Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན།
   
   
   
   


 
previousསྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན།next

སྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན།


CMR033_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན། རྒྱ་གར་གྱི་ཕྲག་སང་ཞེས་བྱ་བའི་སྐད་དུ་སྤོམ་ཎེ་ལ། བོད་སྐད་དུ་འོད་དཀར་ཅན། དོན་དམ་པ་གནས་འོད་དཀར་རྡོ་རྗེའི་བྲག་དང་། ད་ལྟ་མི་རྣམས་ཀྱི་སྤོམ་ཎེ་བྲག་ཅེས་ཟེར་རོ། །དེའི་ལོ་རྒྱུས་རྒྱས་པར་བཀོད་པ་ནི་ལྟ་ས་ལགས་སོ། །


CMR033_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་ཀུན་འདུས་པ། །པདྨ་འབྱུང་གནས་ཞབས་ལ་འདུད། །དེ་ཡི་ཕྲིན་ལས་འགྲོ་དོན་སྒོ། །སྤོམ་ཎེ་རྡོ་རྗེའི་བྲག་རི་ཡི། །ངོ་མཚར་གནས་ཡིག་རྒྱས་པ་ནི། །སྤྲུལ་སྐུས་གསུངས་པའི་རྩ་ཚིག་ལ། །ཡིད་ཆེས་ལུང་གིས་བརྒྱན་པ་བཀོད། །གནས་བདག་ཌཱ་ཀིས་བཀའ་གནང་སྩོལ། །དེ་ལ་ས་བཅད་རྣམ་ལྔ་སྟེ། །དང་པོ་གནས་ཀྱི་བྱུང་ཁུངས་དང་། །གཉིས་པ་གནས་རི་བྱིན་བརླབ་ཚུལ། །གསུམ་པ་གནས་སྒོ་ཕྱེ་ཚུལ་དང་། །དེ་ནས་ལུང་ཁུངས་ཕན་ཡོན་བཅས། །ཞལ་གདམས་


CMR033_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་བསྟན་པའོ། །དང་པོ་གནས་ཀྱི་བྱུང་ཁུངས་ནི། །དེ་ལ་དང་པོ་ཆགས་པའི་དུས། །མཁའ་ལ་རླུང་གི་དཀྱིལ་འཁོར་ཆགས། །དེ་སྟེང་ཆུ་ཡི་དཀྱིལ་འཁོར་དང་། །དེ་སྟེང་ས་ཡི་དཀྱིལ་འཁོར་རྣམས། །ཡུམ་ཆེན་དབྱིངས་ཕྱུག་མ་དང་ནི། །མ་མཱ་ཀི་དང་གོས་དཀར་མོ། །དམ་ཚིག་སྒྲོལ་མའི་སྤྲུལ་པ་ནི། །འབྱུང་བ་ལྔ་རུ་སྤྲུལ་ནས་ཆགས། །འབྱུང་བའི་བཅུད་དང་དྭངས་མ་རྣམས། །གང་དེ་འདུས་པའི་ས་དེ་རུ། །རི་དང་བྲག་དང་མཚོ་རྣམས་ཀྱང་། །གཞན་ལས་ངོ་མཚར་ཆེ་བ་བྱུང་། །དེ་ནས་མི་རྣམས་ཆགས་ཚར་ནས། །འཇིག་རྟེན་ཀུན་གྱི་མེས་པོ་


CMR033_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །ལྷ་མོ་ཨུ་མ་དེ་ཝ་ཡིས། །དྲག་པོ་འཇིགས་བྱེད་ནག་པོ་དང་། །དུས་མཚན་དམར་མོ་གཉིས་སུ་སྤྲུལ། །འཛམ་བུ་གླིང་དུ་འོང་ནས་ཀྱང་། །ཡབ་ཀྱིས་དྲག་པོ་ཉི་ཤུ་བཞི། །ཡུམ་གྱིས་དྲག་མོ་ཉེར་བཞིར་སྤྲུལ། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །གནས་ཆེན་གནས་ཕྲན་བདག་ཏུ་བཟུང་། །དེ་ཕྱིར་གནས་རྣམས་ཕལ་ཆེར་ན། །དབང་ཕྱུག་ཨུ་མའི་མཚན་མ་ཡོད། །དབང་ཕྱུག་རྒྱུད་དང་སྒྲུབ་ཐབས་བཤད། །མི་རྣམས་ལམ་ལོག་མུ་སྟེགས་ཀྱི། །ལམ་ལ་བཀོད་པར་བྱས་པའི་ཚེ། །འོག་མིན་འཐུག་པོ་བཀོད་པ་ནས། །སངས་རྒྱས་རྣམ་སྣང་ཆེན་པོ་ཡིས། །འཁོར་ལོ་བདེ་མཆོག་སྐུ་རུ་སྤྲུལ། །ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་མས། །རྡོ་རྗེ་ཕག་མོའི་སྐུ་རུ་སྤྲུལ། །བྱང་ཆུབ་སེམས་དཔའ་ཉེར་བཞི་ཡིས། །དཔའ་བོ་ཉི་ཤུ་རྩ་བཞིར་སྤྲུལ། །བྱང་ཆུབ་སེམས་མ་ཉེར་བཞི་ཡིས། །དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ། །བདེ་མཆོག་དྲུག་ཅུའི་དཀྱིལ་འཁོར་གཅིག །འཛམ་གླིང་འདི་རུ་བྱོན་ནས་ཀྱང་། །འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན། །དྲག་པོ་དྲག་མོ་བཞི་བཅུ་བརྒྱད། །དམ་ལ་བཏགས་ནས་སྲུང་མར་བསྐོས། །དབང་ཕྱུག་ཆེན་པོའི་གནས་ཆེན་


CMR033_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གནས་ཕྲན་གང་ཡོད་མ་ལུས་དང་། །བདེ་མཆོག་གནས་སུ་བྱིན་གྱིས་བརླབས། །དེ་ཡི་ལོ་རྒྱུས་རྒྱས་པ་ནི། །བདེ་མཆོག་རྒྱུད་འགྲེལ་རྣམས་ན་གསལ། །དེ་དུས་བདེ་མཆོག་ཡབ་ཡུམ་གྱིས། །གནས་འདི་བྱིན་གྱིས་རླབས་པའི་རྟགས། །མཁའ་འགྲོ་རིགས་བཞིའི་ཀ་བ་དང་། །ལས་མགོན་བྱ་རོག་གདོང་ཅན་དང་། །རྩ་འཇིབ་དམར་མོའི་སྐུ་ཡང་ཡོད། །དང་པོ་དབང་ཕྱུག་དྲག་པོ་ཡི། །གནས་འདི་བདག་ཏུ་བཟུང་བའི་རྟགས། །དབང་ཕྱུག་ཆེན་པོ་ཞི་བའི་ཆ། །ལྷ་ཆེན་ཚངས་པའི་སྒེའུ་སྐར་དང་། །མེ་ལྷ་ཨག་ནེ་ར་ཙ་ཡི། །ཕྲེང་བའི་རྗེས་ཀྱང་ཡོད་པ་ཡིན། །དེ་ནས་འོད་སྲུང་བསྟན་པའི་མཇུག །ཤཱཀྱ་ཐུབ་པ་མ་བྱོན་སྔོན། །བདུད་པོ་མ་ཏྲཾ་རུ་ཏྲ་ཡིས། །ལྷ་སྲིན་ཐམས་ཅད་བྲན་དུ་བཀོལ། །བདུད་རིགས་བྱེ་བའི་འཁོར་དང་བཅས། །མ་མོ་ཤ་ཟ་དབང་དུ་བསྡུས། །གནས་ཆེན་གནས་ཕྲན་ཐམས་ཅད་ཀུན། །ཁོ་ཡི་འཁོར་དང་གཡོག་གིས་བདག །དེ་ཚེ་དཔལ་ཆེན་རྟ་མགྲིན་གྱིས། །རུ་ཏྲའི་ཁོག་པའི་ནང་དུ་ཞུགས། །རྣམ་ཤེས་སྤར་ནས་ལུས་ཀྱང་ཕྲོག །ཁོ་ཡི་འཁོར་རྣམས་དམ་ལ་བཏགས། །གནས་རྣམས་རྟ་མགྲིན་གནས་སུ་


