Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་དམ་གསལ་འདེབས་སྐོར་བསྡུས་པ།


 
previousཐུགས་དམ་གསལ་འདེབས་སྐོར་བསྡུས་པ།no next

ཐུགས་དམ་གསལ་འདེབས་སྐོར་བསྡུས་པ།


CMR033_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་གསལ་འདེབས་སྐོར་བསྡུས་པ་བཞུགས་སོ།


CMR033_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ། དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །བར་དོ་དང་པོའི་མན་ངག་ཅུང་ཟད་བྲི། །གནས་གསུམ་ཌཱཀྐིས་བཀའ་གནང་བྱིན་གྱིས་རློབས། །དེ་ལ་ས་མཚམས་ནི། སྒོམ་མེད་ཀྱི་རྟོགས་པ་གཤའ་མ་སྐྱེས་པ་དེ་རྟེན་འབྲེལ་འགྲིགས་ན་འཇའ་ལུས་སུ་འགྱུར་ཏེ་ཕུང་པོ་ལྷག་མེད་དུ་མཁའ་སྤྱོད་དུ་འགྲོའོ། །རྟེན་འབྲེལ་མ་འགྲིགས་ན་ཡང་གསོན་དུས་ནས་སངས་རྒྱས་པ་ཡིན་པས། འཆི་དུས་སླར་འོད་གསལ་བཟུང་ནས་ཆོས་སྐུ་སླར་ཐོབ་མི་དགོས་ཏེ། དབུགས་ཆད་མ་ཐག་ཏུ་དག་པའི་ཞིང་དུ་ལོངས་སྤྱོད་རྫོགས་སྐུར་སྣང་ཞིང་མ་


CMR033_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་ཐམས་ཅད་དུ་གང་ལ་གང་འདུལ་གྱི་སྤྲུལ་སྐུ་འཆར་རོ། །དེ་གཉིས་པོ་ནི་ཚེ་འདིར་སངས་རྒྱས་པ་ཡིན་པས། ཐུགས་དམ་ཟིན་མ་ཟིན་གྱི་སྤྲོས་པ་མེད་པའི་ཕྱིར། རྒྱ་བོད་ཀྱི་གྲུབ་ཐོབ་ཆེས་མང་པོ་དང་། སངས་རྒྱས་བཅོམ་ལྡན་འདས། རྒྱལ་བ་ཡབ་སྲས་ལ་ཐུགས་དམ་ཟེར་བའི་སྲོལ་མེད་པ་དེ་ཡིན་ནོ། །རོ་གཅིག་ཆེན་པོའི་མན་ཆད་དེ་ནང་དབུགས་ཆད་མ་ཐག་སྐད་ཅིག་དང་པོ་ལ་འོད་གསལ་འཆར།། གཉིས་པ་ལ་ངོས་ཟིན། གསུམ་པ་ལ་གྲོལ་ཏེ་སྐད་ཅིག་གསུམ་གྱི་ཡུན་ལ་སངས་རྒྱས་པར་རྫོགས་ཆེན་རྣམས་ནས་རྒྱ་ཆེར་གསུངས་སོ། །རོ་


CMR033_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཆུང་ངུ་མན་ཆད་སྤྲོས་བྲལ་ཡན་ཆད་རྟོགས་པ་གཅིག་འོད་གསལ་ཟིན་ནས་ཞག་ཞེ་དགུ་གནས་ནུས་ན་འོད་གསལ་རོ་གཅིག་རྟོགས་ནས་སྒྲིབ་པ་ཐམས་ཅད་བཅོམ་ནས་དེ་ཉིད་དུ་སངས་རྒྱས་པར་འགྱུར་ཏེ། དེ་ལ་འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱའོ། །དེ་བས་ཡུན་ཐུང་ན་ཡང་རང་རྟོགས་པའི་ས་མཚམས་མང་དུ་ཡོད་པ་དེའི་རྩལ་དང་ཡོན་ཏན་རྫོགས་པར་འགྱུར་རོ། །ཞེས་དྲུང་པས་གསུངས་སོ། །ལ་ལས་ཞག་གསུམ་སོགས་ཐུགས་དམ་གོ་མི་ཆོད་རྣམ་ཤེས་ཞག་གསུམ་དྲོས་བཞི་ཐམས་ཅད་སྡོད་པ་ཡིན་ཟེར་མཁན་འདུག་སྟེ༔ རྣལ་འབྱོར་པས་འོད་གསལ་ཟིན་ནས་དེའི་ངང་ལ་ཡུད་ཙམ་བསྡད་ན་ཡང་གསོན་དུས་ལོ་ཟླར་སྒོམ་པ་བས་སྟོབས་དང་ཡོན་ཏན་ཆེ་ལ། ཐ་མལ་པའི་དབུགས་ཆད་ནས་འོད་གསལ་ཤར་བ་ལ་སྐྲག་སྣང་སྐྱེས་ནས་བརྒྱལ་ཏེ་དྲན་མེད་དུ་ཞིག་གསུམ་མམ་རྩ་བཟང་བ་ཞག་བདུན་དུ་ཡང་འདུག་པར་བཀའ་གདམས་གླེགས་བམ་ནས་བཤད་དེ། འདུག་ལུགས་གཉིས་ལ་ཁྱད་ཆེན་པོ་ཡོད་པས་ཤེས་པར་བྱའོ། །ཡང་འོད་གསལ་མ་ཟིན་ན་བསྒོམས་ཚད་འཕྲོ་བརླག་པ་ནི་མ་ཡིན་ཏེ།། ལུས་སེམས་བྲལ་ཚར་ནས་བར་དོའི་འཁྲུལ་སྣང་མ་ཤར་


CMR033_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བར་དེར་འོད་གསལ་གཉིས་པ་འཆར་བ་ཟིན་པར་གསུངས་པས་སོ། །འོད་གསལ་མ་ཟིན་ན་བར་དོར་སྒྱུར་ལུས་འཆར་དུས་དང་པོ་ལྷ་བསྒོམ། དེ་ནས་འོད་གསལ་བསྒོམས་པས་དེའི་ངང་ལ་ཞག་ཞེ་དགུ་གནས་ནུས་ན་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པར་གསུངས་སོ། །ལར་ངོ་བོ་ཅུང་ཟད་ཙམ་དང་རྩེ་གཅིག་ལྟག་འོག་རྣམས། འཆི་བའི་འོད་གསལ་ཟིན་དཀའ། བར་དོའི་སྐབས་སུ་ཟིན་པར་གསུངས་སོ། །དེ་ལ་ཟིན་ནམ་མི་ཟིན་གྱི་ཚད་ནི། ད་ལྟ་གཉིད་དུས་འོད་གསལ་རྒྱུན་དུ་ཟིན་ན་ཐུགས་དམ་བསྐུལ་མ་མི་དགོས་མཚམས་སྦྱོར་བཟང་ངན་དང་གནད་གཅོད་ཆེ་ཆུང་ལ་མི་ལྟོས་པར་ཟིན་ནོ། །ད་ལྟ་གཉིད་ཀྱི་འོད་གསལ་མི་ཟིན་རྨི་ལམ་འོད་གསལ་ཟིན་ན། འཆི་བའི་འོད་གསལ་མི་ཟིན་བར་དོར་ཟིན་ནོ། །ཟིན་གྲངས་ནི་ཟླ་རེ་ལན་རེ་ཙམ་ཟིན་པའམ། ལར་རྨི་ལམ་ལན་བདུན་ཟིན་ན་བར་དོར་ཟིན་པ་ཨོ་རྒྱན་རིན་པོ་ཆེས་གསུངས་ལ། དྭགས་པོ་རིན་པོ་ཆེས་ནི་རྨི་ལམ་དུས་ད་ལྟ་བས་མི་གསལ་དུ་འགྲོ། བར་དོ་ན་ད་ལྟ་བས་གསལ་དུ་འགྲོ་བས་རྨི་ལམ་མ་ཟིན་ཀྱང་བར་དོར་ཟིན་གསུངས། ད་ལྟ་སེམས་ངོ་ཨིན་ཙམ་མཐོང་བས་ཀྱང་ཟིན་


