Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཚ་ཚ་སྤྱི་འགྲོས་ཕྱག་ལེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚ་ཚ་སྤྱི་འགྲོས་ཕྱག་ལེན།next

ཚ་ཚ་སྤྱི་འགྲོས་ཕྱག་ལེན།


CMR034_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཚ་སྤྱི་འགྲོས་ཕྱག་ལེན་བཞུགས་སོ།


CMR034_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །སཱཙྪ་གདབ་ཆོག་མདོར་བསྡུས་བཤད། དེ་ཡང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས། དེ་ནས་ཚོགས་ཆེན་གསོག་པའི་ཕྱིར། །ཆ་ཚའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། །ཞེས་སོགས་ནས། ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ཅེས་པའི་བར་རྒྱས་པར་གསུངས་པས། ས་བསྟན་པ་ནི་ས་སྤྱིན་པོ་ཡོད་ཅིང་གདོན་དྲག་པོ་མེད་པའི་སར། ས་ཆོག་ནི་རྒྱས་པར་བྱས་ལ་བསླང་བ་གྲུབ་ན་རབ། འབྲིང་གནས་དེར་སའི་བདག་པོ་ལ་གཏོར་མ་ཕུལ་ལ་ས་སློང་། ཐ་མའང་


CMR034_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ནས་གནས་དེའི་ས་བདག་ལ་གཏོར་མ་བསྔོས་ལ་ས་སློང་། དེ་མ་བྱས་འཕྲོག་འོང་བའམ། མ་བྱུང་ཡང་མ་བྱིན་བླངས་བའི་ཉེས་པ་འབྱུང་སྟེ། ས་ལ་བདག་པོ་སྤྱིར་ལྷ་མོ་བརྟན་མ་དང་ལྟོ་འཕྱེ། བྱེ་བྲག་བདག་པོ་རེ་རེ་ངེས་པར་ཡོད་དོ། །དེ་ཡང་བསྡུ་ན་དཀར་གཏོར་གཅིག་བཤམས། ཨ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས། །རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་བདུད་རྩི་ཆེན་པོར་གྱུར། །ཨོཾ་ཨཱཿཿཧཱུྃ་གིས་བྱིན་གྱིས་བརླབས། །ས་བདག་ལྟོ་འཕྱེ་ཆེན་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །སྲས་པོ་ས་འཛིན་ལག་པ་ཆེ། །ཡུལ་རིས་འདི་ལ་གནས་པ་དང་། །ཁྱད་པར་ས་སྤྱིན་ལེན་པ་ལ། །གནས་པའི་ས་


CMR034_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐམས་ཅད་ཀུན། །བདུད་རྩི་གཏོར་མ་འདི་བཞེས་ལ། །བདེ་གཤེགས་མཆོད་རྟེན་བཞེངས་པའི་ཕྱིར། །ས་འདི་བདག་ལ་གནང་བར་མཛོད། །ཨོཾ་པྲི་ཐི་ཝི་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་གནས་དེར་བསྐྱལ་ལམ་དེ་ཕྱོགས་སུ་ཕུལ། དེ་ནས་ས་འདུལ་བའི་བགེགས་བསྐྲད་ནི། ཧཱུཾ། བདག་ཉིད་སྐད་ཅིག་ཁྲོ་རྒྱལ་རྟ་མཆོག་དམར། །། ཕྱག་གཡོན་སྡིགས་མཛུབ་བགེགས་ལ་གཟིར་བྱེད་ཅིང་། །ཕྱག་གཡས་སེང་ལྡེང་ཕུར་བུ་ས་དེ་ལ། །བཏབ་པས་གཏོར་མས་བྲིད་ཀྱང་མི་ཉན་པའི། །བགེགས་རྣམས་དཔག་ཚད་ཙམ་དུ་བྲོས་གྱུར་པས། །ས་དེ་བདག་གིས་རང་དབང་ཐོབ་པར་གྱུར། །ཨོཾ་པདྨནྟ་ཀྲྀཏ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་དུཥཱན་ཧཱུྃ་ཕཊ། དེ་ནས་སྐག་ལེ་ཐོགས་ཏེ་ས་རྐོ་བ། དཔྱིད་ཟླ་གསུམ་ལ་བྱང་དུ་ཁ་སྒྱུ་རྐོ། །དབྱར་ཟླ་གསུམ་ལ་ཤར་དུ་ཁ་རྒྱུ་རྐོ། །སྟོན་ཟླ་གསུམ་ལ་ལྷོ་རུ་ཁ་རྒྱུ་ནོ། །དགུན་ཟླ་གསུམ་ལ་ནུབ་ཏུ་ཁ་གྲུ་ཀོ། །དེ་ལྟར་ལྟོ་འཕྱེ་མ་བརྩིས་ཉེས་སྐྱོན་འབྱུང་། །ཚེས་པ་བཅུ་གཉིས་ནམ་ཡང་ས་མི་ནོ། །གྲུ་རེ་བརྐོས་ན་མི་རེ་འཆི་བར་བཤད། །དེ་ནི་ས་བདག་ཐེ་སེ་སྤྲེལ་ཁོག་ཟེར། །ཧཱུཾ། ཁྲོ་བོ་བགེགས་མཐར་བྱེད་པ་སྐུ་མདོག་མཐིང་། །ཞབས་གཉིས་སྣ་ཚོགས་རྡོ་རྗེ་ཉི་ཟླའི་སྤྱན། །ཕྱག་གཉིས་ཧཱུྃ་