CMR033_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །ཁོ་ཡིས་བདག་ཏུ་བཟུང་བ་ཡི། །གནས་དང་གནས་ཕྲན་ཐམས་ཅད་ཀུན། །རྟ་མགྲིན་གནས་སུ་བྱིན་གྱིས་བརླབས། །དེ་དུས་སྤོམ་ཎེའི་གནས་འདི་ཡང་། །དང་པོ་རུ་ཏྲས་བདག་པའི་རྟགས། །བདུད་ཀྱི་མཆོད་རྟེན་བསྐྱིལ་པ་ཡོད། །དེ་ནས་ཁྲོ་བོ་རྟ་མགྲིན་གྱིས། །བདུད་བཏུལ་གནས་འདི་བྱིན་རླབས་རྟགས། །རྟ་མགྲིན་སྐུ་དང་ཁྲོ་བཅུ་ཡི། །ཐོད་སྐམ་དབུ་རྒྱན་ལ་སོགས་ཡོད། །དེ་ཡི་ལོ་རྒྱུས་རྒྱས་པ་ནི། །རྒྱུ་འཕྲུལ་སྡེ་བརྒྱད་རྔམས་གློག་སོགས། །རྫོགས་ཆེན་རྒྱུད་སྡེ་རྣམས་ན་གསལ། །དེ་ནས་ཤཱཀ་ཐུབ་མྱ་ངན་ལས། །འདའ་ཁར་སྤྱན་རས་གཟིགས་དབང་གིས། །ད་དུང་བོད་ཡུལ་ཁ་བ་ཅན། །ཁྱེད་ཀྱི་ཞབས་ཀྱིས་མ་བཅགས་ཤིང་། །སྐུ་ཡི་འོད་ཀྱིས་མ་ཁྱབ་པའི། །མྱ་ངན་མི་འདའ་བཞུགས་གསོལ་ཞུས། །དེ་ཚེ་ཐུབ་པས་བཀའ་སྩལ་པ། །བོད་ཡུལ་ཁ་བ་ཅན་གྱི་ཡུལ། །ང་ཡི་འདུལ་སྐལ་མ་ཡིན་པས། །བྱང་ཆུབ་སེམས་དཔའ་ཁྱོད་ཉིད་ཀྱིས། །འདུལ་ཞིང་ཡིན་པས་ཐུལ་ཅིག་གསུངས། །ཐུབ་པའི་ཞལ་ནས་འོད་ཟེར་ནི། །ཁ་དོག་སྣ་ཚོགས་དཔག་མེད་པ། །སྤྲོས་ནས་བོད་ཡུལ་བྱིན་གྱིས་བརླབས། །དེ་དུས་འོད་ཟེར་གར་ཕོག་རུ། །


CMR033_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་རང་བྱོན་བྱུང་། །དེ་དུས་སྤོམ་ཎེའི་གནས་འདི་ཡང་། །ཐུབ་པས་འོད་ཟེར་ཕོག་པའི་རྟགས། །ཐུབ་པའི་མཛད་བཅུ་ཕལ་ཆེར་དང་། །རང་བྱོན་མཆོད་རྟེན་མང་དུ་ཡོད། །དེ་ནས་བདེ་ཆེན་ཞིང་ཁམས་ན། །སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །སྤྱན་རས་གཟིགས་ལ་བཀའ་སྩལ་པ། །བོད་ཡུལ་ཁ་བ་ཅན་གྱི་ཡུལ། །སེམས་དཔའ་ཁྱོད་ཀྱི་འདུལ་ཞིང་ཡིན། །དང་པོ་མི་ཡི་འགྲོ་བ་སྤེལ། །དེ་ནས་འཇིག་རྟེན་རྒྱལ་ཁྲིམས་སྟོན། །དེ་ནས་དམ་པའི་ཆོས་ལ་འགོད། །མཐར་ནི་སེམས་ཅན་དེ་དག་རྣམས། །ང་ཡི་ཞིང་འདིར་ཁྲིད་ཤོག་གསུངས། །སྤྱན་རས་གཟིགས་ཀྱིས་ཞུས་པ་ནི། །ང་ལ་འབྲེལ་པ་ཆེར་བཞག་པའི། །བོད་ཀྱི་སེམས་ཅན་དེ་དག་རྣམས། །ཞིང་འདིར་ཁྲིད་ཟླནི་འོང་ངོ་ཞུས། །དེ་ནས་འཕགས་པ་སྤྱན་རས་གཟིགས། །རི་བོ་གྲུ་འཛིན་རྩེ་མོར་བྱོན། །བོད་ཡུལ་ཁ་བ་ཅན་དུ་གཟིགས། །སྐུ་ལས་འོད་ཟེར་དཔག་མེད་སྤྲོས། །བོད་ཡུལ་ས་ཡི་འོག་རོལ་དུ། །གྲང་དམྱལ་ཡོད་པ་ཐམས་ཅད་དྲངས། །བོད་ཡུལ་གངས་ཀྱི་རང་རུབ་བཞུས། །དེ་དུས་སྐུ་ཡི་འོད་ཟེར་དེ། །གར་ཕོག་སྐུ་གཟུགས་ཡིག་འབྲུ་རྣམས། །རང་


CMR033_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་དཔག་ཏུ་མེད་པ་བྱུང་། །དེ་དུས་སྤོམ་ཎེའི་གནས་འདི་རུ། །ཐུགས་རྗེ་ཆེན་པོའི་འོད་ཟེར་རྣམས། །ཕོག་པའི་རྟགས་ལ་བཅུ་གཅིག་ཞལ། །སྐུ་གསུང་ཐུགས་ཀྱི་མཆོད་རྟེན་གསུམ། །ཨོ་ཨཱཧཱུྃ་གི་ནང་གཞུག་ཅན། །ཐུགས་མཚན་མེ་ཏོག་འདབ་བཞི་དང་། །།ཕྱག་མཚན་ཆུ་སྐྱེས་པདྨ་ཡོད། །དེ་དག་ལོ་རྒྱུས་རྒྱས་པ་ནི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི། །བཀའ་ཆེམས་བཀའ་འབུམ་རྒྱས་པ་དང་། །མ་གཅིག་ལབ་ཀྱི་སྒྲོལ་མ་ཡི། །གཅོད་ཀྱི་ས་བཅད་རྒྱས་པ་ཡི། །ནང་དུ་དེ་དོན་གསལ་བར་ཡོད། །དེ་ལྟར་གནས་ཆེན་གནས་ཕྲན་དང་། ཁྱད་པར་སྤོམ་ཎེའི་རྡོ་རྗེ་ཡི། །བྲག་གི་ར་བའི་གནས་འདི་ན། །དང་པོ་མ་ཧཱ་དེ་བས་བཟུང་། །དེ་ནས་ལྷ་ཆེན་དམ་ལ་བཏགས། །བདེ་མཆོག་གནས་སུ་བསྒྱུར་བར་མཛད། །བར་སྐབས་རུ་ཏྲ་འཁོར་གྱིས་བཟུང་། །དེ་ནས་རུ་ཏྲ་བཏུལ་བའི་ཚེ། །རུ་ཏྲའི་འཁོར་གྱིས་རྟ་མགྲིན་ལ། །ཕུལ་ནས་རྟ་མགྲིན་གནས་སུ་བྱས། །དེ་ནས་ཤཱཀ་ཐུབ་འོད་ཟེར་དང་། །ཐུགས་རྗེ་ཆེན་པོའི་འོད་ཟེར་ཕོག །བྱིན་གྱིས་བརླབ་ཕྱིར་རང་བྱོན་མང་། །གནས་ཀྱི་བྱུང་ཁུངས་ཀྱི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་གནས་མཆོག་སྤོམ་ཎེ་


CMR033_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །རྡོ་རྗེའི་བྲག་གི་ར་བ་འདི། །རིག་འཛིན་གྲུབ་ཐོབ་མང་པོ་ཡིས། །བྱིན་གྱིས་རླབས་ཤིང་ཞབས་ཀྱིས་ནི། །ཇི་ལྟར་བཅགས་པའི་ཚུལ་བཤད་པ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །ཨོ་རྒྱན་ཆེན་པོ་སྤྱན་དྲངས་ནས། །བོད་ཡུལ་ལྷ་འདྲེ་དམ་ལ་བཏགས། །བོན་སྐྱོང་རྣམས་ཀྱང་ཆོས་སྐྱོང་བྱས། །དཔལ་གྱི་བསམ་ཡས་གཙོར་བྱས་པའི། །མཐའ་འདུལ་གཙུག་ལག་བརྒྱ་རྩ་བརྒྱད། །ཡང་འདུལ་གཙུག་ལག་སྟོང་རྩ་བཞེངས། །མདོ་སྔགས་དམ་ཆོས་བོད་དུ་བསྒྱུར། །རྗེ་འབངས་ཉི་ཤུ་རྩ་ལྔ་སོགས། །གྲུབ་ཐོབ་རྣམས་ཀྱིས་ལུང་པ་བཀང་། །ས་འོག་ས་སྟེང་ཆོས་ཀྱིས་བཀང་། །དེ་དུས་རྒྱལ་པོས་ཞུས་པ་ནི། །ང་ཡིས་བཞེངས་པའི་གཙུག་ལག་རྣམས། །དར་རྒུད་འཕེལ་འགྲིབ་ཇི་ལྟར་འབྱུང་། །མ་འོངས་ལུང་བསྟན་གསུངས་དགོས་ཞུས། །དེ་དུས་ཨོ་རྒྱན་རིན་པོ་ཆེས། །གཞུ་གང་ཙམ་གྱིས་ནམ་མཁའ་ལ། །འཇའ་དང་འོད་ཀྱིས་གུར་ནང་བཞུགས། །སྐུ་ལས་༔ འོད་ཟེར་སྣ་ཚོགས་འཕྲོས། །རྒྱལ་བློན་འཁོར་རྣམས་ཁྱབ་པར་མཛད། །དེ་ནས་སློབ་དཔོན་བཀའ་སྩལ་པ། །སྤྱིར་ནི་འདུས་བྱས་ཆོས་རྣམས་ཀུན། །ཐམས་ཅད་མི་རྟག་ཆོས་ཉིད་


