Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
རྒྱལ་བའི་གསུང་རབ་ཀློག་པའི་སྔོན་འགྲོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བའི་གསུང་རབ་ཀློག་པའི་སྔོན་འགྲོ།next

རྒྱལ་བའི་གསུང་རབ་ཀློག་པའི་སྔོན་འགྲོ།


CMR034_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གསུང་རབ་ཀློག་པའི་སྔོན་འགྲོ་བཞུགས་སོ།། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིན་སངས་རྒྱས་འགྲུབ་པར་ཤོག །མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་བཀའ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པར་བགྱིའོ། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་རིག་པའི་ངོ་བོ་ཡེ་གེ་ཨ་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྒྱལ་བ་


CMR034_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པ། སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་མཉམ་བཞག །དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དེའི་གཡས་སུ་ཤཱ་རིའི་བུ། གཡོན་དུ་མོའུ་འགལ་གྱི་བུ། །མདུན་དུ་རབ་འབྱོར། རྒྱབ་ཏུ་ཀུན་དགའ་བོ་ལ་སོགས་པ་འཁོར་ཉན་ཐོས་ཆེན་པོ་མཆོག་བརྒྱད། རང་རྒྱལ་ཆེན་པོ་བཅུ་གཉིས། དགྲ་བཅོམ་པ་ལྔ་བརྒྱ་དང་ལྔ་སྟོང་ལ་སོགས་པ་འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་མདུན་གྱི་ནམ་མཁའི་གནས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་ཁྲི་ཕུན་སུམ་ཚོགས་པའི་དབུས་སུ་ཡི་གེ་ཚྭ་སེར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་རྡོ་རྗེ་དང་གླེགས་བམ། འོག་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། དེ་ལ་ཕྱོགས་བཅུའི་


CMR034_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་༈ མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་ཧཱུཾ། ཨགྷཾ་པཱཏྱཾ་སོགས། ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །འགྲོ་བ་རྣམས་དང་ཤིང་རྣམས་སྣ་ཚོགས་པ། །འོད་ཟེར་དང་ནི་ནམ་མཁའ་ཐམས་ཅད་ལས། །དམ་པ་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པ། །སེམས་ཅན་ཐམས་ཅད་ཀྱིས་ནི་ཐོས་པར་


CMR034_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །སྟོང་ཉིད་བཅོ་བརྒྱད་ཆོས་ཀྱི་སྡོང་པོ་ལ། །ཕ་རོལ་ཕྱིན་དྲུག་མཛེས་པའི་རྒྱན་གྱིས་སྤྲས། །ཚད་མེད་བཞི་ཡི་ལོ་འདབ་རྒྱས་པ་ལ། །སྐྱེ་འགག་མེད་པར་འབྲས་བུ་སོ་སོར་གསལ། །ཟབ་དང་རྒྱ་ཆེའི་གསུང་རབ་རིན་པོ་ཆེ་ལ་བློ་ལུས་ངག་གསུམ་གྱི་སྒོ་ནས་གུས་པས་ཕྱག་འཚལ་ཞིང་དྭངས་བས་སྐྱབས་སུ་མཆིའོ། །ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །གང་ཞིག་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །དྲི་ཟ་གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་རང་རང་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཐམས་ཅད་སོ་སོ་རང་རང་གིས་གོ་བར་ཆོས་སྟོན་པར་བགྱིའོ། །རྣལ་འབྱོར་པ་བདག་ཅག།


CMR034_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་འདིའི་འགལ་རྐྱེན་ནད་དང་གནོད་པ་རྐྱེན་ངན་བགེགས་སོགས་གློ་བུར་ཡེ་འདྲོག་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་མཐར་ཐུག་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཆེད་དུ། རྒྱལ་བ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་ལ་བློ་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་དད་པས་སྐྱབས་སུ་མཆིའོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ལུས་ཅན་ཀུན་གྱིས་བྱ་རྣམས་དང་། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མཐར་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བཀྲ་ཤིས་བསྔོ་སྨོན་བཅས་བྱའོ།། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུཾ། ཆོས་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་


CMR034_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་ཡུམ་ཆེན་ཆོས་སྒྲ་སྒྲོག །ཁྱེད་རྣམས་འདིར་གནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་གྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་བརྗོད། སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་སྲུང་བའི་འཁོར་ལོ་རྒྱ་ཆེན་པོར་གྱུར། བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱ། གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་བཅས་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །ཆོས་ཉན་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ན་མོ། གང་ཞིག་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །དྲི་ཟ་གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་རང་རང་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་ཀརྨ་ཆགས་མེད་རིན་པོ་ཆེས་མཛད་པའོ།། །།


previousརྒྱལ་བའི་གསུང་རབ་ཀློག་པའི་སྔོན་འགྲོ།next