Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་ཆེན་རཱ་ཛ་རྫོང་གི་གནས་ཡིག
   
   
   


 
previousགནས་ཆེན་རཱ་ཛ་རྫོང་གི་གནས་ཡིགnext

གནས་ཆེན་རཱ་ཛ་རྫོང་གི་གནས་ཡིག


CMR033_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་རཱ་ཛ་རྫོང་གི་གནས་ཡིག་བཞུགས་སོ།


CMR033_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སིདྡྷི་ཧཱུྃ། བླ་མ་ཡི་དམ་དབྱེར་མེད་པའི། །འགྲོ་བ་ཀུན་གྱི་གཙུག་གི་རྒྱན། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར། །པདྨ་འབྱུང་གནས་ཞབས་ལ་འདུད། །སྔོན་གྱི་བཀའ་བརྒྱུད་ཐམས་ཅད་ཀྱིས། །ཉམས་མགུར་གནས་བསྟོད་མཛད་པ་ལྟར། །ཁྱུང་ཆེན་རྗེས་སུ་བྱེ་སླེབ་ལྟར། །རྣལ་འབྱོར་ངས་ཀྱང་གནས་བསྟོད་ཀྱི། །གླུ་ཞིག་རིག་པ་དྭངས་ཕྱིར་ལེན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །དབང་ཕྱུག་འཇིགས་བྱེད་ནག་པོ་དང་། །ཡུམ་གཅིག་དུས་མཚན་དམར་མོ་ཡིས། །འཇིག་རྟེན་ཐམས་ཅད་དབང་དུ་བསྡུས། །གནས་ཆེན་གནས་ཕྲན་བདག་ཏུ་


CMR033_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། །ལྷ་སྲིན་མ་མོ་བྲན་དུ་ཁོལ། །།འཇིག་རྟེན་མུ་སྟེགས་ལམ་ལ་བཀོད། །དེ་ཚེ་འོག་མིན་ཞིང་ཁམས་ཀྱི། །འཐུག་པོ་བཀོད་པའི་གནས་མཆོག་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་དང་། །ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་གིས། །འཁོར་ལོ་སྡོམ་པ་ཡབ་ཡུམ་སྤྲུལ། །སེམས་དཔའ་ཉི་ཤུ་རྩ་བཞི་དང་། །དཔའ་བོ་དཔའ་མོ་ཉེར་བཞིར་སྤྲུལ། །འོག་མིན་གནས་ནས་ཞིང་འདིར་བྱོན། །འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན། །ཞིང་སྐྱོང་ཡབ་ཡུམ་ཉེར་བཞི་རྣམས། །དཔའ་བོ་དཔའ་མོ་ཉེར་བཞི་ཡིས། །དམ་ལ་བཏགས་ནས་ཞབས་སུ་མནན། །


CMR033_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཡབ་ཡུམ་འཁོར་བཅས་ཀྱིས། །བདག་ཏུ་བཟུང་བའི་གནས་རྣམས་ནི། །བདེ་མཆོག་ཡབ་ཡུམ་འཁོར་བཅས་ཀྱི། །རང་གི་གནས་སུ་བྱིན་གྱིས་རློབས། །དེ་ཚེ་གནས་ཆེན་རཱཛ་རྫོང་། །བདེ་མཆོག་ཡབ་ཡུམ་གནས་ཉིད་དུ། །བྱིན་གྱིས་རླབས་པའི་མངོན་རྟགས་སུ། །རྒྱབ་རི་བདེ་མཆོག་ཡབ་ཡུམ་སྐུ། །མངོན་སུམ་རང་བྱོན་གསལ་བ་བཞུགས། །ཕ་བོང་འཇིགས་བྱེད་དུས་མཚན་གདན། །སྒོ་དང་རྟ་བབས་སྒོ་རྒྱན་སོགས། །རང་བྱུང་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཆོས་འབྱུང་དྲུག་ཅུ་རྩ་བཞི་ནི། །བདེ་མཆོག་དཀྱིལ་འཁོར་ལྷ་གྲངས་རྫོགས། །སྤང་འབུར་ཆོས་འབྱུང་གྲུ་གསུམ་ནི། །ཡུམ་ཆེན་ཕག་མོའི་དཀྱིལ་འཁོར་རྫོགས། །དེ་ནས་ཤཱཀྱའི་བསྟན་པ་ལ། །ཤཱཀ་ཐུབ་མྱ་ངན་འདའ་ཁའི་ཚེ། །སྤྱན་རས་གཟིགས་ཀྱིས་ཞུས་པའི་ངོར། །ཐུབ་པའི་ཞལ་ནས་འོད་ཟེར་ནི། །བྱང་ཕྱོགས་ཁ་བ་ཅན་དུ་འཕྲོས། །ས་གཞི་བྱིན་གྱིས་བརླབས་པའི་ཚེ། །འོད་དེ་གང་དུ་ཕོག་པའི་སར། །སྐུ་གསུང་ཐུགས་རྟེན་རང་བྱོན་བྱུང་། །དེ་ཚེ་འོད་ཟེར་འདིར་ཕོག་རྟགས། །མཆོད་རྟེན་བརྒྱད་པོ་རང་བྱུང་བྱོན། །རིགས་ལྔ་མཚོན་པའི་བྲག་མདོག་ནི། །ཁ་དོག་སྣ་ལྔ་ལྷུན་གྱིས་གྲུབ། །