CMR033_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རྒྱལ་པོ་ཁྱེད་ཀྱང་མྱ་ངན་འདས། །ང་ཡང་སྲིན་པོ་འདུལ་དུ་འགྲོ། །རྒྱལ་མཚན་དབོན་ལ་གླང་དར་སྐྱེས། །སངས་རྒྱས་བསྟན་པ་སྣུབ་པར་བྱེད། །ཡིག་ཆ་ཕལ་ཆེར་མེར་བསྲེགས་པས། །ཟབ་ཆོས་ཕལ་ཆེར་གཏེར་དུ་སྦོས། །ཁྱེད་ཀྱིས་བཞེངས་པའི་གཙུག་ལག་རྣམས། །དར་རྒུད་ཞིག་རལ་མང་དུ་འགྱུར། །དེ་དུས་གསོ་བའི་ཆ་རྐྱེན་དུ། །གསེར་དངུལ་སྤྱད་ཆ་གཏེར་དུ་སྦོས། །སྤྲུལ་པས་འདོན་ཞིང་གསོ་བར་འགྱུར། །གསུངས་ཕྱིར་ཆོས་གཏེར་ནོར་གཏེར་སྦོས། །འོན་ཀྱང་རྒྱལ་པོ་ཐུགས་མ་ཚིམ། །བཞེངས་པའི་གཙུག་ལག་རྟེན་གསུམ་ལ། །ཞིག་རྒྱུ་ཡོད་པས་བློ་མ་བདེ། །མ་འོངས་སྙིགས་མའི་སེམས་ཅན་རྣམས། །ཚོགས་བསགས་སྒྲིབ་པ་སྦྱོང་བའི་རྟེན། །འབྱུང་བཞིའི་གནོད་པས་མི་འཇིགས་པ། །དར་རྒུད་ཞིག་རལ་མེད་པ་ཞིག །སློབ་དཔོན་ཐབས་མཁས་ཐུགས་རྗེ་ཆེ།། །སེམས་ཅན་དོན་དུ་གནང་བར་ཞུས། །ཞུས་པས་སློབ་དཔོན་རབ་ཏུ་མཉེས། །དེ་འདྲ་ཐབས་ཀྱང་ཡོད་གསུངས་ནས། །སློབ་དཔོན་རྒྱལ་པོ་རྗེ་འབངས་རྣམས། །སྐུ་ཡི་བཀོད་པ་མང་དུ་སྤྲུལ། །གངས་རི་ཏི་སེ་མན་ཆད་ནས། །རི་བོ་རྩེ་ལྔ་ཡན་ཆད་ཀྱི། །གནས་ཆེན་གནས་ཕྲན་


CMR033_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ། །ལོ་ནི་བཅུ་གཉིས་བར་དུ་བྱོན། །གནས་རི་ཐམས་ཅད་བྱིན་གྱིས་བརླབས། །དེ་ཡི་བར་གྱི་བོད་ཡུལ་གྱི། །གནས་ཀྱི་གྲངས་ཀ་མདོར་བསྡུས་ནས། །ཟམ་བུ་ལུང་སོགས་ལུང་པ་ལྔ། །འབྲས་མོ་གཤོང་སོགས་ལྗོངས་ཡུལ་གསུམ། །པདྨ་བཀོད་དང་པདྨ་གླིང་། །གླིང་ནི་གསུམ་སྟེ་གཅིག་ཏུ་བརྩི། །མཆོག་གི་སྒྲུབ་གནས་ཆེན་པོ་ལྔ། །གྲུབ་པ་ཐོབ་པའི་གནས་ཆེན་བརྒྱད། །ཀཾ་པོ་ལ་སོགས་གངས་ར་བཞི། །རོང་བཙན་ལ་སོགས་གངས་ཉེར་གཅིག །གནས་ཆེན་བརྒྱ་དང་རྩ་བརྒྱད་དང་། །ངོ་མཚར་གནས་མཆོག་ཉི་ཤུ་ལྔ། །གནས་ཕྲན་སྟོང་དང་རྩ་གཉིས་རྣམས། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། །གནས་འདྲེ་ཐམས་ཅད་དམ་ལ་བཏགས། །གནས་བདག་བཀའ་སྲུང་ཆོས་སྐྱོང་བསྐོས། །ཆོས་གཏེར་ནོར་གཏེར་མང་དུ་སྦས། །གཏེར་སྲུང་རྣམས་ལ་གཉེར་དུ་གཏད། །དེ་དག་ལོ་རྒྱུས་གསུང་ཆེ་བ། །པདྨ་བཀའ་ཐང་རྒྱས་བསྡུས་གསུམ། །བཀའ་ཐང་སྡེ་ལྔ་ཞེས་བྱ་དང་། །ཨོ་རྒྱན་རྣམ་ཐར་མདོར་བསྡུས་པ། །ཉང་དང་རཏྠ་འཇའ་ཚོན་པ། །གཏེར་ཁ་དུ་མ་ནས་བྱུང་དང་། །ལུང་བསྟན་ཆེན་པོ་བཀའ་རྒྱ་མ། །ཙཱ་རི་ཏྲ་


CMR033_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་མོ་ཡི། །གནས་ཡིག་རྒྱས་པ་རྣམས་ན་གསལ། །དེ་ལྟར་གནས་ནི་མང་ན་ཡང་། །སྤོམ་ཎེ་རྡོ་རྗེའི་བྲག་ར་འདི། །གུ་རུ་པདྨ་འབྱུང་གནས་ཀྱིས། །ཚེ་དཔག་མེད་པ་གསུང་གི་གནས། །ཚེ་ཡི་བར་ཆད་བསལ་བ་དང་། །ཚེ་ཡི་དངོས་གྲུབ་འབྱུང་བ་དང་། །གནས་སུ་བྱིན་གྱིས་བརླབ་པའི་རྟགས། །ཨོ་རྒྱན་ཉིད་དང་ཚེ་དཔག་མེད། །གོས་དཀར་མོ་ཡི་བཞུགས་ཁྲི་ཡོད། །ཚེ་དཔག་མེད་ཀྱི་སྐུ་དང་ནི། །མཆོད་རྟེན་སྣང་བ་མཐའ་ཡས་ཡོད། །ཚེ་དཔག་མེད་པའི་བརྙན་གཟུགས་དང་། །ཚེ་དཔག་མེད་པའི་དབུ་རྒྱུན་ཡོད། །ཚེ་དཔག་མེད་པའི་ཚེ་བུམ་ནས། །ཚེ་ཡི་བདུད་རྩི་འཕྱུར་བ་ཡོད། །དེ་སོགས་རང་བྱོན་ཡོད་ཚུལ་ནི། །སྤྲུལ་སྐུའི་གནས་ཡིག་ཉིད་ན་གསལ། །འདི་རུ་བྲི་བར་མ་ལོང་ངོ། །ཨོ་རྒྱན་གསང་ཆབ་ཆུ་མིག་ཏུ། །བྱིན་གྱིས་རླབས་པ་ཡོད་པ་ནི། །གྲིབ་ཅན་རྣམས་ཀྱིས་འཁྱོར་ཆུའི་དག །བྱས་ན་སྐམ་དོག་མ་བསྟན་གསུངས། །དེ་ནས་ཛྙཱ་ན་ཏ་པ་དང་། །མི་ཏྲ་ཇོ་ཀི་ལ་སོགས་པ། །རྒྱ་གར་གྲུབ་ཆེན་འགའ་རེ་དང་། གྲུབ་ཆེན་གྲགས་པའི་དཔལ་ཞབས་དང་། །དྷརྨེ་ཤྭ་ར་ལ་སོགས་པ། །སྐྱེས་བུ་དམ་པ་དུ་མ་ཡིས། །གནས་རི་བཟང་བར་


CMR033_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ནས་ཀྱང་། །ཞབས་ཀྱིས་བཅགས་ཤིང་དོན་གྱིས་ནི། །གནས་རི་བྱིན་གྱིས་རླབས་པར་ངེས། །རིག་འཛིན་སེམས་དཔའ་མཆོག་རྣམས་ཀྱིས། །གནས་བྱིན་གྱིས་བརླབས་པའི་ལེའུ་སྟེ་གཉིས་པའོ།། ༈ །།གསུམ་པ་གནས་སྒོ་འབྱེད་ཚུལ་ནི། །སྔོན་ཚེ་སློབ་དཔོན་པདྨ་ཡིས། །གནས་ཆེན་གནས་ཕྲན་ཐམས་ཅད་ལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །བཀའ་སྲུང་སྒོ་སྲུང་མང་དུ་བསྐོས། །མ་འོངས་འགྲོ་དོན་དུས་བབས་ཚེ། །ལས་ཅན་སྐྱེས་བུ་འབྱུང་བའི་ཚེ། །གནས་སྒོ་གཏོད་ལ་ཕྲིན་ལས་སྒྲུབས། །སྐལ་མིན་དུས་མིན་སྒོ་ཕྱེ་བ། །དེ་ཡི་སྙིང་ཁྲག་ཐང་ལ་ཕོས། །ཞེས་གསུངས་བཀའ་བསྒོས་དམ་བཞག་མཛད། །ཁྱད་པར་སྤོམ་ཎེའི་བྲག་ར་འདི། །ལས་མགོན་བྱ་རོག་གདོང་ཅན་zདང་། །ཡུམ་ཆེན་ལྷ་མོ་རྩ་འཇིབ་མ། །བཀའ་སྲུང་ནག་མོ་ཀླུ་འདུལ་དང་། །ས་བདག་ཧ་ས་གནྡྷ་དང་། །བཞི་ལ་བཀའ་སྲུང་གཉེར་དུ་གཏད། །དེ་ཕྱིར་སྐྱེས་བུ་དམ་པ་རྣམས། གནས་ཆེན་ཡིན་པར་དགོངས་ན་ཡང་། །གནས་སྒོ་འབྱེད་པའི་དབང་མེད་དོ། །སྤྱིར་ནི་གནས་ཆེན་གནས་ཕྲན་རྣམས། །ལ་ལ་སྔར་ནས་གནས་སྒོ་ཕྱེས། །འགྲོ་དོན་རྫོགས་ནས་


