སྡིག་པ་ར་ཙ་གནས་མཇལ་བའི་གཟུགས༔ དགོན་པ་ཆེན་པོའི་ཆོས་སྡེ༔ འཚོགས་པ་སྟོང་གི་འཚོགས་དཔོན༔ བླ་མ་བརྒྱ་འདུས་སྟོང་འདུས་ཀྱི་འཚོགས་འདོན་གནས་མཇལ་བའི་ཚུལ༔ འབུ་བསེ་ཁྲབ་པས་འགྲོ་བ་རིགས་དྲུག་གནས་ནང་དུ་ཁྲིད་པའི་ཚུལ༔ མ་ཧཱ་གསེར་གྱི་རུས་སྦལ་གྱིས་གནས་མཇལ་བའི་ཚུལ༔ སིནྡྷ་ར་རིགས་ལྔ༔ མཆོད་པ་རྣམ་ལྔ༔ ལྷ་འདྲེ་བརྒྱ་གཤར་བའི་སྒོ་མོ༔ སྟོང་འཚོགས་པའི་འདུ་ལ༔ བྲག་གི་ནང་ནས་ནམ་མཁའ་མཐོང་བ༔ ནམ་མཁའི་ནང་ནས་སྤྲིན་མཐོང་


CMR033_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ རྨ་སེ་ཕུག༔ གཤིན་རྗེའི་ཕོ་དོང་༔ གཤིན་རྗེའི་མོ་དོང་༔ གཤིན་རྗེའི་དོང་ཆེན༔ སེམས་ཅན་དམྱལ་བའི་གནས༔ ཕྱག་འབུལ་སྒང་༔ མཁའ་འགྲོའི་ཕྱག་བརྒྱབ་མལ༔ རི་རྒྱལ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་བཅས་པ་མཎྜལ་སྒང་༔ བསྟོད་པ་སྒང་༔ སེང་ཁྲི༔ པད་གདན་ཁྲི་དྲུག་མགྱོགས་ཁྱུང་དང་བཅས་པ༔ གཡོན་ནས་མཚོན་ཆ་གཟེང་འདྲའི་གནས་སྲུང་གཏེར་མགོན་ཕྱག་བཞི་པའི་སྤྲུལ་པའི་བྱ་རོག༔ ལམ་གསུམ་ཟླ་གམ་དམར་པོ་རྟ་མགྲིན་དབང་གི་གནས༔ དགྲ་བགེགས་ཚར་ཆོད་བརྡར་ཧོམ་ཁུང་ནང་དུ་ཕུར་པ་བཏབ་པའི་ཚུལ༔ ཁྲོ་བོའི་ཞལ་གཟུགས༔ གང་ལམ་གསུམ༔ དགོས་འདོད་ལྷུན་གྱིས་གྲུབ་ཕྱིར་ནོར་བུ་རིན་པོ་ཆེ་སྤྲུག་དང་༔ རིན་ཆེན་དགོས་འདོད་ཀུན་འབྱུང་དེ་གཉིས་ལ༔ ཐོད་པ་གཏུགས་ནས་སྨོན་ལམ་གང་བཏབ་ཐམས་ཅད་འགྲུབ༔ སྲིན་པོའི་གྲོང་ཁྱེར་དེ་ལ་སྨོན་ལམ་དང་མགོ་གཏུགས་མི་རུང་༔ དེའི་གཡས་སུ་དག་པ་སངས་རྒྱས་ཀྱི་ཞིང་ཁམས༔ འོག་ཏུ་མ་དག་འཁོར་བའི་གནས་སུ་འགྲོ་དོན་མཛད་པ༔ གཡོན་དུ་མཁའ་འགྲོའི་ཐག་ར༔ དེ་སྟེང་སྲིན་དོང་༔ དེ་སྟེང་དམྱལ་དོང་༔ ཨུ་རྒྱན་ཕྱག་སྦུབ་ལུང་ཆད་ཤོར་མལ་ཤིང་སྐྱེས་


