Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཏིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཏིགnext

ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཏིག


CMR034_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཏིག་བཞུགས་ལགས་སོ།


CMR034_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པ་ར་མི་ཏ་ཡེ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ནི་ནམ་མཁའ་དང་འདྲ་བར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བཞུགས་སོ། །ཉན་ཐོས་འཕགས་པ་རང་རྒྱལ་འཕགས་པ་དང་། བྱང་སེམས་འཕགས་པ་དང་སངས་རྒྱས་འཕགས་པ་སྟེ་འཕགས་པ་བཞི་ཀ །ཡུམ་ཆེན་མོ་ཤེར་ཕྱིན་ལ་འཁྲུངས་བས་ཡུམ་ཞེས་བྱའོ། །དེ་ཡང་ཡེ་ཐོག་དང་པོ་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའི་དུས། ཀུན་ཏུ་བཟང་པོས་ཡེ་ནས་ཡུམ་དོན་རྟོགས་ཏེ་སངས་རྒྱས། སེམས་ཅན་ཐམས་ཅད་ཡུམ་གྱི་དོན་མ་རྟོགས་པས་འཁོར་བར་འཁྱམས་སོ། །དེ་ནས་ཀུན་ཏུ་


CMR034_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པ་དེ་འཁོར་བ་ནས་འདྲེན་པ་ལ། ཆོས་སྐུ་སྟོང་པའི་ངང་ལས་འོག་མིན་གྱི་གནས་སུ་གཟུགས་སྐུ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནས། ས་བཅུ་གཅིག་པ་ཡན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡུམ་དོན་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་དེ་ཡང་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་རྒྱལ་དུ་སྤྲུལ་ནས་ས་བརྒྱད་པ་ཡན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡུམ་དོན་བསྟན་ཏོ། །རྣམ་སྣང་དེའི་ཡེ་ཤེས་བཞི་ལས་རིགས་བཞིའི་སངས་རྒྱས་སུ་སྤྲུལ་ནས་ས་དང་པོ་ཡན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡུམ་དོན་བསྟན་ཏོ། །དེ་ཡན་


CMR034_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའ་བསྟན་པས་དོན་གོ་བ་སྟེ་ངག་ནས་གསུངས་པ་ནི་མེད་དོ། །དེ་ནས་རིགས་ལྔའི་སངས་རྒྱས་སུ་སྤྲུལ་ནས་དེ་རྣམས་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་ཏེ་འཕགས་པ་སྤྱན་རས་གཟིགས་སུ་སྤྲུལ་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འཁོར་བ་ཇི་སྲིད་དུ་བྱེད་པར་དབང་བསྐུར་བཀའ་བསྒོས་སོ། །དེ་ནས་ཐུགས་རྗེ་ཆེན་པོས་ལན་གསུམ་འཁོར་བ་དོང་ནས་སྤྲུགས་ཀྱང་སེམས་ཅན་གྱི་ཁམས་ལ་འཕེལ་བ་དང་། འགྲིབ་པ་མ་བྱུང་བས། ད་ནི་སེམས་ཅན་ཐམས་ཅད་འདྲེན་མི་ནུས་བདག་རང་སངས་རྒྱས་པར་བྱ་དགོངས་པས་ཐུགས་བསྐྱེད་དང་དམ་བཅའ་ཉམས་ནས། དབུ་ཚལ་པ་བརྒྱ་དང་སྐུ་དུམ་བུ་སྟོང་དུ་གས་སོ། །དེར་སངས་རྒྱས་ཐམས་ཅད་དང་རིགས་བདག་འོད་དཔག་མེད་བྱོན་ནས་སྐུ་དུམ་བུ་སྟོང་དེ་ཕྱག་སྟོང་། དབུ་དུམ་བུ་བརྒྱ་དེ་ཞལ་དགུར་བྱིན་གྱིས་བརླབས་གདུག་པ་ཅན་འདུལ་ཕྱིར་ཕྱག་རྡོར་གྱི་ཁྲོ་ཞལ་དང་བཅུ། དེའི་སྟེང་དུ་འོད་དཔག་མེད་ཀྱི་ཞལ་དང་བཅུ་གཅིག་སུ་བྱིན་གྱིས་བརླབས་ཏེ། ད་སྔར་ལས་ཀྱང་སེམས་བསྐྱེད་དང་འགྲོ་དོན་ཆེ་བར་གྱིས་ཤིག་གསུངས་སོ། །དེར་ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་སྤྲུལ་ཏེ། བསྐལ་པ་ཡར་དར་གྱི་ཚེ་སེམས་ཅན་རྣམས་དགེ་བ་