CMR034_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཕྱག་རྒྱས་རྡོ་རྗེ་ཡི། །ཏོག་ཚེ་འཛིན་པས་ས་ནི་རྐོ་བར་གྱུར། །ཨོཾ་བཛྲ་མུངྒ་ར་ཨཱཿ་ཀོ་ཊ་ཡ་ཨཱཿ་ཀོ་ཊ་ཡ་ཧཱུཾ་ཕཊ། སྐག་ལེ་ལྔ་བརྒྱབ་དེ་ནས་ཅི་བདེར་རྐོ། །ཡང་ན་སྔགས་དང་དམིགས་པ་ཁྱིམ་ནས་བྱ། །ས་རྐོ་བ་ལ་ཁ་ཡི་རྒྱུ་ཕྱོགས་བསླབ། ཧྲཱིཿ བརྐོས་པའི་ས་ཡི་ཕུང་པོ་དེ་ཉིད་ནི། །རིན་ཆེན་སྣ་ལྔའི་ཕུང་པོ་དཔག་མེད་གྱུར། །ཨོཾ་བཛྲ་རཏྣ་ས་མ་ཏི་ཡེ་ཧཱུྃ༔ ས་དེ་ས་བདག་རྣམས་ཀྱིས་བྱིན་བརླབས་པའི། །དངོས་གྲུབ་ཆེན་པོར་བསྒོམ་ལ་ཁྱིམ་དུ་ཁྱེར། །རིན་ཆེན་བརྡར་ཞིང་སྤོས་ཆུས་བྲན་པར་བྱ། །དེ་ནས་ས་དེ་སྦྱང་བར་བྱ་བ་ནི། ཧཱུྃ། རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་། །ཕྱག་གཉིས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །ས་ལ་རེག་པས་ས་ཡི་དངོས་འཛིན་སྦྱངས། །ས་དེ་ཆོས་སྐུ་སྐྱེ་མེད་རང་བཞིན་གྱུར། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿ ས་བྷཱ་ཝ་ཤུདྡྷོཉཧཾ། འོག་གཞི་རྡོ་རྗེའི་གདན་དུ་གྱུར་པའི་སྟེང་། །ཕྱག་གཡས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །ས་དེ་བརྡལ་ཞིང་རབ་ཏུ་བརྡུངས་བྱས་པས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ལས་དང་ཉོན་མོངས་བག་ཆགས་ཀུན་སྦྱང་གྱུར། །ཨོཾ་བཛྲ་མུངྒ་ར་ཨཱཿ་ཀོ་ཊ་ཡ། ཨཱཿ་ཀོ་ཊ་ཡ་ཧཱུྃ་ཕཊ། ཞིབ་བརྡུངས་ཆུ་གཙང་སྨན་སྤོས་འཇིམ་པར་བྱ། །ལས་