CMR033_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨོ་རྒྱན་པདྨ་འབྱུང་། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །གངས་ཅན་བོད་ཡུལ་ས་གཞི་ཁོལ། །རྟ་རྨིག་ཙམ་ཡང་མ་ལུས་པར། །ཐམས་ཅད་ཞབས་ཀྱིས་བཅགས་ནས་ཀྱང་། །ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དེ་ཚེ་མཆོག་གི་གནས་ཆེན་ལྔ། །གྲུབ་པ་ཐོབ་པའི་གནས་ཆེན་བརྒྱད། །ལུང་ལྔ་ལྗོངས་གསུམ་གླིང་གཅིག་དང་། །གངས་རི་གཉན་པོ་ཉི་ཤུ་གཅིག །ངོ་མཚར་གནས་མཆོག་ཉི་ཤུ་ལྔ། །གནས་ཆེན་བརྒྱ་དང་རྩ་བརྒྱད་དང་། །གནས་ཕྲན་སྟོང་དང་རྩ་གཉིས་དང་། །སྒྲུབ་པའི་རྫོང་ཆེན་རྫོང་ཆུང་དང་། །མཐའ་དམག་འབྱུང་དུས་གབ་པའི་གནས། །ས་ཁོལ་བྲག་སྐྱིབ་དཔག་མེད་པ། །བྱིན་གྱིས་རླབས་པར་གསུངས་པ་ལྟར། །འདན་གྱི་ཡུལ་ན་རྡོ་རྗེ་རྫོང་། །ཆམ་གྱི་ཡུལ་ན་ན་བུན་རྫོང་། །ལྕི་ཡི་ཡུལ་ན་རཱ་ཛ་རྫོང་། །རཱ་ཛ་རྒྱ་གར་ཟུར་ཆག་སྐད། །རཱ་ཛ་གནས་ཀྱི་རྒྱལ་པོ་ཡིན། །ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་ཡོད། །ཆོས་དང་ནོར་གྱི་གཏེར་ཁ་སྦས། །དེ་ནས་བསྟན་པ་ཕྱི་དར་ལ། །ཨོ་རྒྱན་ཆེན་པོའི་ཐུགས་སྤྲུལ་ཏེ། །འཁོར་ལོ་སྡོམ་པ་མིར་སྤྲུལ་པ། །བླ་མ་དཔལ་ཆེན་སྒ་ལོ་དེ། །ཧེ་རུ་ཀ་ཡི་སྐུར་བཞེངས་ནས། །


CMR033_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་དང་ཀླུ་དང་ཐེའུ་རང་དང་། །ཐོག་སེར་སྡེ་བརྒྱད་དམ་ལ་བཏགས། །སྲ་མཁྲེགས་རྡོ་ལ་ཞབས་རྗེས་བཞག །ཆིབས་དྲེལ་རྗེས་དང་ཐོག་སེར་རྗེས། །རྒྱ་མཚོའི་ཀློང་ནས་ཀླུ་གཉན་རྣམས། །དམ་བཏགས་ཡར་ལ་དྲངས་བའི་གཟུགས། །མངོན་སུམ་ཀུན་གྱིས་མཐོང་བར་ཡོད། །གྲུབ་ཆེན་དཔལ་ཆེན་སྐྲ་ལོ་དེ། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཀྱང་། །གདུལ་བྱ་རྟག་འཛིན་རྫོགས་པའི་ཕྱིར། །མཛད་པའི་ཐ་མ་བསྟན་པ་ཡིས། །གདུང་ཞུས་མལ་གྱི་ས་འབུངས་ལ། །དུས་བཟང་འཇའ་ཡིས་གུར་ཕུབ་པས། །འཇའ་དིལ་མིང་དུ་ཐོགས་པ་ཡོད། །ལ་ཆུང་སྟེང་དུ་འོད་ཕུང་འཁྲིགས། །འོད་འབུར་མིང་དུ་ཐོགས་པ་ཡོད། །སྒ་ལོ་ཆུ་བྲག་ཐོགས་མེད་པ། །རྫུ་འཕྲུལ་བྲག་དཀྱིལ་ཕུག་པ་ན། །རྡོར་དྲིལ་ལ་སོགས་མཆོད་རྫས་ཡོད། །བྲག་རྩེ་མིག་གིས་མི་མཐོང་སར། །རྫུ་འཕྲུལ་བྱོན་ནས་གྱང་བརྡུང་གསལ། །སྒ་ལོའི་ཆོས་འབྲེལ་ཞུས་པ་ཡིས། །ས་ཆེན་ཀུན་སྙིང་མཆོད་རྟེན་ཡོད། །རྒྱལ་སྲིད་སྣ་བདུན་ནོར་བུ་བདུན། །དགོས་འདོད་ལྷུན་གྱིས་གྲུབ་ཚུལ་ཡོད། །རི་བོ་ཁྱུང་ཆེན་ལྡིང་བ་དང་། །བྲག་དཀར་སེང་ལྕམ་དཀར་མོ་ཡོད། །རྒྱངས་ནས་སྐྱེན་པོའི་འབེན་


CMR033_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། །གནས་དང་གནས་ལེན་ཡིན་པའི་ཕྱིར། །རྟ་རྣ་བདེ་མཆོག་ཕོ་བྲང་གི །བདེ་མཆོག་ཡབ་ཡུམ་རང་བྱོན་དང་། །རཱ་ཛའི་བདེ་མཆོག་ཡབ་ཡུམ་གཉིས། །སྐྱེན་པོའི་འབེན་དང་འདྲ་བ་ཡོད། །དེ་ནས་གནས་ཀྱི་བརྡའ་དོན་བཤད། །རྒྱབ་རི་བདེ་མཆོག་ཡབ་ཡུམ་ནི། །འཁོར་ལོས་སྒྱུར་རྒྱལ་ཡབ་ཡུམ་འདྲ། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པའི་བརྡའ། །ནམ་མཁའ་ཟླུམ་ལ་འཁྱིལ་བ་ནི། །བེ་ཌཱུརྱ་ཡི་མདོག་དང་འདྲ། །ཆོས་དབྱིངས་མཐའ་དབུས་མེད་པ་ཡིས། །ལྟ་བ་ཡས་ནས་ཕུབ་པའི་བརྡའ། །ས་གཞི་པདྨ་འདབ་སྟོང་ལ། །འབུར་དོད་པདྨའི་ཟེའུ་འབྲུ་འདྲ། །འཁོར་བའི་སྐྱོན་གྱིས་མ་གོས་ཤིང་། །སྤྱོད་པ་མས་ནས་འཛེགས་པའི་བརྡའ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ནི། །བདེ་སྟོང་ཟུང་དུ་འཇུག་པ་དང་། །སྒྲུབ་བརྒྱུད་ཆུ་བོ་འབྲུབ་པའི་བརྡའ། །ཕ་བོང་གཡས་ནི་འཇིགས་བྱེད་གདན། །རྟག་ཆད་མཐའ་གཉིས་སྤང་བའི་བརྡའ།འཇའ་དིལ་འཇའ་ཚོན་བསྐོར་བ་ནི། །དཔའ་བོ་མོ་ཚོགས་འདུ་བའི་བརྡའ། །འོད་འབུར་འོད་ཕུང་འཁྲིགས་པ་ནི། །དཔའ་བོ་ཕོ་ཚོགས་འདུ་བའི་བརྡའ། །གནས་ཆེན་


