Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག
   


 
previousགཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངགnext

གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག


CMR033_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག་བྱང་བུར་འགུགས་བསྟིམས་གསུམ་ཟིན་འཕྲལ། མདུན་དུ་ཏིལ་དང་གཡས་སུ་མེ་གཡོན་དུ་ཆུ་བཤམས་ནས། ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ། ནི་ཡིག་སྔོ་སྐྱ་ཀ་ཡིག་དམར་སྐྱ་ཡི༔ དྲྭ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམས༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང་༔ ཕཊ་ཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ཚྭ་དང་ཀླུ་ཡི་དྲ་བ་དངོས་མེད་བཤིགས༔ ཏིལ་དང་ཡུངས་ཀར་མིང་བྱང་ལ་བསྐོར། མེ་ཆུ་ལ་དོར་ཞིང་༔ ཨ་ཀྲྀ་ཀཱ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་དམ་བདུན་སོགས་བརྗོད། དཀོན་མཆོག་་གསུམ་དང་ཞི་ཁྲོ་་འདིར་ཡི་དམ་གང་ཡིན་མཚན་བསྒྱུར། རབ་འབྱམས་ཀྱི༔ བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་སྐག་སྣང་འུར་འཇིགས་ཀྱི༔ བག་ཆགས་ངན་པའི་གྲི་གཅགས་བྲལ་གྱུར་ཅིག༔ སོར་མོ་བསྣོལ་བ་ཕྱིར་གྲོལ་བའི་ཕྱག་རྒྱས། ཨོཾ་བཛྲ་བན་ཏྲ་ཐ༔ ཨོཾ་བཛྲ་བྷིད་ཏྲ་ཐ༔ དེ་ནས་ལས་བུམ་གྱི་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་༔ ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ མེ་ཆུ་ནང་དུ་བླུགས་ལ་བྱང་བུ་ལ་ལན་གསུམ་བསྐོར་ཞིང་། ཨོཾ་བཛྲ་བྷིད་ཏྲ་བ༔ ཅེས་ཕྱིར་དོར། གྲི་གོས་མཚན་བྱང་ཚེ་འདས་ལུས་སུ་གསལ༔ པྲ་ཝེ་ཤ་ཡ་ཕཊ་ཅེས་ལུས་སྒོ་ཕྱེས༔ ནྲྀ་


CMR033_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཝེ་ཤ་ཡ་ཨ་ཞེས་བརྗོད་པ་ཡིས༔ རྣམ་པར་ཤེས་པ་ཨ་ཡིག་དངུལ་ཆུའི་མདོག༔ ལུས་ལ་ཞུགས་པས་ཚེ་འདས་དངོས་གྱུར་པའི༔ སྙིང་ཁར་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་ལ༔ ཛཿཧཱུྃ་བཾ་ཧོས་མི་འགྱུར་རྒྱས་བཏབ་འགྱུར༔ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་མིང་བྱང་སྤྱི་བོར་བཞག་ལ། ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་གྱུར། ཨོ་བཛྲ་ཀ་ལ་ཤ་རཀྟ་རཀྟ་ཧཱུྃ༔ མིང་བྱང་སྤྱི་བོར་རྡོ་རྗེ་བཞག་ལ། ཕྱི་རོལ་རྡོ་རྗེའི་གུར་ཁང་ཆེན་པོར་གྱུར༔ བཛྲརཀྵ་རཀྟ་ཧཱུྃ༔ ཞེས་འཆི་ཁའི་མཚམས་སྦྱོར་གྱི་རིགས་གང་ཡང་རུང་བ་རེད་ཕྱིན། གྲི་ཁྲོལ་མ་བྱས་ན་ཚེ་འདས་ལ་དགེ་རྩ་ཐོབ་ཏུ་མི་འཇུག་པའི་བར་ཆད་བྱེད་ཅེས་རྒྱུད་གཞུང་ལས་གསུངས་པས་རོཏ་གླིང་ཐུགས་རྗེ་གསང་འདུས་ཆ་ལག་ལས་ཀརྨ་ཆགས་མེད་ཀྱིས་བསྒྲིགས་པ་འདི་བཞིན་འགྲོ་དོན་བྱེད་མཁན་རྣམས་ནས་ཕྱག་ལེན་བཏབ་ན་ལེགས། སརྦ་མངྒ་ལཾ།། །།


previousགཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངགnext