Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།next

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།


CMR034_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་བཞུགས་སོ། །


CMR034_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཿརླ་དྲི་རཏྣ་ཨ་ནུ་སྨྲ་ཏི་ན་མ་སུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་


CMR034_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་བཟོད་པ་དག་གིས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་


CMR034_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་


CMR034_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱི་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་བཞུགས་པ། རིག་པར་བཞུགས་པ། དྲང་པོར་བཞུགས་པ། མཐུན་པར་བཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་


CMR034_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ལ་མཁས་པ། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ་། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་


CMR034_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བའི་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །གུང་ཚིགས་དུས་རྒྱས་པར་དཀོན་མཆོག་རྗེས་དྲན་མདོ་གསུམ་པོ་འདོན་དགོས་ཀྱང་མ་ལྕོགས་ན། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །


CMR034_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པཎྜི་ཏ་མ་ཁོལ་ནང་པར་གྱུར་མ་ཐག་གསུངས་པ་སྟེ། དཀོན་མཆོག་གསུམ་ཡིད་ལ་དྲན་པར་བྱས་ལ། ཕུད་མཆོད་ཟུར་གསུམ་མི་རུང་ཟླུམ་པོ་བཞག་སྟེ། ཨོཾ་གུ་རུ་བཛྲ་ནེ་ཝི་དྱ་ཨཱཿཿཧཱུྃ། ཞེས་རྩ་བརྒྱུད་བླ་མ་ལ་གཅིག་ཕུལ། ཨོཾ་སརྦ་བུདྡྷ་བྷྱོ་དྷི་སཏྭ་བྷ་བཛྲ་ནི་ཝི་དྱ་ཨཱཿཿཧཱུྃ། ཞེས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གཅིག་ཕུལ། ཨོཾ་ཀཱ་མ་དེ་ཝ་མཎྜལ་བཛྲ་ནེ་ཝི་དྱ་ཨཱཿཿཧཱུཾ། ཞེས་འཕགས་པའི་གནས་བརྟན་བཅུ་དྲུག་དགྲ་བཅོམ་ཁྲི་དྲུག་སྟོང་བཞི་བརྒྱ་དང་བཅས་ལ་གཅིག་འབུལ། དེ་རྣམས་ཀྱི་ཚོགས་རྫོགས་བསོད་ནམས་མི་ཟད་པས་ཟ་སྐལ་མི་རྫོགས་འཕེལ་ལོ། །ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ༔ བཛྲ་ནེ་ཝི་དྱ་ཨཱཿཿཧཱུྃ། ཞེས་བདུད་རྩི་འཁྱིལ་པ་ལ་ཕུལ་བས་བགེགས་ཀྱི་གནོད་པ་བསྲུང་ཟས་བདུད་རྩིར་འགྱུར་རོ། །ཨོཾ་བི་དྷརྨ་པཱ་ལ་བཛྲ་ནེ་ཝི་དྱ་ཨཱཿཧཱུྃ། ཞེས་ཡེ་ཤེས་ཀྱི་ཆོས་སྐྱོང་རྣམས་ལ་ཕུལ་བས་སྲུང་སྐྱོབ་བྱེད་དོ། །དེ་ལྟར་ཕུད་མཆོད་ལྔ་ཚོམ་གཙོ་འཁོར་ཚུལ་དུ་བཞག་སྟེ། དེ་ཡང་ཆེ་ཞིང་བཟའ་བ་བཞག་ནས་རང་མ་བརྒྱག་ན་སླར་ཡང་བཟའ་རུང་ངོ། །དེ་རྗེས་ཕུད་ཀྱི་སྦྱིན་པ་ནི། ཨོཾ་ཧ་རི་ཏེ་སྭཱ་ཧཱ། ཞེས་གནོད་སྦྱིན་འཕྲོག་མ་ལ་ཆངས་བུ་གཅིག་སྦྱིན། ཨོཾ་ཧ་རི་ཏེ་མ་ཧཱ་བཛྲ་ཡཀྵི་ཎི་ཧ་ར་ཧ་ར་སརྦ་པ་པཾ་ཡཀྱི་སྭཱ་ཧཱ། ཞེས་ལྷ་མོ་འཕྲོག་མ་སྟེ་ཁ་འབར་མ་བུ་ལྔ་བརྒྱ་དང་བཅས་པ་ལ་ཆངས་བུ་གཅིག་སྦྱིན། འདི་མ་སྦྱིན་ན་སྟོན་པའི་བཀའ་དང་འགལ། བྱིན་ན་ནད་ཉུང་ལོངས་སྤྱོད་ཆེ་བའི་གྲོགས་བྱེད་དོ། །ཨོཾ་