CMR033_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མཁན་ཉུང་། །ལ་ལ་བར་སྐབས་གནས་སྒོ་ཕྱེས། །ད་རུང་འགྲོ་དོན་མ་རྫོགས་པས། །སྐོར་མཁན་དག་ཀྱང་ཅི་རིགས་འབྱུང་། །ལ་ལ་ད་རུང་དུས་མ་བབས། །མ་འོངས་དུས་ལ་བབ་པའི་ཚེ། །གནས་སྒོ་ཕྱེ་བས་འགྲོ་དོན་འབྱུང་། །གནས་སྒོ་ཕྱེ་མཁན་གང་ཟག་ནི། །བླ་མ་སྔགས་པ་མི་སྐྱ་དང་། །སྨོན་པ་བྱ་བྲལ་རྟོགས་ལྡན་སོགས། །ལྟར་སྣང་བཟང་ངན་ཅི་བྱུང་ཡང་། །སྤྲུལ་པ་དོན་གྱི་འགྲོ་དོན་ཡིན། །ཅི་ཕྱིར་ཚུལ་མིན་ཐོ་ཅོ་ཅན། །ཡིན་ན་སྒོ་སྲུང་གནས་བདག་གིས། །སྲོག་གི་དབང་པོ་སྣུབ་པར་ངེས། །ཁྱད་པར་སྤོམ་ཎེ་རྡོ་རྗེ་ཡི། །བྲག་གི་ར་བའི་གནས་ཆེན་འདི། །གནས་སྒོ་འབྱེད་པའི་གང་ཟག་ནི། །སྔོན་ཚེ་ཨོ་རྒྱན་ཆེན་པོ་ཡིས། །གཏེར་ཁ་དུ་མར་ལུང་བསྟན་ཏེ། །སངས་རྒྱས་གླིང་པའི་བཀའ་ཐང་རྒྱས་པ་དང་། །ཨོ་རྒྱན་གླིང་པའི་བཀའ་ཐང་འབྲིང་པོ་གཉིས། །ཚིག་མཐུན་གཏེར་ཆེན་བཞི་བཅུ་ཞེ་དགུ་ཡིས། །རྫོགས་སོ་མི་འགྱུར་རྡོ་རྗེས་ལུང་བསྟན་ལ། །རྡོ་རྗེ་ནང་དམེ་དམ་འཁྲུག་བྱེད་པའི་ཡུལ། །གཙུག་གིས་བློ་གཏད་སྤྱི་ཡི་དཔོན་དུ་འགྱུར། །མཐུ་དང་ནང་འཁྲུག་དུག་ནད་དར་བའི་དུས། །རྟེན་དང་མཆོད་ཆ་རང་བྱོན་སྤྱི་འབྱམས་ཞེས་བྱའི་


CMR033_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །གཡས་ཀྱི་བྲག་དཀར་གནམ་འཕྱོང་གཏེར་ཁ་ནི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བླང་། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་། །ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་གསུངས་དེ་བཞིན་རྒྱལ་པོ་བཀའ་ཐང་ལས། །ཤཱཀྱའི་ཞིང་ཁམས་མདོ་ཁམས་ཞེས་པ་ན། །གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་རྡོ་རྗེ་གྲགས་ཞེས་འབྱུང་། །དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད། །སྟོང་གསུམ་འཇིག་རྟེན་འདི་ཡི་བྱང་ཕྱོགས་སུ། །ཞིང་ཁམས་རྣམ་དག་ཙནྡན་ནགས་ཞེས་སུ། །དེ་བཞིན་གཤེགས་པ་སྐྱེས་བུ་ཁ་ལོ་སྒྱུར། །བླ་མེད་སྟོན་པ་སུམ་སྟོང་འདུས་པ་འབྱུང་། །རྒྱལ་བ་ཡེ་ཤེས་ཀུན་བཟང་ཞེས་བྱ་འབྱུང་། །ཞེས་གསུངས་རཏྣ་གླིང་པའི་གཏེར་ཁ་ཡི། །གཏེར་ཁ་སྤྱི་ཡི་ལུང་བསྟན་འབྲིང་པོ་ནས། །ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གནས་མཆོག་དེ་ཡི་གཏེར་རྣམས་འབྱོན། །ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང་། །ཞེས་སམ་རཏྣ་གླིང་པའི་གཏེར་ཁ་ཡི། །ཆོས་ཀྱི་བརྒྱུད་པ་འཛིན་པ་ལུང་བསྟན་པ། །རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་


CMR033_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །གཏེར་སྟོན་ཁྱོད་དང་རྟེན་འབྲེལ་འགྲིགས་པའམ། །འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད། །ཅེས་གསུངས་བདུད་འདུལ་རྡོ་རྗེའི་གཏེར་ཁ་ནས། །ཤུད་བུ་དཔལ་སེང་བླ་མ་ཡབ་ཡུམ་གྱིས། །རིན་ཆེན་མཎྜལ་སྤྱི་བོའི་གཙུག་ཏུ་ཕོག །ཡི་དམ་ལྷ་དབང་རིག་པའི་རྩལ་དབང་ཐོབ། །མ་འོངས་མདོ་ཁམས་རི་ཆེན་ཉེ་བ་ན། །རྡོ་རྗེའི་མིང་འཛིན་ཁ་བྱང་འཛིན། །མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར། །རྟེན་འབྲེལ་ལོག་པའི་དམ་སེལ་མ་བྱུང་ན། །ཟབ་གསང་ཆོས་ཀྱི་བདག་པོར་སྨོན་ལམ་རྒྱ་ཡིས་བཏབ། །ཅེས་གསུངས་གཏེར་ཁ་དུ་མར་ལུང་བསྟན་པའི། །སྤྲུལ་སྐུ་འདི་ཡི་ངོ་བོ་གང་ཞེ་ན། །ཉིད་ཀྱི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས། །བེ་རོ་ཙ་ནའི་སྐུ་ཡི་སྤྲུལ། །ཤུད་བུ་དཔལ་སེང་གསུང་གི་སྤྲུལ། །ལང་གྲོ་དཀོན་མཆོག་ཐུགས་ཀྱི་སྤྲུལ། །།སྣ་ནམ་ཡེ་ཤེས་ཡོན་ཏན་སྤྲུལ། །ཤྲཱི་བཛྲ་ཕྲིན་ལས་སྤྲུལ། །ཨོ་རྒྱན་ང་ཡི་སྤྲུལ་པ་ཡིན། །ཞེས་གསུངས་དོན་དང་མཐུན་པ་སྟེ། །དབང་དྲག་རྒྱ་མཚོའི་ཞལ་ཆེམས་ལས། །ང་ནི་འདི་ནས་ཚེ་འཕོས་ནས། །རི་བོ་ཆེ་དང་ཀརྨ་ཡི། །སྟེང་མཚམས་གཅིག་ཏུ་སྐྱེ་བ་ལེན། །གཏེར་སྟོན་མི་འགྱུར་རྡོ་རྗེ་


CMR033_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གཏེར་དང་གནས་སྒོ་ཕྱེ་བར་གསུངས། །ལུང་བསྟན་དེ་དང་རྗེས་མཐུན་པར། །དང་པོ་དབང་དྲག་རྒྱ་མཚོ་དེ། །ཞིང་བརྗེས་དམྱལ་བའི་གནས་སུ་བྱོན། །འབྲེལ་ཐོགས་འགྲོ་བ་དཔག་མེད་པ། །དྲངས་ཚུལ་བར་དོའི་རྣམ་ཐར་ཡོད། །སྔོན་གྱི་གཏེར་ཁ་འགའ་རེ་ནས། །གཡོ་སྟོད་ཕྱོགས་སུ་འཁྲུངས་གསུངས་ལྟར། །དེ་རུ་སྐྱེ་བ་གཅིག་བླངས་ཀྱང་། །བར་ཆད་དབང་གིས་ཆུང་ངུ་ནས། སྐུ་གཤེགས་ཟངས་མདོག་དཔལ་རིར་བྱོན། །ཨོ་རྒྱན་ཆེན་པོས་དབང་བསྐུར་ནས། །བོད་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བརྫོང་། །ཁམས་ཀྱི་གཏེར་དང་གནས་སྒོ་རྣམས། །ཕལ་ཆེར་ཁྱོད་ཀྱིས་དབང་བ་ཡིན། །ཁྱད་པར་སྤོམ་ཎེ་བྲག་ར་ཡི། །གནས་སྒོ་འབྱེད་པ་རེམ་རེམ་གསུངས། །ཕྱག་མཛུབ་ནས་འཇུས་གསུང་བསྒོས་མཛད། །དེ་ལྟར་བྱེད་པའི་དམ་བཅའ་ཕུལ། །དེ་ནས་སྔོན་གྱི་ལུང་བསྟན་ལྟར། །སྐུ་འཁྲུངས་རྟགས་དང་རྟེན་འབྲེལ་སོགས། །བྱུང་ཚུལ་རྣམ་ཐར་རྒྱས་པར་གསལ། །དགུང་ལོ་བཅུ་བཞི་གནམ་འཕྱང་ལོ། །ཐ་སྐར་ཟླ་བའི་དམར་པོའི་ཕྱོགས། །རྒྱལ་བ་ལྷ་ལས་བབ་པའི་དུས། །དུས་ཆེན་ཉིད་ལ་སྒོ་ཕྱེས་སོ། །འཇིག་རྟེན་སྲུང་མར་