CMR033_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཐིམ་རིམ་ངོ་སྤྲོད་བཤད་པ་རྒྱ་ཆེར་ཡོད་ཀྱང་རྒོད་ཚང་པ་སོགས་བཀའ་བརྒྱུད་ཀྱི་བཞེད་པས་སྤ་སྤོ་མང་པོ་མེད་པར་ཉམས་ལེན་ཁོ་རང་གི་ངང་ལ་བཞག་པས་ཟིན་པར་འགྱུར་གསུངས། བར་དོ་ཐོས་གྲོལ་ཆེན་མོ་ལས། གང་ཟག་གོ་བ་བཟང་ཡང་ངོ་མ་འཕྲོད་པ་དང་། ངོ་འཕྲོད་ཀྱང་གོམས་འདྲིས་ཆུང་བ་རྣམས་དང་། སོ་སོའི་སྐྱེ་བོ་ཉམས་ཁྲིད་ཞུ་མྱོང་བ་རྣམས་ལ་འདི་ལྟར་ངོ་སྤྲད་པས་གཞིའི་འོད་གསལ་ཆོས་སྐུ་སྐྱེ་བ་མེད་པར་འཐོབ་གསུངས་སོ། །དེས་ན་དོན་ལ་རྨི་ལམ་དང་གཉིད་དུས་འོད་གསལ་ཡང་ཡང་ཟིན་ན། །བསྐུལ་མ་མེད་ན་ཡང་མཚམས་སྦྱོར་བཟང་ན་ཟིན་ལ། མཚམས་སྦྱོར་བཟང་ཞིང་ཐུགས་དམ་བསྐུལ་མ་མཁས་པས། དུས་གནད་ཟིན་པར་བསྐུལ་ན་སེམས་ངོ་ཨེན་ཙམ་མཐོང་བས་ཀྱང་ཟིན་པར་ངེས་ཏེ་མཐོང་བ་བརྒྱུད་པ་ལ་ཡང་གསལ་ལོ། །དེང་སང་བསྐྱེད་རིམ་རྐྱང་པས་ཐུགས་དམ་ཟིན་ན་བརྟན་པོ་འོང་ཟེར། དེ་འདྲ་མཐོང་ཡང་མཐོང་སྟེ་འདིས་འོད་གསལ་ཟིན་པའི་གོ་མི་ཆོད་ལ། འདི་ཐེར་ཟུག་ཏུ་གོལ་ན་སྐྱོན་ཡང་ཆེ་བར་མངོན་ནོ། །དེ་བཞིན་དུ་ཞི་གནས་བདེ་གསལ་མི་རྟོག་པ་ལ་ཆགས་ན་ཡང་གོལ་ས་ཡོད་པར་སྣང་། ལ་


CMR033_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞིའི་འོད་གསལ་ལ་གོལ་ས་མི་སྲིད་ཟེར་ཡང་། གོལ་སར་ཤོར་ན་དེ་ལ་ཡང་བསྐུལ་མ་གདབ་ལུགས་སྦྱོར་དྲུག་གི་བར་དོའི་འོད་གསལ་ངོ་སྤྲོད་ནས་གསུངས་པའི་ཕྱིར་ཐུགས་དམ་ལ་གོལ་ས་ཡོད་པར་ངེས་སོ། །དེ་ཡང་ད་ལྟར་གོལ་ནས་ཡོད་ན་དེ་ཡང་གོལ། ད་ལྟ་མ་གོལ་ན་དེར་མི་གོལ་ལོ། །འཆི་ཁ་ཆགས་ཞེན་ཐམས་ཅད་སྤངས་བ་དང་། འཆི་དུས་དམ་ཚིག་གི་སེལ་དང་ཆགས་སྡང་སྐྱེ་ཡུལ་དྲུང་དུ་མེད་པ་དང་། ཐུགས་དམ་ཟིན་ནས་ཉམས་གྲིབ་དང་ཀུ་ཅོ་སྤོས་དང་མར་མེའི་གསུར་དྲི་ལྡེག་ཆོམ་ངུ་སྒྲ་རོལ་མོའི་སྒྲ་ཐམས་ཅད་སྤངས་དགོས་པར་གསར་རྙིང་ཐམས་ཅད་ནས་བཤད་ཅིང་། བླ་མའི་གསུང་རྒྱུན་དང་རང་གི་མྱོང་བས་འགྲུབ་བོ། །ལ་ལས་ཐུགས་དམ་བསྐུལ་མ་ལ་བཤད་པ་རྒྱ་ཆེན་མཛད་སྲོལ་འདུག་ཅིང་། ལུང་འདྲེན་དང་བཤད་པ་བྱས་ན་ཟད་མཐའ་མེད་ཀྱང་། བཤད་མང་ན་སྣང་མཆེད་ཐོབ་པའི་ཡུན་སྐད་ཅིག་ཙམ་ལས་མེད་དུས་ཡོལ་ནས་འགྲོ་བས། མ་ཟིན་པའི་རྐྱེན་དུ་གྱུར། ལ་ལས་འབྱུང་བའི་ཐིམ་རིམ་བཤད་པ་མང་དུ་བྱེད་ནའང་། ཐིམ་རིམ་ངོ་སྤྱད་ན་ཕྱི་དབུགས་མ་ཆད་ཚུན་ལ་བཤད་དགོས། དབུགས་ཆད་


CMR033_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་ཚར་བ་བཤད་པས་ཕན་མེད་པར་སྣང་ངོ། །ངོ་སྤྲོད་དངོས་ཀྱང་ལུང་འདྲེན་རྣམས་ཕལ་པས་གོ་ཡང་དཀའོ་བས། གནད་དུ་ཐེབ་པའི་ཚིག་བྱིན་རླབས་ཆེ་བ་འགའ་ཟུང་སྤྱོད་པ་ཟབ་བོ། །དེ་ནས་འཆི་ཁ་ནུབ་ནས་རྣམ་སྣང་ཆོས་བདུན་བྱས་བསྒོམ་སྐྱེད་བསྒོམ་ཤིང་མན་ཏ་རྒྱབ་ལ་གྲོགས་ཀྱིས་བརྟེན། དེ་མ་ནུས་ན་ཙོག་པུར་མེ་ཐབ་དྲུག་ཆིངས་ལྟར་འདུག་ལ་བསྒོམ་ཐག་གིས་བསྡམ་མ་རག་པ་བྱས་ལ་བརྟེན་ནི་འདུག །དེ་ཡང་མ་ནུས་ན་སེང་གེའི་ཉལ་ཐབས་བྱས་ལ་ཕྱི་དབུགས་ཆད་མ་ཐག་ཤིན་ཏུ་མྱུར་བར་གདུང་ཆས་བྱས་ལ། མིང་ཚུནས་དལ་བུས་བོས་ལ་རྣ་བ་ལ་ཁ་གཏད་ནས། ཐུགས་དམ་མ་ཡེངས་ཞེས་བརྗོད་ནས། མདོ་ལས། ལུས་ཅན་རྣམས་ནི་འཆི་བ་ན། །དབང་པོ་ཐིམ་དང་འབྱུང་བ་ཐིམ། །སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འཆར། །ཞེས་གསུངས་པ་ལྟར། ཕྱིའི་འབྱུང་བ་བཞི་གཅིག་ལ་གཅིག་ཐིམ་དབང་པོ་རྣམས་འགགས་ནས། ད་ལྟ་ཕྱི་རོལ་དུ་ཟླ་བ་ཤར་བ་ལྟ་བུ། ནང་དུ་སྨིག་རྒྱུ་དང་དུད་ལོང་ལྟ་བུ་འཆར་ཞིང་། སྒོམ་རྩེ་གཅིག་གི་


CMR033_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དེ་སྐད་ཅིག་ལ་འཆར་བས་ངོས་ཟུངས་ཤིག །དེ་ནས་ཕྱི་རོལ་ཐམས་ཅད་ཉི་འོད་ལྟ་བུ་དམར་ལམ་མེ་བ་དང་། ནང་དུ་དམར་ཚེག་ཚེག་པ་ཞིག་འབྱུང་སྟེ་ཁྱེད་ལ་ད་ལྟ་སྒོམ་སྤྲོས་བྲལ་གྱི་རྟོགས་པ་དེ་སྐད་ཅིག་གཉིས་ལ་དངོས་སུ་འཆར་བས་ངོས་ཟུངས་ཤིག །དེ་ནས་ཕྱི་རོལ་ཐམས་ཅད་ནག་ཐིབས་སེ་མུན་རུབ་པ་ལྟ་བུ་ལ་ནང་དུ་གསལ་སེང་ངེ་བ་གཅིག་ཁྱེད་ལ་ད་ལྟ་ཡོད་དོ། །ད་ལྟ་སྒོམ་རོ་གཅིག་གི་རྟོགས་པ་དེ་སྐད་ཅིག་གསུམ་ལ་འཆར་བས་ངོ་ཤེས་པར་མཛོད། དེ་ནས་ད་ལྟ་ཁྱེད་ལ་ཕྱི་རོལ་རྣམས་སྐྱ་རེངས་ཤར་བ་ལྟ་བུར་ཅུང་ཟད་གསལ་ཞིང་། ནང་དུ་ནམ་མཁའ་དྭངས་བ་ལ་ཉི་མ་ཤར་བ་ལྟ་བུར་སྟོང་ཞིང་གསལ་བ། སྨྲ་བརྗོད་དང་བྲལ་བ། ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྟོགས་པ་མངོན་སུམ་དུ་འཆར་རོ། །དེ་ལ་ངོ་མ་ཤེས་ན་ནི་གཉུག་མའི་སྐད་ཅིག་བཞིའམ་རིང་ན་ལུག་བཤའ་ཡུན་ཙམ་ལས་མི་གནས་པར་ནཱ་རོ་པས་གསུངས་སོ། །སྟོང་ཉིད་ཆོས་སྐུ་དེའི་ངང་ལ་མ་ཡེངས་པར་ཞོག་ཅིག །རྡོ་རྗེའི་ཚིག་རྐང་ལས། དཀར་དམར་སེམས་གསུམ་ཆུ་སྐྱེས་དབུས་སུ་འཛོམ། །དབང་པོ་ཡང་རབ་ཆོས་སྐུའི་རྒྱལ་ས་ཟིན། །ཞེས་གསུངས་པས།


CMR033_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ཆོས་སྐུའི་རྒྱལ་ས་འདི་ཟུངས་ཤིག །འདི་ལ་ཞག་ཞེ་དགུ་གནས་ནུས་ན་འཆི་བ་ཆོས་སྐུར་སངས་རྒྱས་པ་ཡིན་ནོ། །མ་ཡེངས་པར་འདིའི་བར་དུ་བཞུགས་ཤིག །ཅེས་བརྗོད་ནས་བསྐྱོར་ལ་ཡུན་ཨེན་ཙམ་བསྡད་པས་ཤ་བཀྲག་གསལ་ཞིང་སྣུམ་ལ་འོད་ཆགས་པ་མིག་ཟིན་བུ་ཞལ་འཛུམ་པ་འདྲ་ན་ཟིན་པ་ཡིན་ནོ། །དེ་ནི་ཕྱག་རྒྱ་ཆེན་པོའི་གསལ་འདེབས་ལུགས་སོ། ༈ ཡང་ཐབས་ལམ་གཏུམ་མོ་ལ་གོམས་པ་གཅིག་ཡིན་ན། འོ་ཆེ་གེ་མོ་མ་ཡེངས་པར་ཐུགས་དམ་ཟུངེས་མཛོད། དེ་ཡང་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩིའི་ཟླ་བ་ཐུར་དུ་འབབ། །དམར་ཚ་ཉི་མ་གྱེན་ལ་འབར། །ཞེས་གསུངས་པས། འབྱུང་བ་བཞིའི་རླུང་དང་རྣམ་པར་རྟོག་པ་རགས་པ་རྣམས་བསྐྱེད་པའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་རླུང་ཕྲ་བ་ལ་ཐིམ་ཞིང་། ཡེ་ཤེས་ཀྱི་རླུང་དང་རོ་གཅིག་པར་གྱུར་པའི་སྐབས་ཡིན་པས། སྤྱི་བོ་ནས་ཡབ་ཧེ་རུ་ཀའི་ངོ་བོ་ཐིག་ལེ་ཧཾ་ཡིག་དབུ་མའི་ལམ་ནས་ཐུར་དུ་བབས་ནས། ད་ལྟ་ཁྱེད་ལ་དགའ་བའི་ཡེ་ཤེས་སྐད་ཅིག་ལ་འཆར་བས་ངོ་ཤེས་པར་གྱིས་ཤིག་།དེ་ནས་ལྟེ་འོག་ནས་ཨ་ཐུང་ཕག་མོའི་ངོ་བོ་བྱང་སེམས་དམར་པོ་གྱེན་དུ་འཕར་བས་མཆོག་དགའི་ཡེ་ཤེས་སྐད་ཅིག་གཉིས་ལ་འཆར་བས་


CMR033_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཟིན་པར་མཛོད་ཅིག །དེ་ནས་འཁོར་ལོ་ལྔ་ཡི་རྩ་ཡི་ནུས་པ་ཐམས་ཅད་དབུ་མ་དོན་དམ་གྱི་རྩ་ལ་ཐིམ། ཐིག་ལེ་རླུང་སེམས་དབུ་མའི་ནང་དུ་ཞུགས་པས་ཕྱིའི་རྟོག་པ་ཐམས་ཅད་འགགས་ནས། ད་ལྟ་དགའ་བྲལ་གྱི་དགའ་བ་ཁྱེད་ལ་སྐད་ཅིག་གསུམ་དུ་འཆར་བས་ངོ་ཤེས་པར་གྱིས་ཤིག །དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་ན་ཐིག་ལེ་དཀར་དམར་ཁ་སྦྱོར་བའི་བར་ན་ཀུན་གཞིའི་རྣམ་ཤེས་ཚུད་དེ། ད་ལྟ་ཁྱེད་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྐད་ཅིག་བཞིའམ་ལུག་བཤའ་ཡུན་ཙམ་ལ་འཆར་རོ། །ངོ་ཤེས་པར་གྱིས། ཐབས་ལམ་བསྒོམས་པའི་དོན་གོ །བདེ་སྟོང་ཟུང་འཇུག་གི་རྟོགས་པ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་དེ་ད་ལྟ་ཤར་ནས་ཡོད་དོ། །ངོ་ཤེས་པར་མཛོད་ཅིག །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པས། སྔགས་ལུགས་ཀྱི་མངོན་པར་བྱང་ཆུབ་པའི་དུས་ད་ལྟ་ཡིན་པས་མ་ཡེངས་པར་རྩེ་གཅིག་དེ་ཡི་ངང་ལ་ཡུན་དུ་བཞུགས་པར་ཞུ། ཞེས་གསལ་བཏབ་བོ། ༈ །འོད་གསལ་ལ་གོམས་པ་གཅིག་ཡིན་ན། འོ་ལགས་ཆེ་གེ་ཞེས་བྱ་བ་ད་ལྟ་འོད་གསལ་བཟུང་བའི་དུས་ལ་བབ་ནི་ཡོད་དེ། ཕྱི་རོལ་གྱི་འབྱུང་བ་བཞི་དང་


CMR033_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔ་སྙིང་པདྨ་འདབ་བཞི་ལ་ཐིམ་པས་ཕྱི་རོལ་མི་གསལ་བར་གདའོ། །པད་འདབ་བཞིའི་ཤར་དུ་ཨ་དཀར་པོ། དེ་ཡང་མི་དམིགས་པར་གཡོས་སུ་ནུ་སེར་པོ། དེ་ཡང་མི་དམིགས་པར་རྒྱབ་ཏུ་རྟ་དམར་པོ། དེ་ཡང་མི་དམིགས་པར་གཡོན་དུ་ར་ལྗང་གུ། དེ་ཡང་མི་དམིགས་པར་སྙིང་དབུས་ཧཱུྃ་ལ་སེམས་ཟུངས་ཤིག་དང་། སྣང་མཆེད་ཐོབ་པའི་འོད་གསལ་གཞི་རིམ་པར་འཆར་རོ། །ཕྱིའི་རྣམ་ཤེས་ཚོགས་དྲུག་གི་རྟོག་པ་མེད་པར་ནང་དུ་སེམས་ཀྱི་ངོ་བོ་ཅུང་ཟད་གསལ་བ་ཞིག་སྐད་ཅིག་ཙམ་འབྱུང་བ་དེ་སྣང་བའི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཡེ་ཤེས་དེ་ཆེར་མཆེད་ནས་གསལ་ལ་རྟོག་པ་མེད་པ་ཞིག་སྐད་ཅིག་གཉིས་ལ་འཆར་བས་དེ་མཆེད་པའི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཡེ་ཤེས་དེ་གསལ་སེང་ངེ་གནས་པ་ཞིག་སྐད་ཅིག་གསུམ་འབྱུང་བ་དེ་ཐོབ་པའི་ཡེ་ཤེས་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེའི་རྗེས་སུ་གསལ་སྟོང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་སྐད་ཅིག་བཞིའི་ལུག་བཤའ་ཡུན་ཙམ་ལ་འཆར་རོ། །དེ་ནི་ཉེར་ཐོབ་ཀྱི་ཡེ་ཤེས་འོད་གསལ་སྟོང་པ་ཉིད་ཡིན་པས་ངོ་ཤེས་པར་གྱིས་ཤིག །


CMR033_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་འོད་གསལ་བསྒོམ་པའི་དོན་གོ་གཞིའི་འོད་གསལ་ད་ལྟ་ཤར་ནི་ཡོད་དོ། །མ་ཡེངས་པར་དེའི་ངང་ལ་བཞུགས་ཤིག །གསང་འདུས་གཉིས་མེད་རྣམ་རྒྱལ་ལས་ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་ཞི་ཏིང་འཛིན་མཆོག་ཏུ་འགྱུར། །ཞེས་གསུངས་པའི་དོན་ཡིན་པས་མཉམ་པར་ཞོག་མཛོད། ཅེས་གསལ་བཏབ་བོ།། ༈ རྫོགས་ཆེན་ལ་གོམས་པ་གཅིག་ཡིན་ན། འོ་ལགས་ད་ནི་འཆི་བ་སླེབ་ནི་གདའོ། །ད་ལྟ་ཕྱི་དབུགས་ཆད་མ་ཐག་གི་དུས་འདིར་ཁྱེད་རང་སྤྱན་གཉིས་ནས་འོད་གསལ་ཁ་དོག་ལྔ་པ་སྐས་ལྟ་བུ་དུང་གི་ཐག་པ་ལྟ་བུ་གཅིག་ད་ལྟ་འཆར་རོ། །དེ་ནི་རྡོ་རྗེ་སེམས་དཔའི་སྣ་དག་ཐུགས་རྗེས་རྒྱུན་ལམ་ཡིན་ནོ། །དེ་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ལ་སེམས་རྫོགས་པ་ཆེན་པོའི་ངང་ལ་མ་ཡེངས་ཤིག །འོ་ལགས་ད་ནི་ཐིག་ལེ་དཀར་དམར་དབུ་མར་ཞུགས་པའི་རྟེན་འབྲེལ་ལ། བདེ་གསལ་མི་རྟོག་ཉམས་གསུམ་ཡུན་པར་ཡུད་ཙམ་རེ་འཆར་རོ། །དེ་ངོ་ཤེས་པར་མཛོད་ཅིག །དེའི་རྗེས་ལ་དབྱར་མ་སྟོན་གྱི་ནམ་མཁའ་ལྟ་བུ་གཅིག་འཆར་རོ། །ནམ་མཁའ་སྤྲིན་དང་བྲལ་བ་ལྟར་སྟོང་


CMR033_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྗེན་ལྷན་ནེ་བ། གསལ་སྟོང་མཐའ་དབུས་མེད་པའི་དྲི་མེད་རྗེན་པ་གཅིག་ཤར་ནས་ཡོད་དོ། །ད་ལྟ་ཁྱེད་ལ་ཆོས་ཉིད་དག་པའི་སྣང་བ་འོད་གསལ་ཤར་ནས་ཡོད་དོ། །ངོ་ཤེས་པར་གྱིས་ཤིག །ད་ལྟའི་ཤེས་རིག་གི་ངོ་བོ་སེང་ངེ་བ་འདི་དངོས་པོ་མཚན་མ་ཁ་དོག་ཅི་ཡང་མ་གྲུབ་པ་སྟོང་སེང་ངེ་འདུག་པ་འདི་ཀ །ཆོས་ཉིད་ཀུན་ཏུ་བཟང་པོ་ཡིན་ནོ། རང་གི་ཤེས་རིག་སྟོང་བརྣོ་ཙམ་སྟོང་པ་ཕྱལ་ཆེད་དུ་མ་སོང་བར། རང་གི་ཤེས་རིག་མ་འགགས་པར་ས་ལེ་སིང་ངེ་བ་འདི་ཀ་རིག་པ་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་རིག་ས་ལེ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་སྐྱེ་འཆི་མེད་པ་སངས་རྒྱས་འོད་མི་འགྱུར་བ་འདི་ཀ་ཡིན་ནོ། །དེ་ངོ་ཤེས་པས་ཆོག་གོ །དེའི་ངང་ལ་ཡུན་རིང་དུ་བཞུགས་ཤིག །ཅེས་གསལ་བཏབ་བོ།། ༈ དབུ་མ་ལ་གོམས་པ་གཅིག་ཡིན་ན། འོ་ཆེ་གེ་ལགས། ཁྱེད་སྐུ་ཚེའི་འདུ་བྱེད་བཏང་བའི་དུས་ལ་བབ་ནི་གདའ་བས། སེམས་


CMR033_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་དོན་དམ་པའི་བདེན་པ་མངོན་སུམ་རྟོགས་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། ད་ལྟ་ཕྱི་འབྱུང་བཞིའི་གཏོང་ལེན་ཚར་ནས་ནང་ཆོས་ཉིད་ཀྱི་ཐོབ་པའི་ཏིང་ངེ་འཛིན་སྟོང་པ་ཉིད་བཞི་པོ་འཆར་བའི་སྐབས་སུ་གདའ་ལགས། ད་ལྟ་ཤེས་པ་སྨིག་རྒྱུའི་དུ་བ་ལྟར་ལང་ལོང་འབྱུང་ཞིང་། ཞེ་སྡང་གི་རྟོག་པ་སོ་གསུམ་འགགས་ནས་སྟོང་པ་ཉིད་སྐད་ཅིག་ལ་ལྷང་ངེ་འཆར་རོ། །ངོ་ཤེས་པར་གྱིས་ཤིག །སྣང་བ་སྲིན་བུ་མེ་ཁྱེར་ལྟར་དམར་ཕྲ་ཕྲོ་བྱེད་ཅིང་ཕྱི་མ་གང་དུ་སྐྱེ་བའི་སྲིད་པའི་ས་བོན་འཇོག་པས། དེར་སངས་རྒྱས་ཀྱི་ཞིང་ཁམས་དྲན་པར་མཛོད་ཅིག །སྟོང་ཉིད་ཀྱི་དོན་གསལ་ལ་འཛིན་པ་མེད་པ་ཞིག་སྐད་ཅིག་གཉིས་ལ་འཆར་རོ། །དེ་ངོ་ཤེས་པར་གྱིས་དང་ཤིན་ཏུ་སྟོང་པ་ཡིན་ནོ། །དེ་ནས་ཀུན་གཞིའི་རྣམ་ཤེས་སྤྱོད་པས་ཚོགས་བརྒྱད་འགགས་ནས། ནང་གི་རྣམ་པར་ཤེས་པ་གསལ་སང་ངེ་བ་སྐད་ཅིག་གཅིག་ལ་འབྱུང་སྟེ། དེ་ངོ་ཤེས་པར་གྱིས་དང་སྟོང་པ་ཆེན་པོ་ཞེས་བྱའོ། །དེ་ནས་ཕྱི་འབྱུང་བ་བཞིའི་འདུས་པ་ཞིག །འབྱུང་བ་ལྔའི་རླུང་དབུ་མར་གནས་པའི་ཚེ། ནམ་མཁའ་གཡའ་


CMR033_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལྟ་བུའི་གསལ་དང་ངེ། ཡོད་མེད་རྟག་ཆད་སྐྱེ་འགག་གནས་གསུམ་དང་བྲལ་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་མཐའ་བྲལ་དབུ་མའི་དོན། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་དགོངས་ཇི་ལྟ་བ་དེ་ད་ལྟ་ཆོས་ཉིད་ཀྱི་སྟོབས་ཀྱིས་ཁྱེད་ལ་ཤར་ནི་ཡོད་པས། དེ་ངོས་ཟུངས་ལ་དེའི་སྟེང་དུ་མཉམ་པར་ཞོག་ཅིག །གང་གི་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་དེ། །གང་གིས་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །འོ་དེ་ནི་རང་བཞིན་གྱི་སྟོང་པ་ཉིད་ཅེས་བྱ་བ་སྟེ། ལྟ་བ་ཐམས་ཅད་ཀྱི་མཆོག་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་པས། དེའི་ངང་དུ་ཡུན་རིང་དུ་བཞུགས་པར་ཞུ་ལགས། ཞེས་གསལ་གདབ་བོ།། ༈ ཕར་ཕྱིན་ལ་གོམས་པ་གཅིག་ཡིན་ན། འོ་ལགས་ཁྱེད་འདའ་ཁ་རུ་སོང་ནས་གདའ་བས། འདའ་ཀའི་