CMR034_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཆུའམ་ཆུ་གཙང་བྲན་བྱས་ལ། །ཨོཾ་ཨཱཿབིགྷ་ནཱན་ཏ་ཀྲྀཏྟ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །ཧཱུཾ་ལས་འཇིམ་པ་རིན་ཆེན་སྣ་ཚོགས་ཀྱི། །།ཕུང་པོ་ཆེན་པོར་གྱུར་ཅིང་བདག་ཉིད་ཀྱི། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་ཡིས། །འོག་མིན་རྣམ་པར་སྣང་མཛད་ཐུགས་ཀར་ཕོག །བཅོམ་ལྡན་སྐུ་མཆོག་རྣམ་པར་སྣང་མཛད་ཀྱིས། །འཇིམ་པ་འདི་ལ་བྱིན་བརླབ་མཛད་དུ་གསོལ། །གསོལ་བ་བཏབ་པས་རྣམ་སྣང་ཐུགས་ཀ་ནས། །འོད་ཟེར་སྣ་ལྔ་མཛོད་སྤུ་ནས་ཐོན་ཏེ། །འཇིམ་པ་ལ་ཕོག་འཇིམ་པ་ཐམས་ཅད་ནི། །རྒྱལ་བའི་ཡེ་ཤེས་ལྔ་ཡི་རང་བཞིན་གྱུར། །ལག་གཡོན་གན་རྐྱལ་མཐེ་བོང་མཛུབ་ཆུང་མནན། །སོར་མོ་གསུམ་བརྐྱང་གཡས་ཀྱང་དེ་བཞིན་སྒྲུབ། །འཇིམ་པར་རེག་ཅིང་སྔགས་འདི་ཉེར་གཅིག་བརྗོད། །ཨོཾ་ན་མོ་བྷ་ག་ཝ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུཀེ་སུཀྵེ། ས་མེ་ས་མེ། ས་མ་ཡེ་ཤཱནྟེ་དནྟེ། ཨ་ས་མ་རོ་པེ། ཨ་ན་ལནྡྷེ། ཏ་རམྦྷེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛཱ། ནིར་ཀུ་ལེ། ནིཝཱ་ཎེ། སརྦ་བུདྡྷ། ཨ་དྷིཥྛ་ན། ཨ་དྷིཥི་ཏེ་སྭཱ་ཧཱ། དེ་ནས་འཇིམ་པ་བཅད་པའི་སྔགས། ཨོཾ་


CMR034_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་ཧྲཱིཿཨཱཿ་དང་ནི། ཨོཾ་ཨཱཿཿཧཱུྃ་དང་རྟེན་འབྲེལ་སྙིང་པོ་གཙུག་ཏོར་དྲི་མེད་སོགས་ཤོག་དྲིལ། རིན་ཆེན་འབྲུ་སྨན་བྱིན་རླབས་རྟེན། །ནང་དུ་གཞུག་ཅིང་འབི་འབི་བྱ། །འབི་འབི་ཡེ་ཤེས་ལྔ་པོ་ཡི། །རང་བཞིན་ཤིན་ཏུ་རྒྱས་པར་གྱུར། །ཨོཾ་བཛོཊྚ་བཱ་ཡེ་སྭཱ་ཧཱ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཡེ་ཤེས་ཁོང་དུ་ཆུད་པར་གྱུར། །ཨོཾ་བཛྲ་དྷ་ཏུ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་ནང་གཞུག་བཞག་པར་བྱ། ཨོཾ་ཨཱཿཝཔྲ་ཏིཥྛ་ཏེ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་ས་ལ་བཞག །བྱང་ཆུབ་སེམས་ནི་རིན་པོ་ཆེས། །ཀུན་ཏུ་བཟང་པོར་བསྒོས་པར་གྱུར།ཨོཾ་ཨཱཿཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་སྣུམ་གྱིས་བྱུག །ཨོཾ་བཛྲ་དྷ་ཏུ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་འབི་འབི་ལག་ཏུ་ལེན། །བརྐོས་ཕོར་སྟོང་པ་ཆོས་ཀྱི་སྐུ། །འབི་འབི་གཟུགས་སྐུ་ལོངས་སྤྱོད་རྫོགས། །ཐབས་ཤེས་ཟུང་དུ་འཇུག་པར་གྱུར། །ཨོཾ་དྷརྨ་དྷ་ཏུ་གནྡྷ་སྭཱ་ཧཱ། ཞེས་བརྗོད་བརྐོས་ཕོར་ནང་དུ་གཞུག །ཐབས་ཤེས་དབྱེར་མེད་ཡེ་ཤེས་ལས། །ཚ་ཚ་སྤྲུལ་སྐུ་ལམ་ལམ་བྱོན། །ཨོཾ་བཛྲ་མུརྒ་ར་ཨཱཿ་ཀོ་ཊ་ཡ་ཨཱཿ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཐོ་བས་བརྡུངས་གསུངས་ཀྱང་། །ཤིང་གི་འཛེར་ལ་བརྡབ་ན་ལེགས། །བཟོ་བཅོས་བྱེད་ཚེ་རྟེན་འབྲེལ་སྔགས། །


