Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྣང་བརྒྱད་ཀྱི་མདོ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྣང་བརྒྱད་ཀྱི་མདོ་བསྡུས་པ།next

སྣང་བརྒྱད་ཀྱི་མདོ་བསྡུས་པ།


CMR034_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བརྒྱད་ཀྱི་མདོ་བསྡུས་པ་བཞུགས་སོ། །སྣང་བརྒྱད་ཚར་གསུམ་བཀླགས་ན་གང་དགོས་འགྲུབ་པ་དང་། ཉེས་སྐྱོན་ཐམས་ཅད་སེལ་བར་གསུངས་སོ། །ན་མོ་མཉྫའི་ཡེ། མིག་གིས་གཟུགས་སྣ་ཚོགས་འབྱེད་དོ། །གཟུགས་ཉིད་ཀྱང་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །རྣ་བས་སྒྲ་སྣ་ཚོགས་ཐོས་སོ། །སྒྲ་ཉིད་ཀྱང་སྟོང་པའོ། །སྟོང་པ་ཉིད་ཀྱང་སྒྲའོ། སྣས་དྲི་སྣ་ཚོགས་ཚོར་བའོ། །དྲི་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དྲིའོ། །ལྕེས་རོ་སྣ་ཚོགས་འབྱེད་དོ། །རོ་ཉིད་ཀྱང་སྟོང་པའོ། །སྟོང་པ་ཉིད་ཀྱང་རོའོ། ལུས་ཀྱིས་ཚོར་བ་སྣ་ཚོགས་འབྱེད་དོ། །ཚོར་བ་ཉིད་ཀྱང་སྟོང་པའོ། །སྟོང་པ་ཉིད་ཀྱང་ཚོར་བའོ། །ཡེ་ཤེས་ཀྱིས་ནི་ཆོས་སྣ་ཚོགས་འབྱེད་དོ། །ཡེ་ཤེས་ཉིད་ཀྱང་སྟོང་པའོ། །སྟོང་པ་ཉིད་ཀྱང་ཡེ་ཤེས་སོ། །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །བཙས་པའི་ཉི་མ་ཤིན་ཏུ་དགེ །བསྡུར་བའི་ཉི་མ་ཤིན་ཏུ་བཟང་། །གསོན་གཤིན་གཉིས་ཀྱི་བསོད་ནམས་སུ། །བཀླགས་པས་བསོད་ནམས་འཐོབ་པར་འགྱུར། །


CMR034_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་བླ་ན་མེད་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རི་བོའི་དཔལ་དང་། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་མཐུན་སྦྱོར་དང་། བྱང་ཆུབ་སེམས་དཔའི་སྐྱབས་ཆེན་དང་། བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་དྲི་མ་དག་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ཀ་ནི། ནི་ཀ་ནི། ཨ་བྱི་ལ། མན་ད་ལེ་མཎྜ་ལེ་སྭཱ་ཧཱ། རྣམ་པར་ཤེས་པ་བརྒྱད་ཀྱི་རྩ་བ་ནི། དངོས་པོ་སྟོང་ཞིང་སྟོང་པ་ཉིད་ཡིན་ནོ། །སངས་རྒྱས་ཀྱི་ཆོས་སོ། །མཚན་ནི་སྟོང་པ་ཞེས་བྱའོ།། །ཞེས་པ་མདོ་མང་སྣང་བརྒྱད་དཀར་པོའི་དོན་བསྡུས། ༧ རཱ་ག་ཨ་སྱས་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག །དེ་ནས་བྱམས་སྙིང་རྗེ་བསྒོམས་པས་ལྷ་འདྲེ་ཐམས་ཅད་གྲོགས་སུ་འགྱུར། བདག་མེད་ཀྱི་དོན་བསྒོམས་པས་ལྷ་འདྲེ་ཐམས་ཅད་དབང་དུ་འདུའོ། །སརྦ་མངྒ་ལཾ། དགེའོ།། །།


previousསྣང་བརྒྱད་ཀྱི་མདོ་བསྡུས་པ།next