CMR033_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་མཐའ་སྐོར་དུ། །ཆོ་འཕྲུལ་རྩུབ་སློང་ཆེ་བ་ནི། །ལས་མགོན་བྱ་རོག་གདོང་པ་ཅན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དཔལ་ཆེན་གདུང་ལ་མཆོད་པ་དང་། །བཀའ་སྲུང་མེལ་ཚེ་བྱེད་པའི་རྟགས། །གཞན་ཡང་གུར་དང་གཉན་མགོན་དང་། །པཱུ་ཊ་མིང་སྲིང་ལ་སོགས་ཀྱིས། །ས་ཆེན་གདུང་ལ་མཆོད་པ་དང་། །བཀའ་སྲུང་མེལ་ཚེ་བྱེད་པའི་རྟགས། །རྒྱལ་སྲིད་སྣ་བདུན་བསྐོར་བ་ནི། །ལུགས་གཉིས་ཆབ་སྲིད་བསྟན་པ་དང་། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་བརྡའ། །ནོར་བུ་ཆ་བདུན་ཡོད་པ་ནི། །དགོས་འདོད་ལྷུན་གྱིས་གྲུབ་པའི་བརྡའ། །བྲག་ཕུག་ཆོས་འབྱུང་རང་བྱུང་ལ། །ནེའུ་ལེའི་རྐྱལ་པ་རང་བྱོན་ནི། །ཆོས་འབྱུང་འཛད་མེད་ནམ་མཁའི་མཛོད། །ནེའུ་ལེའི་རྐྱལ་པ་རིན་ཆེན་སྣོད། །འཛད་མེད་དངོས་གྲུབ་གནང་བའི་བརྡའ། །རིན་ཆེན་ཁྱུང་ཆེན་ལྡིང་འདྲ་ནི། །ལྟ་བའི་ནམ་འཕང་གཅོད་པ་དང་། །ཀླུ་གཉན་གནོད་པ་སྐྱོབས་པའི་བརྡའ། །བྲག་འབུར་སེང་གེ་གནམ་མཆོང་ནི། །སྒོམ་པའི་ཉམས་རྩ་ལ་རྫོགས་པ་དང་། །མི་འཇིགས་གདེང་དང་ལྡན་པའི་བརྡའ། །དེ་ཚོ་དོན་གྱི་


CMR033_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་མཚོན་ལགས། །ཀུན་རྫོབ་འཇམ་དབྱངས་གསུངས་པའི་གཞུང་། །རྟེན་འབྲེལ་ས་ཡི་དཔྱད་བཤད་ན། །ཤར་ཕྱོགས་ཕྱེས་པ་འདྲ་བ་ནི། །རྣལ་འབྱོར་སྐུ་ཚེ་རིང་བ་དང་། །ཞི་བའི་ཕྲིན་ལས་འགྲུབ་པའི་བརྡའ། །ལྷོ་ཕྱོགས་སྤྱང་པ་འདྲ་བ་ནི། །རྒྱས་པའི་ཕྲིན་ལས་འགྲུབ་པ་ནི། །ལོངས་སྤྱོད་མངའ་ཐང་འཕེལ་བའི་བརྡའ། །ནུབ་ཕྱོགས་སྐྱོལ་བ་འདྲ་བ་ནི། །རི་དམར་གཏེར་གནས་ཡོད་པ་ནི། །དབང་གི་ཕྲིན་ལས་འགྲུབ་པའི་བརྡའ། །བྱང་ཕྱོགས་ཡོལ་བ་བྲིས་འདྲ་ནི། །སྡང་དགྲའི་གནོད་པ་མི་འབྱུང་ཞིང་། །དྲག་པོའི་ཕྲིན་ལས་འགྲུབ་པའི་རྟགས། །ཕྱོགས་བཞིར་བསྲུང་བཞི་ཚང་བ་ནི། །གདུང་རྒྱུད་དཔའ་གཡང་ཐོབ་པའི་རྟགས། །གཡས་འབབ་རྒྱལ་པོའི་ཕྱག་དཀར་ཏེ། །གཡོན་འབབ་བཙུན་མོའི་གསེར་སྐྱེམས་ཡིན། །མདུན་དུ་འཁྱིལ་བ་ཞག་གི་མཚོ། །དབང་ཐང་རྒྱ་མཚོ་འདྲ་བའི་རྟགས། །མདུན་དུ་བྲག་འབུར་མངོན་པ་ནི། །གཡང་ཤ་སྡེར་དུ་བཞག་པ་སྟེ། །ཟས་ནོར་ལོངས་སྤྱོད་རྒྱས་པའི་རྟགས། །མདུན་དུ་ཆུ་ཤིང་ན་སྤང་ཕྱུག །མི་ནོར་ཟས་གསུམ་འཛོམས་པའི་རྟགས། །དེ་ཚོ་ཀུན་རྫོབ་ས་ཡི་དཔྱད། །འཕྲལ་སྐྱིད་པ་མི་ཡི་