CMR033_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ངོས་འཛིན་པར་ཞུ། སྐུ་ཚེའི་འཕེན་པ་ཟད་ནས་ཕྱི་དབུགས་ཆད་ནི་ད་ལྟ་ཆོས་ཉིད་ཀྱི་ཐོབ་པའི་ཏིང་ངེ་འཛིན་བཞི་འཆར་བ། བཟུང་བའི་སྐབས་སུ་གདའ་ལགས། ནང་དུ་དུད་པ་ལྟ་བུ་ལང་ལོང་དུ་འབྱུང་ཞིང་འཆི་བ་ཡོང་ངོ་ཤེས་ཏེ། དེར་ཕ་རོལ་ཏུ་ཕྱིན་པའི་དོན་སྐད་ཅིག་ལ་ལྷང་ངེར་འཆར་རོ། །དེ་ངོ་ཤེས་པར་གྱིས་དང་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ནོ། །དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཚེག་ཚེག་པ་དང་། གང་དུ་སྐྱེ་བའི་སྣང་བ་ཡུད་ཙམ་འཆར་བས་ཕྱི་མའི་ས་བོན་འཇོག་པས། དགའ་ལྡན་ན་བྱམས་པ་བཞུགས་པ་དེ་དྲན་པར་མཛོད་ཅིག །དེ་དང་མཉམ་དུ་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་སེང་ངེ་བར་ཡུད་ཙམ་འཆར་བས། དེ་ངོ་ཤེས་པར་གྱིས་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་ཚོགས་དྲུག་འགགས་ནས་ནང་དུ་རྣམ་པར་ཤེས་པ་གསལ་ཏ་ལེ་གནས་པ་ཞིག་སྐད་ཅིག་གསུམ་ལ་འཆར་ཏེ། དེ་ངོ་ཤེས་པར་གྱིས་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ནོ། །དེ་ནས་ཕྱི་རོལ་ཡང་སྐྱ་རེངས་ཤར་བ་ཙམ་དུ་གསལ་བའི་ཉམས་དང་། ནང་གི་སེམས་ཉིད་དོན་གྱི་ནམ་


CMR033_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་སྤྲིན་དང་ཁུ་རླངས་དང་བྲལ་བ་ལྟ་བུ་ཞིག་འཆར་རོ། །ད་ལྟ་ཁྱེད་ལ་སྨྲ་བསམ་བརྗོད་དུ་མེད་པའི་དོན་དེ་མངོན་སུམ་དུ་ཤར་ནས་ཡོད་དོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། སྤང་བྱ་ཐམས་ཅད་འཇོམས་ཤིང་གཞན་གྱིས་གཞོམ་དུ་མེད་པས་སོ། །ཡུམ་ཕ་རོལ་ཏུ་ཕྱིན་མ་ཞེས་བྱ་སྟེ། འཕགས་པ་བཞི་ཀ་འདི་ཁོ་ན་ལས་སྐྱེད་པར་བྱེད་པ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱང་འདི་ཡིན་ནོ། །ཡེ་ཤེས་ཀྱང་འདི་ཡིན་ནོ། །གཞི་འབྲས་དབྱེར་མེད་དོ། །འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་གསུངས་པས། འབྲས་བུ་སངས་རྒྱས་ཆོས་སྐུ་འདི་རང་ཡིན་པས་འདིའི་ངང་ལ་ཡུན་རིང་དུ་མཉམ་པར་ཞོག་ཅིག །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་ངོ་སྤྲོད་གསལ་བཏབ་པར་བྱའོ། ། ༈ ཡང་དབང་བཞིའི་འགྲོས་ལ་གོམས་པ་ཞིག་ཡིན་ན།


CMR033_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ཆེ་གེ་ལགས་ཁྱེད་རྣམ་སྨིན་གདོས་བཅས་ཀྱི་ལུས་འདི་བཏུལ་ནས་ཕྱི་དབུགས་ཆད་པའི་སྐབས་སུ་གདའ་བས། ད་ལྟ་ཁྱེད་ལ་ཆོས་ཉིད་ཀྱི་ཐོབ་པའི་དབང་བཞིའི་ཡེ་ཤེས་རྣམས་འཆར་ཞིང་འདུག་པ་ངོས་བཟུང་བར་འཚལ། དེ་ཡང་ཕྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ནང་འོད་གསལ་ཞུགས་ནས་ཐིམ་པས། ཚོགས་བརྒྱུད་རྣམས་འགགས་ནས་ཐལ་ལོ། །དེ་ནས་སྤྱི་བོ་ནས་ཡབ་ཧེ་རུ་ཀའི་ངོ་བོ་བྱང་སེམས་དཀར་པོ་དེ་བུམ་པ་ཆུའི་དབང་བསྐུར་བའི་ཚུལ་དུ་བབས་པས། གསལ་སྟོང་གི་ཉམས་ཤིག་སྐད་ཅིག་ལ་སྐྱེ་བ་དེ་བུམ་དབང་གི་དབང་དོན་དུ་ངོ་ཤེས་པར་གྱིས་ཤིག །ལུས་ཀྱི་རྩ་གནས་ཐམས་ཅད་ནས་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་དེ་དབུ་མའི་ནང་དུ་ཞུགས་པས། ལྟེ་བ་ནས་ཨ་ཐུང་ཕག་མོའི་ངོ་བོ་གྱེན་དུ་འབར་ནས། བདེ་སྟོང་གི་ཉམས་ཤིག་སྐད་ཅིག་གཉིས་ལ་འཆར་བ་དེ་གསང་དབང་གི་དབང་དོན་དུ་ངོ་ཤེས་པར་གྱིས་ཤིག །དེ་ནས་ཐིག་ལེ་གཉིས་སྙིང་ཁར་འཕྲད་པས་རིག་སྟོང་གི་རྟོགས་པ་ཁྱད་པར་ཅན་ཞིག་སྐད་ཅིག་གསུམ་ལ་འཆར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་དོན་དུ་ངོ་ཤེས་པར་གྱིས་ཤིག །དེ་


CMR033_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀར་དམར་སེམས་གསུམ་སྙིང་གར་དབུ་མའི་ནང་དུ་ཚུད་པས་ཚིག་དབང་རིན་པོ་ཆེ་སྔར་བླ་མས་ངོ་སྤྲད་པའི་ཕྱག་རྒྱ་ཆེན་པོ་སྤྲོས་པའི་ཡུལ་ལས་འདས་པ་དེ་ད་ལྟ་ཁྱེད་ལ་མངོན་སུམ་དུ་ཤར་ནས་ཡོད་པས།་དེ་ངོ་ཤེས་པར་གྱིས་མ་ཡེངས་པར་དེའི་སྟེང་དུ་མཉམ་པར་ཡུན་རིང་དུ་ཞོག་ཅིག །ཆོས་ཐམས་ཅད་དངོས་པོའི་དེ་ཉིད་དུ་མ་གྲུབ། ཁྱེད་རང་གི་སེམས་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུར་ངོས་བཟུང་མེད་པར་ངོ་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ།། ༈ ཡང་བླ་མའི་རྣལ་འབྱོར་ལ་གོམས་པ་ཞིག་ཡིན་ན། འོ་ན་ཁྱོད་ལ་ད་ལྟ་ཕྱི་འབྱུང་བ་བཞིའི་ཐིམ་སྡུད་ཚར་ནས། ད་ལྟ་ཁྱེད་ལ་བླ་མ་སྐུ་བཞིའི་དགོངས་པ་དངོས་སུ་འཆར་སྐབས་སུ་གདའོ། །ཁྱེད་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་ནས་ཡོད་དོ། །དཀར་ལམ་གྱི་སྣང་བ་དང་གསལ་སྟོང་གི་ཉམས་སྐད་ཅིག་ལ་འཆར་བ་དེ་གསལ་སྟོང་དབྱེར་མེད་བླ་མ་སྤྲུལ་པའི་སྐུ་ཡིན་ནོ། །ངོ་ཤེས་པར་གྱིས་ཤིག །དམར་ལམ་གྱི་སྣང་བ་དང་བདེ་སྟོང་གི་ཉམས་སྐད་ཅིག་གཉིས་ལ་འཆར་བ་དེ་བདེ་སྟོང་ཟུང་འཇུག་བླ་


CMR033_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་ནས་ཕྱིའི་ཚོགས་དྲུག་འགགས་ནས་ནང་དུ་བདེ་སྟོང་གསལ་ཡེ་རེ་སྐད་ཅིག་གསུམ་གནས་པ་དེ་རིག་སྟོང་དབྱེར་མེད་བླ་མ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་དག་པའི་དཀྱིལ་ལྟར་འཆར་བ་དེ་ནི་དྲན་སྟོང་དབྱེར་མེད་བླ་མ་ངོ་བོ་ཉིད་ཀྱི་སྐུ་ཡིན་པས། ད་ལྟ་བླ་མའི་སྐུ་གསུང་ཐུགས་དང་རང་སེམས་ཆོས་སྐུ་སྐྱེ་བ་མེད་པ་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྣམས་དབྱེར་མེད་གཅིག་ཏུ་འདྲེས་ནས་གདའོ། །ངོ་ཤེས་ཐག་ཆོད་པའི་ངང་ནས་ཡུན་རིང་དུ་དེའི་ངང་དུ་བཞུགས་པར་ཞུ། བླ་མ་རང་སེམས་ཆོས་སྐུ་གསུམ། །དབྱེར་མེད་གཅིག་ཏུ་འདྲེས་ནས་གདའ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །ཞེས་སོགས་བརྗོད། །ཀྱེ་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །ཞེས་སོགས་བརྗོད་དོ།། ༈ ཡང་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་བསྐྱེད་རྫོགས་ལ་གོམས་པ་ཞིག་ཡིན་ན། འོ་ཆེ་གེ་ཁྱེད་ཐུགས་དམ་མ་ཡེངས་ཤིག །ཁྱེད་ཀྱི་ཐོབ་པའི་བསྐྱེད་རིམ་རྫོགས་རིམ་དུ་སྡད་པའི་སྐབས་སུ་གདའོ། །ཕྱི་རོལ་སྣོད་