CMR033_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ བར་དོའི་འཕྲང་ཆེན་དུ་མཁའ་འགྲོ་མ་རྣམས་འཚོགས་པའི་འཚོགས་དཔོན། རྟ་མགྲིན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། ནམ་མཁའ་བྲག་གི་གཞལ་ཡས། །ས་གཞི་བྲག་གི་གཞལ་ཡས་སུ་བྲག་གི་ཀ་བ་བརྒྱབ་པོ༔ མཁའ་འགྲོ་མའི་མགྱོགས་ལམ༔ ཕུག་པ་དེའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་གྱི་ངོ་བོ་རྣམས་སོ༔ ཤ་མ་རི་ཡི་སྡོང་པོ༔ ཕག་མོའི་ཤེལ་གུར་དཀར་མོ་ལ་ཀ་བ་བརྒྱབ་པ༔ སྒོ་བ་ཡབ་ཡུམ་བརྒྱད༔ མར་མེ་རང་འབར༔ གདོང་མོ་བཞི༔ རྣམ་ཐོས་སྐུ༔ རིན་ཆེན་བེ་ཅོན༔ མེ་ཏོག་པདྨ༔ ཡུམ་ཆེན་སློབ་དཔོན་པདྨའི་གསང་རྗེས༔ དམ་པ་དང་མ་ལབ་སྒྲོན་གྱི་སྐུ༔ དགྱེས་པ་རྡོ་རྗེའི་སྐུ༔ རིན་ཆེན་གཏེར་གྱི་བང་མཛོད་སྒོ༔ ཨུ་རྒྱན་ཆེན་པོའི་བཞུགས་ཁྲི༔ ཅོག་ཙེ༔ ལྷ་འདྲེའི་ཆོས་ཞུ་ས༔ ལྷ་འདྲེས་ཕུལ་བའི་ཐུད༔ འཁོར་ལོ་བདེ་མཆོག་གི་སྐུ༔ ལྷ་འདྲེས་དོང་དུ་མི་མི་འཁྱེར་བའི་ཁ་གནོན་སློབ་དཔོན་པདྨའི་སྐུ༔ ཨུ་རྒྱན་ཞབས་རྗེས༔ ཕྱག་གིས་རྡོ་རྗེ་བརྒྱབ་མལ་ནས་བདུད་རྩི་རྡོལ་བ༔ མཚོ་རྒྱལ་ཞབས་རྗེས༔ འཁོར་ལོ་རྩིབས་བརྒྱད༔ པད་འབྱུང་ཕྱག་རྗེས༔ མཚོ་རྒྱལ་


CMR033_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྗེས༔ འགྲོ་བ་རིགས་དྲུག་གི་དོང་ལྟ་མི་རུང་༔ ཨེ་ཀ་ཙ་ཏིའི་སྐུ༔ རྒྱལ་མཚན༔ པདྨ་བྷནྡྷའི་རྗེས༔ ཁ་ཊཾ་དབུས་མའི་རྗེས༔ དྲག་པོའི་ཐོད་སྐམ་རྗེས་ལྷ་དབུ་དཀར་གྱི་དམག་ཚོགས་བྱེ་བ་དང་ཉི་ཁྲི༔ མི་དབུ་ནག་གི་དམག་ཚོགས་བྱེ་བ་དང་ཉི་ཁྲི༔ ཀླུ་དབུ་སྔོན་གྱི་དམག་ཚོགས་བྱེ་བ་དང་ཉི་ཁྲི༔ མཁའ་འགྲོ་མའི་གཤག་ར༔ མུན་ནག་གི་གླིང་༔་ལྷ་ཀླུ་མི་གསུམ་གྱི་ནུ་མ་བརྒྱད་བརྒྱད༔ མཁའ་འགྲོ་མའི་ཆའུ༔ སྨན་སྦྲུལ་ལྕེ་བརྐྱང་བ༔ དུག་སྦྲུལ་གྱི་ལྟེ་བསྐུམ་པ༔ མ་ཧེ་ཕོ་མོའི་ནུ་མ༔ མཁའ་འགྲོ་སྡེ་བཞིས་ཀ་བའི་རྒྱབ་ནས་མར་མེ་བཟུང་བ༔ ལྷ་ཆེན་དབང་ཕྱུག་དང་ཨུ་མ་གཉིས་ཀྱི་བྱང་སེམས་དང་གསང་རྗེས༔ ལྷ་ཨ་འཁྲོ་རྒྱལ་པོའི་ཐེབ་རྗེས༔ གཏེར་གྱི་བང་མཛོད༔ ཕུག་པ་ལྷ་འདྲེའི་སྔགས་ཁང་རྔ་བརྡུང་བའི་སྐད་འོང་༔ འོ་མའི་ཆུ་མགོ་ཨ་འཁྲོ་རྒྱལ་པོས་ཕྱག་རྗེས༔ ཨ་འཁྲོ་རྒྱལ་པོས་མལ་གསོས་མལ༔ མཁའ་འགྲོ་མི་སྐ་འཐེན་རུས་སྦལ་རྒྱབ༔ མཁའ་འགྲོ་མའི་སྐུ་ཆུ༔ དུག་སྦྲུལ༔ སྲིན་པོས་ཨོལ་ཀྲོང་༔ དུག་སྦྲུལ་ཆུན་པོ༔ མཁའ་འགྲོ་མའི་སྐྲ་བསླས༔ མཁའ་འགྲོའི་འཇའ་ལམ༔ ཟངས་མདོག་དཔལ་རི༔ ཕག་མོའི་ཞལ་