CMR034_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཁྲིམས་ལ་བཀོད། ཕྱག་མཐིལ་གྱི་སྤྱན་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་སྤྲུལ་ནས། བསྐལ་པ་མར་འགྲིབ་ཀྱི་སེམས་ཅན་རྣམས་ལ་ཡུམ་དོན་དམ་པའི་ཆོས་སྟོན། དེ་ཅིའི་ཕྱིར་མར་འགྲིབ་ལ་ཆོས་སྟོན་ཞེ་ན། མར་འགྲིབ་ལ་སེམས་ཅན་སྐྱོ་ཤས་ཆེ་བས་ཆོས་ལ་འཇུག་གོ །ཡར་འཕེལ་ལ་བདེ་སྐྱིད་ཆེ་བས་ཆོས་ལ་མི་འཇུག་པའི་ཕྱིར་རོ། །དེ་ཡང་སངས་རྒྱས་སྟོང་ཆ་གཅིག་ཁོ་ན་མ་ཡིན། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་བསྐལ་བཟང་གི་སངས་རྒྱས་བྱེ་བ་ཕྲག་བརྒྱའི་སྤྲུལ་པ་ནི། གདུལ་བྱ་སྐོར་གཅིག་ཡིན་གྱི། གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དེ་སྙེད་སྤྲུལ་ལོ། །དེ་རྣམས་ཀྱང་དང་པོ་ནས་སངས་རྒྱས་ཀྱི་ཚུལ་དུ་བཞུགས་ན་འགྲོ་དོན་མི་འོང་བར་དགོངས་ནས། དང་པོ་སོ་སོའི་སྐྱེ་བོ་ཐ་མལ་པར་སྤྲུལ་ཏེ་ཚོགས་བསགས་སྒྲིབ་སྦྱངས་བྱས་ནས་རིམ་པར་སངས་རྒྱས་ཚུལ་བསྟན་ཏོ། །དེས་ན་ངེས་པའི་དོན་དུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཡིན་ཏེ། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་སུས་ཀྱང་མེད་པ་ལ། །བྱང་


CMR034_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་མཆོག་རབ་དེ་ནི་ངེས་རྙེད་དེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་ཏེ། དེ་དང་མཐུན་པར་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ཀྱང་། ཀུན་ཏུ་བཟང་པོ་ནས་བཟུང་སྟེ། ཤཱཀྱ་ཐུབ་པའི་བར་གྱི་སྟོན་པ་བཅུ་གཉིས་བྱོན་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཉིད་ཡིན་པར་གསུངས་སོ། །དྲང་དོན་དུ་ས་ལམ་བསྒྲོད་ཚུལ་བསྟན་པའི་ཚུལ་ནི། དང་པོ་ཐུབ་པའི་དབང་པོ་འདི་ཉིད་དམྱལ་བ་ལྕགས་སྲེག་གི་ཤིང་རྟ་འདྲེན་པའི་གྱད་ཐང་ཞེས་པར་འཁྲུངས་པའི། རང་རོགས་གྱད་གཅིག་གིས་ཤིང་རྟ་འདྲེན་མི་ཐུབ་པའི་སྡུག་བསྔལ་གཟིགས་ཏེ་སྙིང་རྗེ་སྐྱེས་ནས། རོགས་འདི་དང་གཉིས་ཀའི་སྡུག་བསྔལ་ངས་ཁུར། རོགས་འདི་བཏང་བར་ཞུ་སྨྲས་པས། གཤིན་རྗེའི་ལས་མཁན་གྱིས་སྨྲས་པ། སེམས་ཅན་རང་རང་གི་ལས་ལ་སྤྱོད་པ་སུས་ཅི་བྱ་ཟེར་ནས། གཤིན་རྗེའི་ལས་མཁན་ཁྲོས་ནས་ཐལ་ལྕག་བརྒྱབས་པས་ཚེ་འཕོས་ཏེ་དམྱལ་བ་ནས་ཐར་རོ། །དེ་ནས་རྒྱལ་པོ་འོད་ལྡན་དུ་སྐྱེས་ཏེ། སངས་རྒྱས་དང་མཇལ་བའི་སྨོན་ལམ་བཏབ། དེ་ནས་ཁྱེའུ་དྲི་མ་མེད་པའི་དཔུང་ཞེས་བྱ་བར་སྐྱེས་ཏེ། སངས་རྒྱས་མི་ཐུབ་པའི་རྒྱལ་མཚན་དང་མཇལ་ནས་དགེ་བསྙེན་ཞུས། དེ་ནས་རྫ་མཁན་གྱི་བུ་