CMR033_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ་ནས་ཡུམ་བཞི་འོད་གསལ་ལ་ཞུགས་པས་འབྱུང་བ་བཞིར་ཐིམ། སེམས་དཔའ་ཡབ་ཡུམ་འོད་གསལ་དུ་ཞུགས་པས། ཚོགས་བརྒྱད་དང་ཡུལ་བརྒྱད་འགགས། རིགས་བཞི་གཞལ་ཡས་ཁང་དང་བཅས་པ་འོད་གསལ་ལ་ཞུགས་པས་ཕུང་པོ་ལྔར་ཐིམ། དེ་ནས་སྤྱི་བོ་ནས་སྐུ་རྡོ་རྗེས་ངོ་བོ་ཧཱུྃ་ཡིག་དང་སྐུའི་སྟོད་ཆ་མར་ཐིམ་པས། རྟོག་མེད་ཀྱི་ཡེ་ཤེས་སྐད་ཅིག་ལ་འཆར་ཏེ། དེ་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ངོ་ཤེས་པར་གྱིས་ཤིག །ལྟེ་བར་གསུང་རྡོ་རྗེའི་ངོ་བོ་ཨ་ཡིག་དང་སྐུ་སྨད་ཡར་ཐིམ་པས་རྟོག་མེད་ཀྱི་ཡེ་ཤེས་སྐད་ཅིག་གཉིས་ལ་འཆར་བ་དེ་ཆོས་ཀྱི་ཕྱག་རྒྱ་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ནས་སྐུ་བྱིང་ཐམས་ཅད་ཐུགས་ཀའི་ས་བོན་ཧཱུྃ་ཡིག་ལ་ཐིམ་པས། ཕྱི་རོལ་གྱི་སྣང་བ་ཐམས་ཅད་འགགས་ནས་ནང་དུ་ཡེ་ཤེས་མར་མེ་ལྟར་གསལ་བ་སྐད་ཅིག་གསུམ་ལ་འཆར་བ་དེ་ལས་ཀྱི་ཕྱག་རྒྱའི་དོན་ཡིན་པས་ངོ་ཤེས་པར་གྱིས། དེ་ནས་ཧཱུྃ་ཡིག་ཞབས་ཀྱུ་ནས་གྱེན་རྫོགས་སུ་ཡལ་ནས་ཐེག་ལེ་ནཱ་ད་ལས་འདས་ཏེ་འོད་གསལ་ལ་ཞུགས་ནས། སྤྲིན་མེད་པའི་ནམ་མཁའ་ལྟར་སྨྲ་བསམ་བརྗོད་ལས་འདས་པའི་འོད་གསལ་ཆོས་སྐུ་


CMR033_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པ་ད་ལྟ་དངོས་སུ་ཤར་ནས་ཡོད་དོ། །དེ་ནས་ཕྱག་བཞིའི་ནང་ནས་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །དེའི་སྟེང་དུ་གཡོ་འགུལ་མེད་པར་ཡུན་རིང་དུ་མཉམ་པར་ཞོག་ཅིག །དོན་དམ་པའི་དཀྱིལ་འཁོར་ནི་དེ་ཡིན་ནོ། །ལྷ་ཡེ་ཤེས་སེམས་དཔའ་ཡང་དེ་ཡིན་ནོ། །དེའི་ངང་ལ་བཞུགས་ཤིག །ཅེས་གསལ་བཏབ་པར་བྱའོ།། ༈ ཡང་རོ་སྙོམས་དང་ཞི་བྱེད་སོགས་ལ་གོམས་པ་ཞིག་ཡིན་ན། འོ་ཆེ་གེ་ལགས་ད་ལྟ་ཁྱེད་འཆི་བའི་དུས་ལ་བབ་ནི་འདུག་པས། འཆི་བ་ལམ་ཁྱེར་གྱི་གདམས་ངག་ཉམས་སུ་ལེན་པར་མཛོད། འབྱུང་བའི་ཐིམ་སྡུད་དང་སྣང་མཆེད་ཐོབ་གསུམ་གྱི་རྟགས་ཅི་དང་ཅི་ཤར་ནི་བྱུང་ན་ཡང་། ལོག་ནས་འཆར་རྒྱུ་རྡུལ་ཙམ་ཡང་མེད་དོ། །རང་གི་སེམས་ཁོ་ན་ཡིན། །སེམས་ནི་གདོད་མ་ནས་ཆོས་སྐུ་སྐྱེ་བ་མེད་པ་ཡིན་པས། ཅི་ཤར་ཡང་སེམས་རང་ལུགས་སུ་ཀློད་ལ་མ་ཡེངས་ཙམ་དུ་ངོ་བོ་སྐྱོང་མཛོད། འཇིགས་སྐྲག་བྱུང་ན་ཡང་དེའི་ངོ་བོ་ལ་ལྟོས་ལ་མཉམ་པར་ཞོག་མཛོད། ལྷ་དང་མཁའ་འགྲོའི་སྣང་བ་བྱུང་ཡང་དགའ་བྲོད་མེད་པར་དེའི་ངོ་བོ་ལ་མཉམ་པར་ཞོག་མཛོད། གཞིའི་འོད་གསལ་ཞིག་ཚུར་ལ་འཆར་ནི་འོང་


CMR033_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེའི་ངང་དུ་ཡུན་རིང་དུ་མཉམ་པར་བཞག་པར་ཞུ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱམས་པས་གསུངས་སོ། །དེ་ལྟར་ཡུན་རིང་དུ་བཞུགས་ཤིག །ཅེས་གསལ་བཏབ་བོ།། ༈ འཕོ་བ་ལ་གོམས་པ་དང་གཅོད་ཡུལ་བ་ཞིག་ཆོས་སྐུར་འཕོ་ནས་ཐུགས་དམ་དང་འཕོ་བ་དབྱེར་མེད་བྱེད་ན། འོ་ལགས་ཆེ་གེ་ཁྱེད་འདས་པར་འདུག་པས། འཕོ་མེད་ཆོས་སྐུ་འཕོ་བ་ཉམས་སུ་ལེན་པར་ཞུ།་རིག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་དང་པོ་གང་ནས་ཀྱང་མ་འོང་མ་སྐྱེས། བར་དུ་གང་དུ་ཡང་མི་གནས། ཐ་མར་གང་དུ་ཡང་མི་འགྲོ་མི་འགགས་པའི་ཕྱིར། གང་འཕོ་བའི་གང་ཟག་ཀྱང་མ་གྲུབ། གང་དུ་འཕོ་བའི་ཡུལ་ཡང་མུ་མེད་དོན་ལ་སྐྱེ་བ་མེད་པའི་ཕྱིར་འཆི་བ་ཡང་མ་གྲུབ་མི་དམིགས་ཏེ། ཐམས་ཅད་རང་གི་སེམས་ཉིད་ཁོ་ན་ལས་གཞན་དུ་མ་གྲུབ་པས་རང་སེམས་དང་ཆོས་ཉིད་ཡི་དམ་བླ་མའི་ཐུགས་རྣམས་དབྱེར་མེད་དུ་འདྲེས་པ་ལས་སྣང་བ་དཀར་ལམ་དམར་ལམ་ནག་ལམ་སོགས་ཅི་ཤར་ནི་བྱུང་ཡང་སེམས་མ་བཅོས་ཆོས་སྐུའི་ངང་ལ་ཞོག་ཅིག་དང་། གཞིའི་འོད་གསལ་ཆོས་སྐུ་