CMR034_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་བོད་སྐད་དུ་བཟླས་པ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས་། །ཞེས་དང་། རྒྱུ་དང་འབྲས་བུའི་ཆོས་རྣམས་ཀུན། །ཡོངས་སུ་རྫོགས་པ་ཉིད་དུ་གྱུར། །ཨོཾ་དྷརྨུ་ར་ཏེ་སྭཱ་ཧཱ། ཞེས་བརྗོད་སྤར་ནས་དལ་བུས་ཕྱུང་། །ཐབས་དང་ཤེས་རབ་འབྲེལ་པ་ལས། །རྒྱལ་བ་ཆོས་སྐུའི་བདག་ཉིད་གྱུར། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་སམ། ཨོཾ་སརྦ་ཏ་ཐཱ་གཱ་ཏ་དྷརྨ་ཀཱ་ལ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏ་ས་མ་ཡ་སྟེ། །ཞེས་བརྗོད་བཞུགས་སུ་གསོལ་བར་བྱ། །པད་ཉི་ཟླ་སྟེང་ཚ་ཚ་རྣམས། །རིན་ཆེན་མཆོད་རྟེན་དཔག་མེད་ནང་། །རྩ་གསུམ་རྒྱལ་བ་སྲས་བཅས་བཞུགས། །འོད་འཕྲོས་བདག་གཞན་སྒྲིབ་པ་སྦྱངས། །འགྲོ་དོན་དཔག་མེད་མཛད་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་བྷྱོ་ག་ཀཱ་ཡ་ས་མ་ཡ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིར་མ་ཎ་ཀཱ་ཡ་ས་མ་ཡ་ཧཱུཾ། དེ་ཡིས་སྐུ་གསུམ་ངོ་བོ་འགྲུབ། །རང་བཞིན་གནས་ནས་ཡེ་ཤེས་པ། །རང་བྱུང་མཆོད་རྟེན་རྟེན་མཆོག་རྣམས། །སྤྱན་དྲངས་གཉིས་མེད་བརྟན་པར་བཞུགས། །ཨོཾ་སརྦ་ཛྙཱ་ན་ཀ་ནི་ཀ་ཛཿཧཱུྃ་བཾ་ཧོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་


CMR034_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཎི་ཤབ་དིསྟེ་ཛཱ་ལ་ཛཱ་ལ་དྷརྨཱ་དྷ་ཏུ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་རབ་ཏུ་གནས་པའོ། །དེ་ལྟར་རིམ་བཞིན་ཐུབ་ན་ལེགས། །འབི་འབི་བྱེད་མཁན་སྣུམ་བྱུག་མཁན། །འདེབས་མཁན་བཞག་མཁན་རབ་གནས་མཁན། །མི་མང་ཆེ་ན་སོ་སོ་བྱ། །ཡང་ན་སློབ་དཔོན་གཅིག་པུ་ཡིས། །རིམ་པ་བཞིན་དུ་ཅི་ནུས་བཏབ། །མི་མང་ཡིག་དྲུག་བཟླ་བཞིན་བཏབ། །ཐ་ན་བྱིན་རླབས་སྔགས་རྣམས་དང་། །ཡོངས་རྫོགས་སྔགས་ཀྱིས་བྱིན་བརླབས་པས། །བསྲེས་པའི་འཇིམ་པ་མི་མང་པོས། །ཡིག་དྲུག་བཟླ་ཞིང་འདེབས་པར་བྱ། །བླ་མེད་བྱང་ཆུབ་སེམས་མཆོག་དང་། །ཀུན་ནས་ཀུན་ཏུ་བཟང་པོ་ཡི། །རྣམ་དག་སྤྱོད་པས་བསྒོས་པར་གྱུར། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་དཀར་རྩི་བྱུག་པར་བྱ། །དེ་བཞིན་མེ་ཆུ་རླུང་ལ་ཡང་། །སྔགས་བཟླས་བརྐོས་ཕོར་གཡུག་པ་དང་། །དམིགས་པ་བསྒོམ་ན་ས་དང་འདྲ། །རབ་གནས་བསྡུས་པ་གོང་དེས་ཆོག །རྒྱས་པར་ཆེན་པོ་ཐམས་ཅད་ཀྱིས། །བུམ་པར་ཡི་དམ་གང་རུང་གི །མདུན་བསྐྱེད་གཞུང་ལྟར་རྒྱས་པར་བྱ། །མཆོད་བསྟོད་ཚོགས་ཀྱི་འཁོར་ལོ་འབུལ། །མཆོད་རྟེན་ལྷར་བཅས་འོད་ཟེར་གྱིས། །བདག་དང་འགྲོ་བའི་སྒྲིབ་སྦྱོང་བསམ། །ཡི་དམ་སྙིང་པོ་མང་དུ་བཟླ། །འོད་ཞུ་མཆོད་རྟེན་སོ་སོར་བསམ། །བཀྲ་ཤིས་བསྔོ་སྨོན་རྒྱས་པར་བྱ། །བདེ་གཤེགས་མཆོད་རྟེན་དྲི་མེད་ལ། །དངོས་བཤམས་ཡིད་ལས་སྤྲུལ་པ་