CMR033_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས༔ སྲིན་པོའི་ལྗགས༔ སྲིན་མོ་བསྒྲལ་བའི་ཐོད་པ༔ ཨ་འཁྲོ་རྒྱལ་པོའི་སྐུ་གཟུགས༔ སྲིན་པོའི་བྷནྡྷ༔ མཁའ་འགྲོ་མས་འོ་མའི་ཆག་ཆག་བཏབ་མལ༔ སྨན་སྦྲུལ་ལྕེ་བརྐྱང་བའི་རྩ་བ་ནས་བདུད་རྩི་བབས་པ༔ ལྷ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱིས་སྤྲུལ་པའི་བྱ་གཅན་རི་དྭགས་གཡུང་དྭགས་སྣ་ཚོགས་ཀྱི་རྩེ་ཀྱུ་བྱས་མལ༔ མཁའ་འགྲོ་མའི་འཚོགས་ཁང་༔ ཞལ་གཟིགས་ཨོ་རྒྱན་རྩ་གསུམ་ལྷ་ཚོགས་སུ་གནས་འགྱུར་བ༔ རྡོ་རྗེ་དང་གསེར་རྣམས་བཟུང་བ་རྣམས་ཀྱིས་ཕྱོགས་བཞིར་འཇའ་གུར་ནང་དུ་མཚལ་གྱི་ཡི་གེ་ཡོད་པར་སྣང་༔ འགྲོ་བ་རིགས་དྲུག་གི་ལམ་རང་རང་གི་རང་མདོག༔ པདྨ་སཾ་བྷའི་ཞབས་རྗེས༔ ཨུ་རྒྱན་གྱི་ཆའུ་ཆ་ཚང་དང་བཅས་པ༔ མཁའ་འགྲོ་མའི་འོ་མ་འཁྱིལ་བའི་ས་ལ་རྡོ་ཡིས་སྐྱོལ་བརྒྱབ་པ༔ མཁའ་འགྲོ་མའི་ཚོགས་ཁང་ལ་ཀ་བ་བརྒྱབ་པ་སོགས་མཁའ་འགྲོ་མའི་མཚོ་ཡུར་བ༔ མཁའ་འགྲོ་མའི་གསོལ་བཀྱག༔ སློབ་དཔོན་པདྨའི་གསོལ་བཀྱག༔ གསོལ་སྐྱེམས༔ གཏོར་མ་བཅའ་ས༔ མཆོད་རྟེན་བརྒྱ་རྩ་བརྒྱད༔ མཁའ་འགྲོ་མའི་ཀ་བ་སྐུ་འདྲ་མང་པོ༔ མཁའ་འགྲོ་གཙོ་མོའི་དངུལ་སྐུ༔ མཁའ་འགྲོ་མའི་ཆུ་ལེན་


CMR033_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆུ་མགོ༔ མཁའ་འགྲོ་མའི་བྱང་སེམས་དཀར་པོའི་རིལ་བུ༔ རྡོར་སེམས་སྒུ༔ ཧོམ་ཁུང་༔ གསེར་ཉ༔ ཨ་འཁྲོ་རྒྱལ་པོའི་གསེར་ཐག་འདོམ་སྐོར་འདོམ་པ་བརྒྱད་ཅུ་ལྷགནས་ལྷའི་ཡུལ་དུ་གདན་ཤོམ་བྱས་པ༔ བར་དོའི་འཕྲང་ཆུང་དུ་སྲིན་པོའི་མཆེ་བ་ཚོགས་ཟན་ལེན་པ༔ མཁའ་འགྲོའི་འཇའ་ལམ༔ བཀྲ་ཤིས་རྟགས་བརྒྱད༔ མཁའ་འགྲོ་སྡེ་ལྔའི་འོ་མ་བླུགས་པའི་སྐྱེམས༔ སྐུ་ལྔ་མཚན་བརྒྱད་ཀྱི་ཕྱག་རྔ་བཏགས་པ༔ དུག་སྦྲུལ་གྱི་མགོ༔ ཞབས་རྗེས་དང་པད་ཞྭའི་རྗེས༔ ཨ་འཁྲོ་རྒྱལ་པོའི་རྟ་རྗེས་ཆ་གཅིག༔ ཕག་མོའི་གསང་བ༔ སྲིན་མོ་གནས་འདྲེ་སྐའི་ལྭ་བ་ཅན་བསྒྲལ་བའི་ཐོད་པ༔ གསུང་རབ་པོ་ཏི་དམར་པོའི་རྩིག་པ༔ མཁའ་འགྲོའི་བྲོ་ར་ལ་སྐ་རལ་མས་གཡང་ས་བཟོས་པ༔ མཁའ་འགྲོ་གཙོ་མོའི་གསོལ་ཞལ་བཞག་པ༔ ཚོགས་ཀྱི་མཆོད་པ༔ དྲང་སྲོང་གི་སྐུ་གསལ་པོ༔ ཕག་མོས་སྐས་བཙུགས་པ༔ སྐུ་རལ་མས་འཕྲོག་པ༔ ལྷ་ཁང་གི་སྒོ་བཀྲ༔ མཁའ་འགྲོ་མས་དར་དཀར་གྱི་ཡོལ་བ་བཀྱག་པ༔ མཁའ་འགྲོ་མའི་མར་ཁུའི་མཚོ་ལ་རིན་པོ་ཆེ་དང་༔ རྡོའི་སྐྱོལ་བརྒྱབ་པ་ཡོད༔ བར་དོའི་འཕྲང་འབྲིང་བ༔ བར་དོའི་འཕྲང་༔ བདུད་རྩི་མར་