CMR033_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་བརྔན། །ཡེ་ཤེས་ལྷ་ལ་ཚོགས་མཆོད་ཕུལ། །དེ་ནས་ལྷ་ངོ་སྤྲད་པར་མཛད། །སྤྲད་ཚུལ་གནས་ཡིག་ཉིད་ལ་གསལ། །གནས་སྒོ་ཕྱེ་བའི་ལེའུ་སྟེ་གསུམ་པའོ།། ༈ །དེ་ནས་གནས་ཆེན་གནས་ཕྲན་འདི་རྣམས་བོད་དུ་ཡོད་ཚུལ་གྱི་ལུང་བསྟན་ནི། འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་བེམ་པོས་ཀྱང་སེམས་ཀྱི་དོན་བྱེད་པ་ཡོད་དོ་ཞེས་གསུངས་པ་དང་། འཕགས་པ་གཤིན་རྗེའི་གཤེད་གསལ་ཤིང་རྒྱུད་ལས། ཉི་ཤུ་རྩ་བཞི་གནས་ཀྱི་མཆོག །ཉི་མ་བྱང་ཤར་མཚམས་ཤེད་ན། །འདི་ནས་རི་བོ་ནག་པོ་བཅུ་གསུམ་འདས་པ་ན། །གངས་རིའི་བསྐོར་བའི་ར་བ་ན། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གནས། །ཞེས་གསུངས་པ་དང་། དུར་ཁྲོད་མངོན་འབྱུང་གི་རྒྱུད་ལས། ཀུན་དགའ་གཞོན་ནུའི་གྲོང་ཁྱེར་ན། །བདེ་གཤེགས་ཞི་ཁྲོའི་ཕོ་བྲང་གནས། །ཞེས་གསུངས་སོ། །།ཨོ་རྒྱན་ཆེན་པོའི་རྣམ་ཐར་གསེར་གྱི་ཕྲེང་བ་རཏྣ་གླིང་པའི་གཏེར་མ་ལས། མཆིམས་ཕུའི་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ། གངས་རི་ཏི་སེ་མན་ཆད་ཁམས། ཙོང་ཁ།་ལྕིམ་བྲག །རྒྱ་ནག་རི་བོ་རྩེ་


CMR033_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། གན་འཇང་། ཧུ་དང་ལི་ཡུལ། གྲུ་གུ་ཀོང་པོ་རྒྱ་ལ། མོན། སྟག་སྒོ། བུམ་ཐང་། སྤོམ་ཎེ་ལ་སོགས་ཐམས་ཅད་དུ། སྒྲུབ་གནས་གཏེར་སྒོ། ས་གཞི་ཐམས་ཅད་བྱིན་གྱིས་བརླབས་ཤིང་། འགྲོ་དོན་དཔག་ཏུ་མེད་ཅིང་ཐམས་ཅད་སྨིན་གྲོལ་ལ་བཀོད་དོ། །མཆོག་གི་སྒྲུབ་གནས་ལྔ། ངོ་མཚར་གྱི་གནས་མཆོག་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས། དེ་ལ་སོགས་པ་རྣམས་སུ་མ་འོངས་མཐོང་ཐོས་དྲན་རེག་ཐམས་ཅད་གྲུབ་པ་ཐོབ་ཅིང་དངོས་གྲུབ་ཐོབ་པ་ནི་དཔག་ཏུ་མེད་པར་མཛད། ཅེས་གསུངས་པའི་ནང་ནས། སྤོམ་ཎེ་རྡོ་རྗེའི་བྲག་ར་ནི་ངོ་མཚར་བའི་གནས་མཆོག་ཉི་ཤུ་རྩ་ལྔའི་ཡ་རྒྱལ་བ་གཅིག་ལགས་སོ། །ཨོ་རྒྱན་ཆེན་པོའི་ལུང་བསྟན་བཀའ་རྒྱ་མ་སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང་། །ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ། །བསྒྲུབས་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ། །ཕལ་པའི་གནས་སུ་ལོ་གཅིག་སྒྲུབ་པ་བས། །དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ། །དེ་དོན་ཤེས་པར་མཛོད་ཅིག་རྗེས་འཇུག་རྣམས། །ལ་ལར་སངས་


CMR033_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་སྤྲུལ་པ་ནི། །ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན། །དེ་མཐོང་ཐོས་དང་འབྲེལ་པ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས། །ཉེ་རིང་མེད་ཕྱིར་ཀུན་ལ་འབྱོན་པར་འགྱུར། །དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན། །ཡུལ་ལ་ཚད་བཟུང་མེད་དེ་འཁོར་མཐའི་བར། །ཞེས་གསུངས་སོ། །དེས་ན་བཟོ་བོའི་ལག་གི་འདུ་བྱེད་ཀྱི་བཞེངས་མ་དགོས་པར། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་སྟོབས་ཀྱིས། རང་བྱུང་དུ་བྱོན་པའི་སྐུ་གཟུགས་དང་ཡིག་འབྲུ་དང་། མཆོད་རྟེན་དང་ལྷའི་ཕྱག་མཚན་ལ་སོགས་པ་འདི་རྣམས་དང་། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་རྟེན་མཆོག་ཏུ་གྱུར་པ་ཡིན་པས། །འདི་ལ་བསྐོར་བ་དང་ཕྱག་དང་མར་མེ་དང་ཚོགས་འཁོར་སོགས་བཀུར་བསྟི་བྱས་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ། ཅུང་ཟད་ཙམ་ཡིད་ཆེས་ཕྱིར་ལུང་འདྲེན་པར་བྱའོ། །མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས། བཅོམ་ལྡན་ཤཱཀྱ་ཐུབ་པས་བཀའ་སྩལ་པ། མཆོད་རྟེན་བསྐོར་བ་བྱས་པ་ནི། །མི་ཁོམ་བརྒྱད་རྣམས་སྤངས་བར་འགྱུར། །མཆོད་རྟེན་བསྐོར་


CMR033_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་པ་ནི། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །ཁ་དོག་ལྡན་ཞིང་མཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱིས། །ཚེ་རིང་པ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །འཛམ་བུ་གླིང་གི་རིགས་ཀྱི་མཆོག །ཆེ་རིགས་ཡོངས་སུ་དག་པ་དང་། །བློ་ལྡན་དུ་ཡང་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དགའ་བར་འགྱུར། །ཡིད་དུ་འོང་ཞིང་ལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བ་དང་། །བུ་སྨད་དང་ཡང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བྲམ་ཟེ་ཆེ་ཞིང་མཐོང་བ་དང་། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིག་བྱེད་གསང་


CMR033_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་དང་ལྡན་པར་འགྱུར། །འཛམ་བུ་གླིང་གི་མངའ་བདག་རྗེ། །ས་སྟེང་མཐོ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །འདི་ནས་ཤི་འཕོས་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བར་འགྱུར། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཤ་ཟ་དང་ནི་གྲིབ་རྣམས་ཀྱིས། །དེ་ལ་གནོད་པར་མི་ནུས་སོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་རྒུར་སོགས་ཡང་མི་འགྱུར། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མིག་ཀྱང་རྣམ་པ་དག་པ་དང་། །སྤྱན་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་སྤྱན་ཡང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེ་བའི་


CMR033_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་དང་། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐའ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་པོ་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྟོང་གིས་མཆོད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དྲན་པ་ཉེ་བར་བཞག་པ་བཞིན། །སེམས་ཅན་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པ་བཞི་ཡང་ཐོབ། །འཕགས་པའི་བདེན་པ་བཞི་པོ་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མངོན་ཤེས་དྲུག་ལྡན་ཟག་མེད་པ། །ཉོན་མོངས་ཐམས་ཅད་སྤང་བ་ཡིས། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །འདོད་ཆགས་ཐམས་ཅད་སྤངས་བ་དང་། །འཁོར་བ་ཐམས་ཅད་སྤོང་བ་ཡིས། །རང་རྒྱལ་བྱང་ཆུབ་ཐོབ་པར་འགྱུར། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་སོགས་དང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་