CMR034_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །གདུགས་དང་རྒྱལ་མཚན་སྲོག་ཤིང་འབུལ། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །ཨོཾ་བཛྲ་ཨཱཿ་ཡུ་ཥེ་སྭཱ་ཧཱ། བཛྲ་པྲ་མ་ན་ཡ་སྭཱ་ཧཱ། དར་དཔྱངས་མེ་ཏོག་ཕྲེང་བ་དང་། །མེ་ལོང་དར་ཟབ་ན་བཟའ་འབུལ། །ཨོཾ་བཛྲ་ཏར་བྱེ་ཡེ་སྭཱ་ཧཱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། མཆོད་པའི་སྤྲིན་དབུས་མཆོད་རྟེན་རྣམས། །འཇིག་རྟེན་སྐྱོང་དང་འགྲོ་དྲུག་ཀུན། །རྟག་ཏུ་བསྐོར་ཞིང་མཆོད་པར་གྱུར། །དེ་ནས་སྔགས་འདིས་སྤྱན་འདྲེན་ཏེ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་ཨ་ཧ་ར་ཨ་ཧ་ར། ཨ་གཙྪ་ཨ་གཙྪ་དྷརྨ་དྷཱ་ཏུ་གནྡྷེ་སྭཱ་ཧཱ། ས་གཙང་ཚ་ཚ་བཞི་མདོ་ཡི། །སྐོར་བ་འཕེལ་བར་ཚ་ཁང་བྱ། །རུས་ཚ་བྲག་ཕུག་དབེན་པར་བཞུགས། །ཆོ་ག་ལྷག་ཆད་ནོར་འཁྲུལ་དང་། །སྤྱན་འདྲེན་དུས་སུ་ཆག་གྲུམས་སོགས། །ཉེས་འགལ་ཐམས་ཅད་བཟོད་པར་གསོལ། །ཨོཾ་ཨཱཿཀ་ཤ་དྷ་ཏུ་གནྡྷེ་སྭཱ་ཧཱ། རྒྱལ་ཆེན་ཕྱོགས་སྐྱོང་ཡུལ་འདིའི་ལྷ། །སྔོན་ཚེ་རིག་འཛིན་བཀའ་བསྒོས་བཞིན། །མཆོད་རྟེན་འདི་རྣམས་སྲུང་བར་མཛོད། །ཚ་ཚ་འདི་རྣམས་བཞེངས་པའི་མཐུས། །བདག་དང་སྦྱིན་བདག་དམིགས་ཡུལ་གྱིས། །གཙོར་བྱས་མ་རྒན་སེམས་ཅན་ཀུན། །མྱུར་དུ་བྱང་ཆུབ་ཐོབ་གྱུར་ཅིག །ཅེས་བརྗོད་སྟོང་


CMR034_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྒྱ་ཡིས་གདབ། །གསར་རྙིང་རྒྱུད་གཞུང་དུ་མ་ཡི། །བཅུད་བསྡུས་ཞིབ་རྒྱས་ཕྱག་ལེན་འདི། །རཱ་ག་ཨ་སྱས་སྦྱར་བ་ལ། །ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚ་ཚ་སྤྱི་འགྲོས་ཕྱག་ལེན།next