CMR034_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་གྲ་པཎྜ་ཨ་ཤི་བྷ་སྭཱ་ཧཱ། ཞེས་ཕུད་ལ་དབང་བའི་འབྱུང་པོ་ཐམས་ཅད་ལ་ཆངས་བུ་གཅིག་སྦྱིན་ཏེ། འདི་ལ་ཕོ་ལྷ་དགྲ་བླ་སོགས་འཇིག་རྟེན་པའི་ལྷ་ཚོགས་ལའོ། །དེ་ལྟར་ཆངས་བུ་གསུམ་བཞག་པ་ཡན་མདོ་ལུགས་སོ། །དེ་ནས་སྔགས་ལུགས་ལ། ཨོཾ་བརྗོད་པས་སྟོང་པར་བསམ། ཨཱཿབརྗོད་པས་ཟས་སྣོད་ཡེ་ཤེས་ཀྱི་ཀ་པཱ་ལ་བསམས་ལ། ཧཱུྃ་བརྗོད་པས་ཟས་ཡེ་ཤེས་ཀྱི་བདུད་རྩིར་བསྒོམ། རང་ལུས་ཐུགས་རྗེ་ཆེན་པོའི་སྤྱི་བོ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་ལྔར། ཐུགས་རྗེ་ཆེན་པོ་དཀར་དམར་སེར་ལྗང་གུ་ལྔ་འཁོར་མཁའ་འགྲོ་མ་གཙོ་བོའི་མདོག་ཅན་རྩའི་གྲངས་བཞུགས་པར་བསྒོམས་ལ། དེ་དག་ལ་མཆོད་པར་བསམས་ལ་ཟ་འཐུང་བྱ་སྟེ། ཕོ་བ་བུམ་པ་དང་འདྲ་ཞེས་སུམ་གཉིས་གང་སུམ་གཅིག་སྟོང་པའི་ཚོད་ཙམ་ཟོས་པས་ལུས་བདེ་ནད་ཉུང་ངོ། །ཟོས་ཚར་ནས། ཨོཾ་ཨུཙྪིཥྛ་པཎཱ་ཨ་ཤི་བྷ་སྭ་ཧཱ། ཞེས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ལ་ཆངས་བུ་གཅིག་བྱིན་པས་བགེགས་དང་ལོག་འདྲེན་ཐམས་ཅད་ལ་བླུད་བྱིན། དེ་ནས་ཟོས་ལྷག་མེད་ཀྱང་རུང་གདའ་ན་གཞན་བཀྲེས་པ་བྱ་ཁྱི་སོགས་ཉམ་ཐག་ལ་སྦྱིན་པར་གསུང་གི་བོ་གཏོར་ཆུད་ཟོས་མི་བྱའོ། །དེ་ནས་ཡོན་སྦྱོང་བ་ཞེས་དཀོར་སྒྲིབ་སྦྱང་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ལན་གཅིག་


CMR034_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་དཀོར་གྱི་ཕུང་པོ་རི་རབ་ཙམ་འཇུ་བར་གསུངས་སོ། །དཀོར་སྒྲིབ་སྦྱོང་བའི་གཟུངས་ནི། ན་མ་ས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ན་མོ་མཉྫཤཱི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀུ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལཾ་བྷེ་ནི་རཱ་བྷ་སེ། ཛ་ཡེ་ཛ་ཡ་ལ་བྷེ། མ་ཧཱ་མ་ཏེ། དཀྵེ་དཀྵི་ཎི་མེ་པ་རི་ཤུ་དྷ་ཡ་སྭཱ་ཧཱ། གཟུངས་འདི་བརྗོད་པ་ཙམ་གྱིས་དཀོར་སྒྲིབ་ཐམས་ཅད་བྱང་བར་གསུངས། དེ་ནས་བསྔོ་སྨོན་ནི། རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ། །བཟའ་བ་ཕུལ་བའི་བསོད་ནམས་ཀྱིས། །ཁ་དོག་སྟོབས་དང་ལྡན་གྱུར་ཏེ། །རོ་བརྒྱ་ལྡན་པའི་ཟས་རྙེད་ནས། །བསམ་གཏན་ཟས་ཀྱིས་འཚོ་བར་ཤོག །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང་། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡིས། །སྐོམ་དད་མེད་པའི་གནས་སུ་སྐྱེ་བར་ཤོག །གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །སེམས་ཅན་དམན་པ་གཞན་དག་ལ། །ཚེ་རིང་ནད་མེད་ཕུན་སུམ་


CMR034_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །གཏན་དུ་བདེ་བ་ཐོབ་པར་ཤོག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སོགས། དེ་ནས་འཚོགས་ཆེན་ཡིན་ན་ཟབ་མདོ་རྒྱས་པ་འདོན་སྲོལ་ཡོད་ནའང་འདི་ཙམ་གྱིས་འཐུས། དགེ་ཚུལ་སློང་གུང་ཚིགས་བྱེད་པ་ལ་འདི་གལ་ཆེ་ཞིང་། དགེ་སློང་དྲོ་འདྲེན་མི་བྱུང་ན་མེད་ཐབས་མེད། གྲྭ་པ་རོགས་རྣམས་དགོང་མོ་མདོ་མཁན་དང་། དགེ་བསྙེན་རྣམས་ཀྱང་འདི་འཚོགས་པས་མཉམ་དུ་འདོན་སྲོལ་གདའ་བས། དྲོ་གོང་ལ་བཏོན་ན་ལེགས། ཉིན་ཕྱེད་ཡོལ་ནས་འདོན་སྲོལ་མེད། གྲྭ་པ་རྣམས་ལ་ཕན་ཕྱིར། དགེ་སློང་རཱ་ག་ཨ་སྱས་གཞུང་མན་ངག་མཐོང་བ་བརྒྱུད་པ་དང་རང་གི་ཉམས་མྱོང་དང་བསྟུན་ཏེ་བྲིས་པར་འཕེལ་རྒྱས་སུ་གྱུར་ཅིག །མངྒ་ལཾ། ཟས་ཀྱི་རྗེས་སུ་མདོ་སྒྲོགས་པ་ནི་ཟབ་མདོ་ལྟ་བུ་ལ་ང་རུང་འདོན་ཞིང་། བསྡུ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་སོགས་དང་། བསོད་ནམས་འདི་ཡིས་སོགས་བརྗོད།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ།next