CMR033_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པ་དེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུར་འཆར་རོ། །དེ་ནི་ཆོས་སྐུ་ཡུམ་ཆེན་མོའི་ཞལ་མཐོང་བ་ཡང་དེ་ཡིན། དང་པོའི་སངས་རྒྱས་ཀྱང་དེ་ཡིན། །འོད་གསལ་ཆོས་སྐུ་ཡང་དེ་ཡིན་པས། དེའི་ངང་ལ་ཡུན་རིང་དུ་ཞོག་མཛོད། འཕོ་བྱ་འཕོ་བྱེད་བྲལ་བའི་བྱ་བཏང་གི། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པར། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་གྱུར་ཅིག །ཅེས་གསལ་འདེབས་མ་ཟིན་པར་བསྐྱར་ལ་བྱའོ། །དེ་ཡན་ཆད་ནི་འཆི་བ་འོད་གསལ་ཆོས་སྐུར་སྦྱངས་ནས་བར་དོ་དང་པོའི་འོད་གསལ་ངོས་བཟུང་ནས། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པའི་མན་ངག་གོ་བདེ་ཚིག་ཉུང་བར་བྱས་སོ། །བསྐྱེད་རིམ་གྱི་བར་དོ་གཉིས་ལོངས་སྐུར་སྦྱངས་ནས་སངས་རྒྱས་པར་གསུངས་ཀྱིས། བར་དོ་དང་པོར་བསྐྱེད་རིམ་བསྒོམ་པར་རྒྱུད་གཞུང་ནས་གསལ་བར་གསུངས་པ་ནི་མེད་ཀྱང་། དེང་སང་ཐུགས་དམ་གྲགས་ཆེ་བས། རྫོགས་རིམ་ལ་བློ་ཁ་མ་ཕྱོགས་པར་བསྐྱེད་རིམ་རྐྱང་པ་སྒོམ་མཁན་རྣམས་ཐུགས་དམ་ལ་བཞུགས་ལུགས་ཀྱི་གསལ་འདེབས་ནི། འོ་ལགས་ཆེ་གེ ཁྱེད་འཆི་བའི་དུས་ལ་བབ་པས། ཡི་དམ་གྱི་ལྷ་རྗེས་སུ་དྲན་པ་དང་། སྔགས་རྗེས་སུ་དྲན་པ་གལ་ཆེ་ཁྱེད་རང་གི་ལུས་ངག་ཡིད་གསུམ་དང་ཡི་དམ་ལྷའི་སྐུ་གསུང་


CMR033_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དབྱེར་མེད་དུ་བཞུགས་ནས་གདའོ། །ཁྱེད་རང་ཡི་དམ་གྱི་ལྷ་ཚོགས་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་སྐུ་ཚོན་གང་བ། མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་ལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་ཞིང་འོད་འབར་བ་མེ་ཤེལ་ལྟར་དྭངས་ཤིང་སྒྲིབ་པ་མེད་པའི་ཐུགས་ཀར། ས་བོན་ནམ་ཧཱུྃ་ཡིག་ཏིལ་གྱི་མར་མེ་ལྟ་བུ་ལ་སེམས་མ་ཡེངས་པར། རིག་པ་རྩེ་གཅིག་ཏུ་གཏོད་ཅིག་དང་། དཀར་ལམ་འཆར་བ་ཡབ་ཐབས་ཀྱི་ངོ་བོ་ཡིན་པར་ངོས་ཟུངས་ཤིག །དམར་ལམ་འཆར་དུས་ཡུམ་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །འདིའི་སྐབས་སུ་ཡི་དམ་གྱི་ལྷ་དེ་ཁྱེད་རང་བསུ་ལ་འོང་བས། དེའི་བསྐྱེད་རིམ་གསལ་ཐོབ་ལ་དེའི་ངང་དུ་མ་ཡེངས་པར་མཉམ་པར་ཞོག་མཛོད། དེ་ནས་སྟོང་ཉིད་ནམ་མཁའ་ལྟ་བུ་གཅིག་འཆར་བས། ཡི་དམ་གྱི་སྐུ་དེ་ཡང་ངོ་བོ་སྟོང་ལ་རང་བཞིན་གསལ་བ་འཇའ་ཚོན་ལྟ་བུར་སྒོམས་ཤིག །ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའི་ངོ་བོ་ས་བོན་དེ་ལ་མ་ཡེངས་པར་རིག་པ་རྩེ་གཅིག་ཏུ་གཏོད་ལ་ཡུན་རིང་དུ་བཞུགས་པར་ཞུ། རྒྱས་པར་ཡི་དམ་གང་ཡིན་དེའི་སྐུ་མདོག་ཕྱག་མཚན་རྣམས་གསལ་


CMR033_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པར་བྱའོ། །དེ་ནས་ཐུགས་དམ་གྱི་གེགས་སེལ་ནི། དམ་ཉམས་དང་གྲིབ་ཆེན་དང་སྡིག་ཆེན་རྩར་མི་བཏང་། ཕྱིར་ལྡོག་རོལ་མོ་མི་བྱེད། བླ་མ་ཆེན་པོ་ཐུགས་དམ་བརྟན་པོ་ལ་ཁྲུས་གསོལ་བྱེད་རུང་གསུངས་ཕལ་ཆེར་གྲོལ་དོགས་ཡོད། གཟའ་སྲུང་གི་འཁོར་ལོ་ཟབ་མོ་ཕུང་པོ་ལ་བཏགས། ཐུགས་དམ་ཟིན་ནས་འོད་གསལ་ལ་ཡེངས་བས་ཞག་དུ་སོང་མི་འབྱེད་པར་ཞག་ཉུང་ངུ་ལ་མང་པོ་སོང་སྣང་གི་གྲོལ་དོགས་ཡོད་པ་དང་། ཞག་བདུན་ཕྲག་ཟླ་རེ་རེའི་སོ་ལ་རྣམ་པར་རྟོག་པ་རེ་རེ་ལྡང་བར་གསུངས་པས་དེ་གཉིས་ཀྱི་གཉེན་པོ་ནངས་སྔ། རྟག་པར་རམ་ཞག་བདུན་ཕྲག་གི་མཚམས་རྣམས་སུ་མིང་ནས་དང་པོ་མི་བཟླ་བར། འོད་གསལ་མ་ཡེངས་ཁྱེད་འོད་གསལ་ལ་བཞུགས་ནས་ཞག་འདི་ཙམ་སོང་ད་རུང་ཞག་འདི་ཙམ་ལ་བཞུགས་པར་ཞུ། འོད་གསལ་ཆོས་སྐུ་སྐྱེ་བ་མེད་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་དགོངས་པ་འདི་ལ་ཡུན་རིང་དུ་བཞག་པ་གལ་ཆེ། ཞེས་ཞུའོ། །དེ་ནས་ཐོས་གྲོལ་ཆེན་མོ་ལས་སྣ་བུག་ནས་ཁྲག་དང་ཆུ་སེར་མ་ཐོན་གྱི་བར་དུ་གསལ་ཡང་ཡང་གདབ་གསུངས་པའི་དོན་ཡིན་ནོ། །དེ་ནས་ཚེ་འདིར་ལྷག་མཐོང་ལ་ངེས་ཤེས་ཆུང་ཞིང་བདེ་གསལ་མི་རྟོག་པ་ལ་ཅུང་ཟད་ཆགས་འཛིན་ཡོད་པ་དེ་ཐུགས་དམ་བརྟན་དྲགས་འདུག་ན། གོལ་ས་ཡོད་དོགས་འདི་སྐད་གསལ་བཏབ་བོ། ༈ །ཆེ་གེ་ཁྱོད་སྒོམ་དུ་མེད་པའི་དོན་ལ་བློས་ཐུག་རེག་མེད་པར་


CMR033_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཞོག །བདེ་བའི་ཉམས་ལ་ཆགས་ཞེན་མ་བྱེད་ཅིག །འདོད་པའི་ཁམས་སུ་གོལ་ཉན་ནོ། །གསལ་བའི་ཉམས་ལ་མཆོག་འཛིན་མ་བྱེད་ཅིག །གཟུགས་ཁམས་སུ་གོལ་ཉན་ནོ། །མི་རྟོག་ལྟེང་པོའི་ཉམས་ལ་མ་ཞེན་ཅིག །གཟུགས་མེད་དུ་གོལ་ཉན་ཡོད། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་བསམ་པའི་འཛིན་པ་དང་། ཅི་ཡང་མེད་དོ་བསམ་པ་དང་། སེམས་ནི་མཐའ་ཡས་སྙམ་པ་དང་། ནམ་མཁའ་དང་སེམས་དབྱེར་མེད་མཐའ་ཡས་སོ་སྙམ་པ་དང་།། བློ་ཡི་འཛིན་པ་ཐམས་ཅད་རྣམ་རྟོག་ཡིན་ནོ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་སོ། །ཅི་ཡང་དྲན་པ་མེད་པ་ནི་འགོག་པ་ཆ་མཐུན་ཡིན་ནོ། །ཀྱེ་མ་རིགས་ཀྱི་སྐྱེས་བུ་ཁྱེད། །མ་བསྒོམ་མ་བསྒོམ་བློ་མ་བསྒོམ། །བློ་བསྒོམ་རྟོག་པའི་མུན་པར་ཞུགས། །རྟོག་པ་བྲལ་ལ་བསྒོམ་དུ་མེད། །བསྒོམ་མེད་བློ་འདས་མ་རྙེད་ན། །བསྐལ་པར་བསྒོམ་ཡང་འགོག་པ་ཡིན། །འགོག་ཆུང་མུན་པའི་ཏིང་འཛིན་ཡིན། །རྨོངས་གོལ་ལམ་ལ་མ་ཞུགས་སམ། །དེ་བས་སྤྲོས་བྲལ་སྟོང་པ་ཉིད། །སྨྲ་བརྗོད་བྲལ་བའི་ཆོས་སྐུ་ལ། །ཡུན་