CMR033_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བོར་བའི། །འཛམ་བུ་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བའི། །འཛམ་བུ་ཆུ་ཟླ་གསེར་གྱི་ཕ་ཝང་འབུམ། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་སོགས་གསུངས་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་དད་པ་ཐོབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་གང་ལ་སྐོར་བ་བྱེད་པ་དང་། །ཕྱི་མའི་དུས་ན་དགེ་འདུན་རྣམས་ཀྱི་རྒྱུད།། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་བསྐོར་བ་བྱས་ན་ནི། །སྐྱེ་བ་དག་ནི་ཐམས་ཅད་དུ། །བྱང་ཆུབ་སངས་རྒྱས་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །ཞེས་དང་། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་


CMR033_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། །ཞེས་དང་། མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་སྟོན་བརྟན་དང་། །དེས་ནི་མྱུར་དུ་མཁས་པར་འགྱུར། །ཞེས་སོགས་བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཕན་ཡོན་མཐའ་ཡས་པ་གསུངས་པའི་ཕྱིར་བསྐོར་བ་བཅུ་གསུམ་དུང་ཕྱུར་དང་མཉམ་པའོ། །དེ་ཡང་ཕལ་པ་རྣམས་བསྐོར་བ་སུམ་བརྒྱ་དྲུག་ཅུ་བྱས་པ་དང་། ཨོ་རྒྱན་རིན་པོ་ཆེས་བྱིན་གྱིས་རླབས་པའི་གནས་སུ་བསྐོར་བ་གཅིག་བྱས་པ་ཕན་ཡོན་མཉམ་པ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་གསུངས་པའི་གོང་གི་ལུང་གིས་གྲུབ་པའོ། །ཁྱད་པར་གནས་འདི་མཇལ་ཞིང་ཕྱག་འཚལ་མཆོད་བསྟོད་བྱས་ན་ཚེ་རིང་བ་དང་ཚེའི་བར་ཆད་ཟློག་པ་སོགས་ཕན་ཡོན་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་གསུངས་པ་ནི། འདི་ཉིད་ཚེ་དཔག་མེད་གསུང་གི་གནས་ཡིན་པའི་ཕྱིར། དེ་བཞིན་ཕྱག་འཚལ་བ་དང་མཆོད་བསྟོད་བྱས་པའི་ཕན་ཡོན་ཡང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངས་ནི་གང་དག་བསྟན་པ་ཡིས། །མི་ཁོམ་བརྒྱད་པོ་དེ་དག་སྤོངས། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་


CMR033_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དལ་བ་ཞིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་འཕེལ་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱལ་པོ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་ཟློསྟོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལོ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོ་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ཞེས་དང་། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལ་


CMR033_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ། །ཞེས་གསུངས་སོ། །མར་མེ་ཕུལ་བའི་ཕན་ཡོན་ཡང་། མདོ་དེ་ཉིད་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་གི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔའ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་ཡང་། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་zལྟར་མིན། །ཞེས་དང་། མར་མེ་འབུལ་བ་ཞེས་པའི་མདོ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་ཟློབར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནས་ཤི་འཕོས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པ་ཤེས། །ཞེས་གསུངས་


CMR033_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བདེ་བར་གཤེགས་པའི་མཆོད་རྟེན་རང་བྱོན་དུ་ཡོད་པའི་གནས་བཟང་པོ་འདི་ལྟ་བུ་ལ། དར་ལྕོག་བཙུགས་པའི་ཕན་ཡོན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ནས། །ལྷ་ཡི་དག་དང་མི་རྣམས་ཀྱིས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། འཇིག་རྟེན་འགྱུར་ཞེས་མོས་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །དེ་ནི་སྐྱེ་བོ་མང་པོས་མཆོད་འོས་འགྱུར། །ཞེས་དང་གསང་སྔགས་རྙིང་མ་མདོ་དགོངས་འདུས་ཞེས་བྱ་བ་ལས། རླུང་རྟ་དར་བར་བྱེད་པའི་མཆོག །དར་ཤིང་རི་རབ་ལྷུན་པོར་བསྒོམ། །ཞེས་སོགས་དར་ཅོག་བྱ་ཐབས་རྒྱས་པར་གསུངས་ཤིང་། དུག་ཤིང་མིན་པའི་དར་ཤིང་ལ། །དྲི་མེད་དར་ལ་གཟུངས་སྔགས་བྲི། །རི་མཐོ་དགོན་གནས་གྲོང་ཡུལ་དང་། །ཚོང་དུས་མི་མང་འདུ་སར་བཙུགས། །བདེ་བ་ལྡན་ཞིང་སྡུག་བསྔལ་བྲལ། །རླུང་རྟ་བསྐྱེད་ཅིང་བསོད་ནམས་ལྡན། །རླུང་གིས་གང་ཕོག་སེམས་ཅན་ཀུན། །གཟུངས་སྔགས་དེ་ཡིས་ཞིང་དུ་སྐྱེ། །འདི་ཡི་ཕན་ཡོན་བརྗོད་མི་ལང་། །འབད་པར་རིགས་སོ་ས་མ་ཡ། །ཞེས་གསུངས་


CMR033_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པས་དར་ཅོག་ཕུལ་ན། རླུང་རྟ་དར་ཞིང་བསོད་ནམས་སྐྱེའོ། །ས་གཞན་དུ་དར་ཅོག་སུམ་བརྒྱ་དྲུག་ཅུ་བཙུགས་པ་དང་། གནས་འདིར་དར་ཅོག་གཅིག་བཙུགས་པ་ཕན་ཡོན་མཉམ་མོ། །དེ་བཞིན་དུ་ཚོགས་མཆོད་ལ་སོགས་པ་ཡང་གཞན་དུ་བྱས་པ་བས་གནས་བཟང་པོ་འདི་ལྟར་བུར་བྱས་ན་ཕན་ཡོན་ཆེ་སྟེ། དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བའི་གནས་ཡིན་ནོ། །དེ་ནས་གནས་འདི་ལ་རང་བྱོན་ངོ་མཚར་ཅན་ཡོད་ཚུལ་སྤྲུལ་སྐུའི་གསུངས་པའི་གནས་ཡིག་ཚིགས་སུ་བཅད་དེ་བརྗོད་པར་བྱ་སྟེ། ༈ ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཆོས་སྐུ་ཀུན་ཁྱབ་སྣང་མཐའ་ཡས། །ལོངས་སྐུ་འགྲོ་འདུལ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་འགྲོ་བའི་མགོན། །སྐུ་གསུམ་བླ་མའི་ཕྲིན་ལས་ལ། །ཤཱཀྱའི་རྒྱལ་པོས་ལུང་བསྟན་པའི། །བོད་ཡུལ་ཁ་བ་ཅན་གྱི་ཡུལ། །ཐུགས་རྗེ་ཆེན་པོས་ཞིང་ཁམས་ན། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ཡོད། །ཕྲིན་ལས་བཞི་ཡི་གནས་བཞི་ཡོད། །མཆོག་གི་གནས་ཆེན་རྣམ་ལྔ་ཡོད། །གྲུབ་པ་ཐོབ་པའི་གནས་བརྒྱད་ཡོད། །ངོ་མཚར་གནས་མཆོག་ཉེར་ལྔ་ཡོད། །གནས་ཆེན་བརྒྱ་དང་རྩ་བརྒྱད་ཡོད། །གནས་ཕྲན་སྟོང་དང་རྩ་


CMR033_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད། །གནས་ནི་དེ་དག་ཐམས་ཅད་ལ། །དགེ་བའི་ལས་ནི་གང་བྱས་པ། །འགྱུར་ནི་སུམ་བརྒྱ་དྲུག་ཅུ་ཡོད། །ངོ་མཚར་གནས་མཆོག་ཉེར་ལྔ་ལགས། །སྤོམ་ཎེ་རྡོ་རྗེའི་བྲག་ར་ན། །མདུན་རི་མཆོད་པ་སྤུངས་འདྲ་ཡོད། །གཡས་རི་རྟ་མཆོག་འདྲ་བ་ཡོད། །རྒྱབ་རི་གླང་ཆེན་འགྱིང་འདྲ་ཡོད། །གཡོན་རི་ནམ་མཁའ་བཏེག་འདྲ་ཡོད། །ཕུག་པ་སེར་པོ་གྲུ་བཞི་ཡོད། །དེ་གཉའ་ལྷོ་སྤྲིན་དམར་པོ་ཡོད། །འོག་ན་ཚ་ཚ་དམར་པོ་གཉིས། །ཕུག་སྒོ་རྨ་བྱའི་གདན་ཁྲི་ཡོད། །སྒོ་སྲུང་བྱ་རོག་གདོང་ཅན་ཡོད། །པདྨ་སཾ་བྷའི་དབུ་ཞྭའི་རྗེས། །མཁའ་འགྲོ་མ་ཡི་འཐེན་གླུ་ཡོད། །ཚེ་དཔག་མེད་ཀྱི་སྤྱན་གཟུགས་དང་། །མཚོ་རྒྱལ་དབུ་ཞྭའི་རྗེས་ཀྱང་ཡོད། །ཨོ་རྒྱན་ཕྱག་མཛུབ་བཙུགས་རྗེས་ཡོད། །ལྷ་མི་གཉིས་ཀྱི་གནས་མཇལ་བའི། །སྒོ་ནི་ཆེ་ཆུང་གཉིས་ཀྱང་ཡོད། །འཇིགས་བྱེད་མེ་ཡི་སྤུ་གྲི་ཡོད། །སྒོ་སྲུང་ཧ་ས་གཅུ་ཡོད། །བཀའ་ཡི་སྲུང་མ་ཀླུ་འདུལ་གྱིས། །སྦྲུལ་དང་སྦལ་པ་མནན་ས་ཡོད། །བྱ་རོག་ཆེན་པོའི་ཡ་མཆུ་དང་། །ལས་མགོན་བྱ་རོག་གདོང་ཅན་ཡོད། །ལྷ་མོ་རྩ་འཇིབ་དམར་མོ་ཡོད། །རྒྱ་མཚོ་གསེར་གྱི་རུས་སྦལ་ཡོད། །ཨོ་རྒྱན་སེང་གེ་ཆིབས་