CMR033_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཁུའི་ཆུ་ཁར་སོང་ཚད་ངན་སོང་མེད་པ་དང་༔ གདོན་བགེགས་ཐམས་ཅད་ཀྱིས་གནོད་པ་མེད་པ༔ མཁའ་འགྲོ་མའི་དར་དཀར་ཡོལ་བ་བདུད་རྩིར་ཞུ་བ༔ མཁའ་འགྲོ་མས་མེ་ཏོག་གི་མཆོད་པ་ཕུལ་བ་འཕགས་པ་འཇམ་དབྱངས་ཀྱི་པདྨའི་སྟེང་དུ་པོ་ཏི་རལ་གྲིའི་རྗེས༔ ཕུག་སྲུང་སྦལ་མདོང་ཅན༔ སྤྲེལ་གདོང་ཅན༔ མཁའ་འགྲོ་མ་ཤེལ་གྱི་གདོང་པ་ཅན་གྱི་ཤངས༔ རྣམ་སྲས་སྐུ༔ ལྕགས་སྡིག་གི་གཟུགས༔ ཨ་འཁྲོ་རྒྱལ་པོའི་མདའ༔ སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས༔ དུང་གི་ཕུག་རོན་འགྲོས་དཀར་གྱི་གཟུགས༔ ཨ་འཁྲོ་རྒྱལ་པོའི་རྟའི་རྗེས་འདྲ་དཔེ༔ མཆོང་གི་ནོར་བུ་རྔ་མོང་ཉི་ཤུའི་རྒྱབ༔ གསེར་གྱི་ནོར་བུ་གླིང་ཆེན་ལྔ་བརྒྱའི་རྒྱབ༔ དངུལ་གྱི་ནོར་བུ་རྟ་ལྔ་བརྒྱའི་རྒྱབ༔ མཆོང་གི་ནོར་བུ་རྔ་མོང་ལྔ་བརྒྱའི་རྒྱབ༔ གསེར་གྱི་ནོར་བུ་གླང་ཆེན་ལྔ་བརྒྱའི་རྒྱབ༔ དངུལ་གྱི་ནོར་བུ་རྟ་སྟོང་གི་རྒྱབ༔ གཡུ་ཡི་ནོར་བུ་རྟ་སྟོང་གི་རྒྱབ༔ གསེར་གྱི་ནོར་བུ་གླང་ཆེན་ཁྲིའི་རྒྱབ༔ དངུལ་གྱི་ནོར་བུ་རྟ་ཁྲིའི་རྒྱབ༔ མཆོང་གི་ནོར་བུ་མཛོ་ཁྲིའི་རྒྱབ༔ དུང་གི་ཕ་བོང་དཀར་པོ་ལ་གཡུ་ཡི་དྲེག་པ་ཆགས་པ༔ ཕྱི་བསྐོར་བདུན༔ བར་བསྐོར་བཅུ༔ ནང་བསྐོར་ཉི་ཤུ་དུང་ཕྱུར་


CMR033_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ ཞེས་ཡི་གེར་སྣང་༔ ཞེས་སྤྲུལ་སྐུའི་བཀའ་སྩལ་ཇི་ལྟ་བར་བཀོད་པ༔ མངྒ་ལཾ། །གནས་མཆོག་འབུམ་རྫོང་ཇ་མཆོད་བསྡུས་པ་ནི། མཁའ་འགྲོ་འབུམ་ཕྲག་འདུ་བའི་རྫོང་ཆེན་ན། །བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་གནས་བདག་ཡུལ་ལྷ་ལ། །ཡེ་ཤེས་བདུད་རྩི་གསེར་སྐྱེམས་འདི་འབུལ་བས། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཞེས་༧ ཨ་རཱ་གས་སྦྱར།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའབུམ་རྫོང་གི་གནས་ཕྱི་ནང་གི་བཞུགས་ཚུལ།next