CMR033_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལགས་སོ། །ཕུག་སྐྱིད་པ་དམ་པ་ལྷ་ཡི་ཆོས། །འཇམ་དབྱངས་མིར་སྤྲུལ་ཀུན་སྙིང་དང་། །བདེ་མཆོག་མིར་སྤྲུལ་སྒ་ལོ་ཡི། །སྐུ་གདུང་མཆོད་རྟེན་འཛམ་གླིང་རྒྱན། །འདི་ལ་ཕྱག་དང་བསྐོར་བ་དང་། །ཞིག་གསོས་མཆོད་པ་སུས་བྱས་པ། །ངན་སོང་སྐྱེ་སྒོ་ཆོད་ནས་ཀྱང་། །མཐར་ཐུག་བྱང་ཆུབ་གོ་འཕང་ཐོབ། །ཅི་ཕྱིར་ཞེ་ན་ཤཱཀ་ཐུབ་ཀྱིས། །བསྐོར་བའི་ཚིགས་བཅད་མདོ་སྡེ་ལས། །མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ཕན་ཡོན་བསྐལ་པ་བྱེ་བར་ཡང་། །བརྗོད་པར་ནུས་པ་མིན་གསུངས་ཤིང་། །འཛམ་བུ་ཆུ་གསེར་གསང་ཆེན་གྱིས། །དེ་ལས་བསྐོར་བ་གཅིག་དགའ་གསུངས། །ལུང་བསྟན་ཆེན་པོ་བཀའ་རྒྱ་དང་། །གུ་རུའི་རྣམ་ཐར་གསེར་ཕྲེང་ལས། པདྨ་འབྱུང་གནས་བྱིན་རླབས་པའི། །གནས་ཆེན་གནས་ཕྲན་ཐམས་ཅད་དུ། །འབྲེལ་ཐོགས་ཐར་པའི་ལམ་སྣ་ཟིན། །གཞན་དུ་ལོ་གཅིག་བསྒྲུབ་པ་ལས། །འདི་རུ་ཞག་གཅིག་དགའ་བར་གསུངས། །དེ་ཕྱིར་སུམ་བརྒྱ་དྲུག་ཅུས་འགྱུར། །ཡོད་ཕྱིར་དེ་ཡི་འགྱུར་བརྩིས་ན། །འདི་རུ་བསྐོར་བ་གཅིག་བྱས་ན། །བསྐོར་བ་སུམ་བརྒྱ་དྲུག་ཅུའི་འགྱུར། །འདི་རུ་ཕྱག་གཅིག་འཚལ་བ་ན། །ཕྱག་ནི་སུམ་བརྒྱ་དྲུག་


CMR033_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཅུར་འགྱུར། །འདི་རུ་མར་མེ་གཅིག་ཕུལ་ན། །མར་མེ་སུམ་བརྒྱ་དྲུག་ཅུར་འགྱུར། །འདི་རུ་བཟླས་བརྗོད་གཅིག་བྱས་ན། །བཟླས་བརྗོད་སུམ་བརྒྱ་དྲུག་ཅུར་འགྱུར། །འདི་རུ་དར་ལྕོག་གཅིག་བཙུགས་ན། །དར་ལྕོག་སུམ་བརྒྱ་དྲུག་ཅུར་འགྱུར། །འདི་རུ་ཞག་གཅིག་སྒྲུབ་པ་ན། །ལོ་སྒྲུབ་གཅིག་ནི་བྱས་དང་མཉམ། །འདི་རུ་གཏོར་མ་ཚར་གཅིག་བཏང་། །གཏོར་མ་སུམ་བརྒྱ་དྲུག་ཅུར་འགྱུར། །འདི་རུ་ཚོགས་གཅིག་བྱས་པ་ན། །ཚོགས་ནི་སུམ་བརྒྱ་དྲུག་ཅུར་འགྱུར། །དེ་ཕྱིར་བསོད་ནམས་འདོད་པ་ཡིས། །འདི་རུ་ཕྱག་བསྐོར་མཆོད་པ་དང་། །སྒོམ་བཟླས་བསྙེན་སྒྲུབ་མཛད་པར་ཞུ། །པད་འབྱུང་གསུངས་ལ་ངེས་ཤེས་མཛོད། །གནས་ཀྱི་འགྱུར་དང་གང་ཟག་འགྱུར། །དུས་ཀྱི་འགྱུར་དང་རྣམ་པ་གསུམ། །མདོ་རྒྱུད་ཀུན་ནས་གསུངས་ལགས་པས། །འདི་ནི་གནས་ཀྱི་འགྱུར་བརྩི་ཡིན། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཕན་ཡོན་ས་ག་ཟླ་བ་ཡི། །དམར་པོ་ཡི་ནི་ཚེས་བརྒྱད་ཉིན། །གནས་ཆེན་དེ་ཡི་རྩེ་མོར་བྲིས།། །།


previousགནས་ཆེན་རཱ་ཛ་རྫོང་གི་གནས་ཡིགnext