CMR033_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པའི། །སེང་གེའི་ལག་གཉིས་རྗེས་ཀྱང་ཡོད། །ཕྱག་གི་རྡོ་རྗེའི་རྗེས་ཀྱང་ཡོད། །གུ་རུ་དྲག་པོའི་སྐུ་རྗེས་ཡོད། །ལྷ་ཡི་ཡུལ་ནས་གདན་དྲངས་པའི། །གསེར་གྱི་ལྷ་ལུག་གཟུགས་ཀྱང་ཡོད། །བར་དོར་བསྒྲོད་པའི་འཕྲང་ཡང་ཡོད། །མཁའ་འགྲོའི་དར་ཐག་འཐེན་ས་ཡོད། །མཁའ་འགྲོ་མ་ཡི་དབུ་རྒྱན་ཡོད། །རུས་སྦལ་ཕྲག་ལ་འཕྱང་བ་ཡོད། །སེང་གེ་ཕྱི་ལྟས་བྱས་པ་ཡོད། །དུང་དཀར་གྱེན་དུ་འགྲོ་བ་ཡོད། །ཟེར་ཆེན་ཉ་མོ་ཐུར་རྒྱུག་ཡོད། །མཁའ་འགྲོ་གཡུ་ཕྱེ་མཆོད་ས་ཡོད། །ཨོ་རྒྱན་གུ་རུའི་ཕྱག་གཉིས་ཀྱིས། །ཕུག་པ་བརྒྱངས་བའི་རྗེས་ཀྱང་ཡོད། །ཀླུ་ཡི་ནོར་བུ་མིག་གསུམ་ཡོད། །མཁའ་འགྲོ་རིགས་བཞིའི་ཀ་བ་ཡོད། །ཚེ་དཔག་མེད་ཀྱི་ཚེ་བུམ་ནས། །བདུད་རྩི་ཡར་ལ་ཕྱུར་བ་ཡོད། །ལྷ་མོ་སྒྲོལ་མའི་རྣ་རྒྱན་ཡོད། །འཕགས་པ་ཕྱག་སྟོང་སྤྱན་སྟོང་ཡོད། །མཁའ་འགྲོ་རིགས་བཞིའི་ནུ་མ་ཡོད། །སྲིན་པོའི་གྲོང་ཁྱེར་གཟུགས་ཀྱང་ཡོད། །རང་བྱོན་མཆོད་རྟེན་སྟོང་རྩ་ཡོད། །ཕྱག་རྡོར་དབུ་ཡི་འདྲ་དཔེ་ཡོད། །མཐའ་ཡི་རྒྱ་མཚོའི་གཟུགས་ཀྱང་ཡོད། །ཐུབ་པ་ལྷ་སྦྱིན་རྩལ་འདྲེན་པའི། །གླང་ཆེན་གཉིས་ཀྱི་གཟུགས་ཀྱང་


CMR033_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །ཐུབ་པས་དཀའ་ཐུབ་མཛད་པ་ཡོད། །ཚེམས་ཤིང་གཉིས་དང་ཆུ་གཉིས་ཡོད། །མཆོད་རྟེན་རྣམ་དག་དྲུང་དུ་ནི། །དབུ་སྐྲ་བསིལ་བའི་ཚུལ་ཡང་ཡོད། །ལུམ་བི་ཚལ་དུ་སྐུ་འཁྲུངས་ཡོད། །ལྷུམས་སུ་སེམས་ཅན་ཆོས་སྟོན་གཟུགས། །གླང་ཆེན་ཐལ་དཀར་གཟུགས་ཀྱིས་ནི། །ལྷ་ལས་བབས་པའི་ཚུལ་ཀྱང་ཡོད། །རིལ་བ་བུམ་པའི་མཆོད་རྟེན་ཡོད། །གྲོང་ཁྱེར་སེར་སྐྱའི་སྒོ་སྲུང་དུ། །སྤྲིན་གྱི་གསེབ་ནས་བྱོན་ས་ཡོད། །བཙུན་མོ་རྣམས་ཀྱི་སྐུ་གཟུགས་དང་། །བྱང་ཆུབ་ཤིང་དྲུང་སངས་རྒྱས་ཤིང་། །བདུད་བཏུལ་བ་ཡི་བཀོད་པ་ཡོད། །འདུས་པ་རྣམས་ལ་ཆོས་འཁོར་བསྐོར། །སྤྲེའུས་སྦྲང་རྩི་ཕུལ་བ་ཡོད། །ཐུབ་པ་གནས་བཅུས་བསྐོར་བ་དང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡོད། །སངས་རྒྱས་ཞིང་ཁམས་སྟོང་རྩ་ཡོད། །འཇམ་དཔའི་དབྱངས་དང་རྟ་མགྲིན་དང་། །ཕྱག་ན་རྡོ་རྗེའི་སྐུ་ཡང་ཡོད། །སངས་རྒྱས་བྱང་སེམས་སྟོང་རྩ་ནི། །བྲག་རྣམས་ཀུན་ལ་ཚོན་པ་ཡོད། །མ་ནིང་ཛོ་ལྷ་ནག་པོའི་སྐུ། །དུང་དཀར་ཡུངས་དཀར་དཱར་བ་དང་། །གྷི་ཝང་མེ་ལོང་བིལ་བ་དང་། །ཞོ་དང་ལི་ཁྲི་ཕུལ་བ་ཡོད། །རྟ་མགྲིན་རྒྱལ་པོའི་དབྱུག་ཐོ་དང་། །གཤིན་རྗེ་གཤེད་


CMR033_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱུག་ཐོ་ཡོད། །སྨན་ལྷ་ཁྲི་དང་རྒྱབ་ཡོལ་བཅས། །ཤཱཀ་ཐུབ་གཙོ་འཁོར་གསུམ་པོ་ཡོད། །བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྒྱད། །ལྷ་ཀླུ་མི་ཡིས་མཆོད་པ་ཡོད། །གཞན་ཡང་མཆོད་རྟེན་རྣམ་གསུམ་ཡོད། །རྗེ་བཙུན་སྒྲོལ་མའི་རྣ་རྒྱན་ཡོད། །མཆོད་པ་སྣ་ཚོགས་སྤུངས་པ་ཡོད། །རིན་པོ་ཆེ་ཡི་སྲོག་ཞུ་ཡོད། །རིག་འཛིན་ལྔ་ཡི་སྐུ་ཡང་ཡོད། །ཀུན་ཏུ་བཟང་པོའི་བཞུགས་ཁྲི་ཡོད། །ཚེ་དཔག་མེད་ཀྱི་བཞུགས་ཁྲི་ཡོད། །གོས་དཀར་མོ་ཡི་བཞུགས་ཁྲི་ཡོད། །ཨོ་རྒྱན་པདྨའི་བཞུགས་ཁྲི་ཡོད། །སྐུ་གསུང་ཐུགས་ཀྱི་མཆོད་རྟེན་གསུམ། །ཨོཾ་ཨཱཧཱུྃ་གི་ནང་གཞུག་ཡོད། །ལོངས་སྐུ་རྣམ་པར་སྣང་མཛད་ཡོད། །ཁྲོ་རྒྱལ་མི་གཡོ་མགོན་པོ་ཡོད། །ཚ་ཚ་མཆོད་རྟེན་བརྒྱད་མ་ཡོད། །ཚེ་དཔག་མེད་ཀྱི་རྒྱབ་ཡོལ་ཡོད། །དུར་ཁྲོད་བདག་པོའི་དབུ་དཔེ་ཡོད། །བཅུ་གཅིག་ཞལ་གྱི་མཚོན་བྱེད་ཡོད། །མཁའ་འགྲོ་མ་ཡི་ཚོགས་ཀྱང་ཡོད། །ཚེ་དཔག་མེད་ཀྱི་སྐུ་ཡང་ཡོད། །མཁའ་འགྲོ་མ་ཡི་འོ་རྒྱུན་ཡོད། །བདུད་ཀྱི་མཆོད་རྟེན་མགོ་ཐུར་ཡོད། །མཁའ་འགྲོ་བྲན་མོའི་ཚོགས་ཀྱང་ཡོད། །ཨོ་རྒྱན་རབ་གནས་མཐོར་བ་ཡོད། །ཐུབ་པ་དང་ནི་ཀུན་དགའ་བོར། །