CMR033_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བཞུགས་ཤིག་སྐལ་ལྡན་ཁྱེད། །ཅེས་གེགས་སེལ་ལོ། །དེ་ནས་དགོངས་ཞག་ལྷག་སོང་ཡང་མ་གྲོལ་ལམ། ད་ནི་གྲོལ་དགོས་ཀྱང་མ་གྲོལན། གཤེགས་གསོལ་བྱ་བ་ནི། འདིར་འཕོ་བ་བཏབ་ན་ཡང་ལེགས་མོད། བླ་མ་ཆེན་པོར་འཕོ་བ་མི་བདེ་བ་ཡིན་ན། འོ་ཆེ་གེ་ཁྱེད་གསོན་དང་། ཀྱེ་ཀྱེ་དྲན་པའི་ཡེ་ཤེས་བཞེངས། །ཡུམ་ཆེན་བཞི་ཡི་ཕྱོགས་བཞི་ནས། །དཔལ་ཆེན་ཁྱེད་ལ་གསོལ་བ་འདེབས། །འོད་གསལ་སྒྱུར་མའི་སྐུར་བཞེངས་ཤིག །ཡར་བྱོན་ཚངས་པའི་ལམ་ནས་བྱོན། །རིགས་བདག་རྩ་བའི་བླ་མ་དེ། །ཁྱེད་ཀྱི་དབུ་ཡི་གཙུག་ན་གདའ། །ཡར་བྱོན་བླ་མའི་དྲུང་དུ་བྱོན། །ཕྱོགས་བཅུའི་སྟོང་ཕྲག་ཞིང་ཁམས་སུ། །སངས་རྒྱས་དཔག་མེད་ཆོས་འཁོར་བསྐོར། །ཏིང་ངེ་འཛིན་གྱིས་ཁྱེད་ལ་བསྐུལ། །ད་ནི་འགྲོ་བའི་དོན་ལ་བཞེངས། །ད་ནི་སངས་རྒྱས་ཞལ་བལྟ་རན། །ད་ནི་འོད་གསལ་གཉུག་རེ་རིང་། ད་ནི་ཞིང་ཁམས་བསྒྲོད་རེ་རན། །ད་ནི་ཡི་དམ་སུན་མ་བསླེབས། །སྟོང་པའི་ངང་ཉིད་ལས། །ཟུང་འཇུག་ཡི་དམ་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་ད་བཞེངས་ཤིག །ཐུགས་རྗེས་སེམས་ཅན་དོན་ལ་དགོངས། །།ཕཊ་ཕཊ་ཕཊ། ཅེས་རོལ་


CMR033_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང་སྤོས་བྱ། སྤྲོན་རང་གི་ཡི་དམ་གྱི་འོད་གསལ་ལས་བསྐུལ་བ་གླུ་དཀྱིལ་ཆོག་རྣམས་ནས་འབྱུང་བ་རྣམས་དབྱངས་དང་བཅས་པས་བྱའོ། །ཐུགས་དམ་གྲོལ་རྟགས་གཞུང་ནས་བཤད་པ་ནི་སྣ་བུག་ནས་ཁྲག་དང་ཆུ་སེར་དོན་པ་ཡིན་ཀྱང་། ལུས་ཤིན་ཏུ་རྒོག་ཆེ་བ་ལ་དོན་རྒྱུ་མེད་གསུངས་ལ་ནད་ཀྱི་དབང་གིས་མ་གྲོལ་བར་སྣ་ཁྲག་འབྱུང་བ་ཡང་སྲིད་པས་བརྟག་གོ །སྣའི་ཀ་བ་དེབ་པ་ཤ་བཀྲག་ངན་ཅིང་རོ་ངོ་ཆགས་པ། ཕུང་པོ་རུལ་ཞིང་འབུས་འཛིན་པ་ཡང་འཕོས་རྟགས་ཡིན་ནོ། །ཐུགས་དམ་ཟིན་དུས་དང་གྲོལ་དུས་སམ། གདུང་བཞུ་དུས་སམ། བདུན་ཕྲག་གི་མཚམས་སུ་ནམ་མཁའ་གཡའ་དག་ཅིང་སྤྲིན་དང་སེར་བུ་མེད་པ། འཇའ་ཚོན་ཟུག་པ་དང་མེ་ཏོག་གི་ཆར་འབེབས་པའམ། རིང་བསྲེལ་དང་ཐུགས་མ་ཚིག་པར་འབྱོན་པ་དང་། ཨ་དང་ཧཱུྃ་དང་རྡོ་རྗེ་དང་། རྡོ་རྗེ་འཆང་གི་སྐུ་སོགས་འབྱོན་ན་ཐུགས་དམ་སུ་ངེས་སོ། །འོད་གསལ་ངེས་པར་ཟིན་པ་དེ་ཆོས་སྐུར་སངས་རྒྱས་པ་ཡིན་པས། དེ་སྐོར་དུ་ཉམས་ལེན་བྱེད་པ་ཐམས་ཅད་སྔར་བས་ཉམས་བཟང་བ་སྐྱེ་བ་དང་། དེ་ལ་དད་གུས་ཀྱིས་གསོལ་བ་འདེབས་པ་དང་། རྗེས་སུ་འཇུག་པ་ཐམས་ཅད་ལ་རྟོགས་པ་བཟང་པོ་སྐྱེ་བར་ངེས་ཏེ་བཀའ་བརྒྱུད་ཀྱི་བླ་མ་རྣམས་བཞུགས་དུས་བས་འདས་ཚར་ནས་བྱིན་རླབས་ཆེར་འགྲོ་བ་གདའ་གསུངས་པས་དེའི་དོན་ཡིན་ནོ། །དེ་ལྟར་ཐུགས་དམ་གསལ་འདེབས་ཉུང་བསྡུས་འདི། རང་བྱུང་ཞབས་དང་རོལ་པའི་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་པདྨ་དཀར་པོ་སོགས། །དམ་པ་དུ་མས་མཛད་པའི་ཆོས་


CMR033_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་། །ཡང་དགོན་པ་་་རྒྱལ་མཚན་དཔལ་བཟང་པོ་དང་ཀུན་དགའ་རྣམ་རྒྱལ་ཟུར་མང་པ་དྲུང་ཚེར་ལུང་ཀུན་དགའ་རྣམ་རྒྱལ་དང་། །མཁའ་སྤྱོད་པ་་་་དྲུང་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན། སོགས་མཛད་པའི་བར་དོའི་སྐོར། །ངམ་རྫོང་སྙན་བརྒྱུད་རོ་སྙོམ་ཞི་བྱེད་དང་། །གཅོད་ཀྱི་རྣམ་བཤད་ལ་སོགས་དུ་མ་དང་། །ཀློང་གསལ་སྙིང་ཐིག་མཁའ་འགྲོ་སྙིང་ཐིག་དང་། །བར་དོ་གསང་སྐོར་བར་དོ་ཐོས་གྲོལ་དང་། །སྦྱོར་དྲུག་རིམ་ལྔ་དྭགས་པོའི་བཀའ། འབུམ་སོགས། །བར་དོའི་གདམས་པ་ཀུན་གྱི་བཅུད་ཕྱུངས་ཏེ། །ལག་ཏུ་བླང་བདེར་གོ་སླ་ཚིག་ཉུང་བས། །བཤད་པའི་ན་ཡམ་ཚིག་གིས་མ་སྦག་ཅིང་། །མདོ་རྒྱུད་ལུང་འདྲེན་ངལ་བ་སྐྱུང་བྱས་ནས། །མངོན་སུམ་ལག་བཅང་ཉིད་དུ་གཏད་པ་འདི། །ཉམས་ལེན་ཅུང་ཟད་ཡོད་པ་ཐམས་ཅད་ལ། །ལོང་བའི་མིག་བུ་ཉིད་དུ་འདི་གྱུར་ཅིག །འདི་ཉིད་མཐོང་དང་ཐོས་དང་འབྲེལ་ཐོགས་རྣམས། །བར་དོ་དང་པོར་མངོན་སངས་རྒྱས་གྱུར་ཅིག །དེ་སྐད་རཱ་གའི་མིང་ཅན་དེས་སྨྲས་སོ། །འགལ་འཁྲུལ་ནོངས་པ་ཅི་མཆིས་མཁས་ལ་བཤགས། །འདི་ཕྱི་ཀུན་དུ་སྒྲིབ་པར་མ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་དམ་གསལ་འདེབས་སྐོར་བསྡུས་པ།no next