CMR033_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་བརྒྱད་ཀྱིས་བསྐོར་བ་ཡོད། །ཕྱག་ན་རྡོ་རྗེའི་ཞབས་རྗེས་ཡོད། །ཨོ་རྒྱན་བྱ་རྒོད་ཆིབས་པ་ཡི། །གཤོག་པའི་འདྲ་དཔེ་གསལ་པོར་ཡོད། །མཁའ་འགྲོ་མ་ཡི་གཏོར་གསོས་ཡོད། །མཁའ་འགྲོའི་ཚོགས་ཕུད་བླངས་རྗེས་ཡོད། །ཁྲོ་བཅུའི་ཐོད་སྐམ་དབུ་རྒྱན་ཡོད། །གྲི་བཙན་འདུལ་བ་བྱེད་པ་ཡིས། །མཆོད་རྟེན་འབུར་མང་ཞེས་བྱ་ཡོད། །བཀའ་སྲུང་འབུར་མང་ཞེས་བྱ་ཡོད། །ཚངས་པ་དང་ནི་མཁའ་འགྲོ་མས། །མཆོད་རྟེན་བསྐོར་ལམ་བྱས་ན་ཡང་། །མཆོད་རྟེན་གནམ་བཏེག་ནང་ཚུད་པས། །ལམ་མོ་བཏོད་པའི་གཟུགས་ཀྱང་ཡོད། །ལྷ་ཆེན་ཚངས་པའི་གཟིགས་སྐར་དང་། །པདྨ་འདབ་སྟོང་སྟོང་ཡང་ཡོད། །མཁའ་འགྲོ་མ་ཡིས་གཟིགས་སྐར་ཡོད། །མཆོད་རྟེན་སྣང་བ་མཐའ་ཡས་ཡོད། །མཆོད་རྟེན་མཐོང་བ་བཟང་པོ་ཡོད། །མཆོད་རྟེན་གནམ་བཏེག་ཅེས་བྱ་ཡོད། །རྒྱ་མཚོ་ཆུ་ཡི་འཁྱིལ་ཡང་ཡོད། །ཚེ་དཔག་མེད་ཀྱི་བརྙན་གཟུགས་ཡོད། །མཁའ་འགྲོ་རྡོ་ཡི་ཕོ་བྲང་ལས། །རྡོ་ཡི་ཀ་བ་བརྒྱན་པ་ཡོད། །མེ་ཏོག་ཆུ་སྐྱེས་མང་པོ་ཡོད། །རྣམ་པར་སྣང་མཛད་ཕྱག་བྲིས་ཡོད། །མེ་ཏོག་འདབ་ལྡན་རྗེས་ཀྱང་ཡོད། །ཆེ་དཔག་མེད་ཀྱི་དབུ་རྒྱན་


CMR033_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རིན་ཆེན་ཕྲ་ཡིས་བརྒྱན་པ་ཡོད། །ཚེ་དཔག་མེད་ཀྱི་བཞུགས་ས་ཡོད། །མཆོད་རྟེན་མ་རིག་མུན་བསལ་ཡོད། །རྣམ་སྲས་མདུང་དམར་མདུང་ཡུའི་རྗེས། །བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྐུ། །གླང་ཆེན་ལངས་ནས་ཁྲི་བཏེག་གཟུགས། །དེ་ཡི་རྒྱུད་དུ་སྐྱེས་བུ་ནི། །ལས་ཅན་མཇལ་དུ་འགྲོ་ཚུལ་ཡོད། །དཔག་བསམ་ལྗོན་ཤིང་གཟུགས་ཀྱང་ཡོད། །ཤང་པ་ལྷ་མགོན་རྔ་གཤང་ཡོད། །ཨཧྥེ་ར་ཙའི་ཕྲེང་བ་ཡོད། །གཞན་ཡང་མཆོད་རྟེན་མང་པོ་ཡོད། །གོས་དཀར་ལྷ་མོའི་གསང་བ་ཡོད། །ཤིང་ཏོག་བི་ཛོ་པུ་རི་ཡོད། །དེ་ལྟར་རང་བྱོན་ཡོད་པ་རྣམས། །བཅག་དང་འཁྱེར་བ་མི་རུང་སྟེ། །བཀའ་སྲུང་རྣམས་ཀྱིས་ར་མདའ་ཡོད། །དེ་ནས་བསྐོར་བའི་མན་ངག་བཤད། །ཕུག་པ་བྲག་རི་དང་བཅས་པ། །རིན་ཆེན་གཞལ་ཡས་རྒྱ་ཆེའི་ནང་། །གཙོ་བོ་ཚེ་དཔག་མེད་པ་ལ། །སངས་རྒྱས་བྱང་སེམས་དཔག་མེད་ལ། །བསྐོར་བ་དམ་ཡེ་དབྱེར་མེད་བཞུགས། །ཕ་མས་གཙོར་བྱས་སེམས་ཅན་ཀུན། །རང་གིས་ཁྲིད་ནས་བསྐོར་བར་དམིགས། །ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས། །བདག་དང་སེམས་ཅན་ཀུན་ལ་ཐིམ། །སྡིག་སྒྲིབ་ཚེ་ཡི་


CMR033_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཞི། །ཚོགས་གཉིས་བསོད་ནམས་རྒྱས་པར་བསྒོམ། །དེ་ནས་གསོལ་འདེབས་བྱེད་འདོད་ན། ༈ ན་མོ་གུ་རུ་སིདྡྷི་ཧཱུྃ། གནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་དང་། །དོན་དབྱེར་མེད་རྡོ་རྗེའི་བྲག་ར་ནས། །ལྷ་སྣང་བ་མཐའ་ཡས་ཚེ་དཔག་མེད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་ལྷོ་ཕྱོགས་རི་བོ་གྲུ་འཛིན་དང་། །དོན་དབྱེར་མེད་སྤོམ་ཎེའི་བྲག་ར་ན། །ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་ལྷོ་ནུབ་ཟངས་མདོག་དཔལ་རི་དང་། དོན་དབྱེར་མེད་སྤོམ་ཎེའི་སྒྲུབ་ཕུག་ན། །ལྷ་པདྨ་འབྱུང་གནས་རིག་འཛིན་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་དང་། །དོན་དབྱེར་མེད་སྤོམ་ཎེའི་བྲག་ར་ན། །མ་མཁའ་འགྲོ་སྡེ་ལྔ་ཤུགས་འགྲོར་བཅས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་དང་། །དོན་དབྱེར་མེད་རྡོ་རྗེ་བྲག་ར་ན། །མགོན་བྱ་རོག་གདོང་ཅན་ཡབ་དང་ཡུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །གནས་སྐུ་གསུམ་དག་པའི་ཞིང་ཁམས་


CMR033_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དོན་དབྱེར་མེད་རྡོ་རྗེའི་བྲག་ར་ན། །ལྷ་རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལས་ངན་པའི་སྡིག་སྒྲིབ་དག་པ་དང་། །རྐྱེན་ཕྱི་ནང་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཞེས་གསོལ་བ་འདེབས་པར་བྱའོ། །ཞེས་བྱ་བ་འདི་ནི་བདག་རྣལ་འབྱོར་པ། རཱ་ག་ཨ་སྱས་རི་བོ་ཆེ་མཇལ་ཞོར་གནས་དེ་མཇལ་བསམ་པ་རྩེ་གཅིག་ཏུ་ཡོད་ཀྱང་སྟབས་མ་བདེ། རང་གི་རི་ཁྲོད་དུ་འོང་ནས་མཚམས་ཀྱི་བཅད་རྒྱ་གཅིག་ལ་བསྡད་ཀྱང་ཀླུ་གནས་དེ་ལ་ཡང་ཡང་ཡིད་ཕྲེང་བར་བྱུང་དུས། རྒྱལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་གྱི་ནུབ་ཉམས་དང་རྨི་ལམ་འདྲེས་པའི་སྐབས་སུ་སྤྲིན་གྱི་ཕུང་པོའི་སྟེང་ན་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་མཇལ། དེའི་ཕྱིར་ནུབ་རྨི་ལམ་གྱི་སྣང་བར་སྤོམ་ཎེ་བྲག་རའི་གནས་ཡིག་སྔར་མ་མཐོང་བ་ཞིག་ལག་ཏུ་གཏད་བྱུང་བ་ལ་བལྟས་པས། །ལྷའི་སྐད་དང་། ཀླུའི་སྐད། མིའི་སྐད་དང་། རྒྱ་སྐད་སུམ་རྩ་ག་ཡོད་པ་ཞིག་གདའ། ཚིག་རྣམས་ཡིད་ལ་མ་ཟིན་ཀྱང་རྟེན་འབྲེལ་གཅིག་ཡོད་པ་འདྲ་བསམས་པས་སྔར་སྤྲུལ་སྐུས་


CMR033_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་གནས་ཡིག་ལ་གཞིར་བྱས། མདོ་རྒྱུད་བཀའ་གཏེར་གྱི་ལུང་གིས་བརྒྱན་ཏེ་ཆུ་སྟོད་ཟླ་བའི་ཡར་ཚེས་དྲུག་ལ་ཨ་རཱ་གས་རྫོགས་པར་བྲིས་པ་ལ་ཉེས་འགལ་མཆིས་ན་གནས་བདག་ཌཱ་ཀིའི་ཚོགས་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་ཐམས་ཅད་བདེ་ཆེན་ཞིང་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤོམ་ཎེ་རྡོ་རྗེའི་བྲག་གི་ར་བའི་གནས་ཡིག་ངོ་མཚར་ལྷའི་རྔ་ཆེན།next