CMR034_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་སྣང་བྱེད་དུ་སྐྱེས་ཏེ། སངས་རྒྱས་ཤཱཀྱ་ཐུབ་ཆེན་དང་མཇལ་ནས་བྱང་ཆུབ་སེམས་བསྐྱེད་ཞུས། དེ་ནས་བྲམ་ཟེ་རྒྱལ་པོའི་བུ་རུ་སྐྱེས་ཏེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་ཐུགས་བསྐྱེད་ཅིང་སྨོན་ལམ་ལྔ་བརྒྱ་བཏབ་པས་བྱང་ཆུབ་ཏུ་ལུང་བསྟན་ཐོབ། དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་སྐྱེས་ཏེ། སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་དོན་དམ་པའི་མཆོག་ཏུ་སེམས་བསྐྱེད་དོ། །སངས་རྒྱས་ཤཱཀྱ་ཐུབ་ཆེན་ནས་སངས་རྒྱས་ཡུལ་འཁོར་སྐྱོང་གི་བར། སངས་རྒྱས་བདུན་ཁྲི་ལྔ་སྟོང་མཆོད་ཅིང་། བསྐལ་པ་གྲངས་མེད་གཅིག་ཚོགས་བསགས། ས་དང་པོ་རབ་ཏུ་དགའ་བ་ཐོབ། སངས་རྒྱས་ལེགས་མཛད་ནས། སངས་རྒྱས་དབང་པོ་རྒྱལ་མཚན་ཐུབ་པའི་བར་དུ། སངས་རྒྱས་དྲུག་ཁྲི་དྲུག་སྟོང་མཆོད་ཅིང་། བསྐལ་པ་གྲངས་མེད་པ་གཅིག་ཏུ་ཚོགས་བསགས། ས་གཉིས་པ་དྲི་མ་མེད་པ་དང་། གསུམ་པ་འོད་འཕྲོ་བ་དང་། བཞི་པ་འོད་བྱེད་པ་དང་། ལྔ་པ་སྦྱངས་དཀའ་བ་དང་། དྲུག་པ་མངོན་དུ་ཕྱོགས་པ་དང་། ས་བདུན་པ་རིང་དུ་སོང་བའི་བར་ཐོབ། དེ་ནས་སངས་རྒྱས་མར་མེ་མཛད་ནས། སངས་རྒྱས་འོད་སྲུང་བར་དུ་སངས་རྒྱས་བདུན་ཁྲི་བདུན་


CMR034_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མཆོད་ཅིང་བསྐལ་པ་གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པས། ས་བརྒྱད་པ་མི་གཡོ་བ་དང་། དགུ་པ་ལེགས་པའི་བློ་གྲོས་དང་། ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ། དེ་ནས་དགའ་ལྡན་ལྷའི་ཡུལ་ན་དམ་པ་ཏོག་དཀར་པོར་འཁྲུངས་ནས་ལྷ་རྣམས་ལ་ཆོས་སྟོན། བྱང་ཆུབ་སེམས་དཔའ་བྱམས་མགོན་རྒྱལ་ཚབ་ཏུ་བསྐོས་ནས་འཛམ་བུའི་གླིང་འདིར་བྱོན་ཏེ་རྒྱལ་བུ་དོན་གྲུབ་ཏུ་འཁྲུངས། ཡི་གེ་དང་བཟོ་དང་རྩིས་དང་མདའ་དང་སྒྱུ་རྩལ་དྲུག་ཅུ་རྩ་གཉིས་ལ་སུས་ཀྱང་འགྲན་ཟླ་མེད་པར་གྱུར། བཙུན་མོ་སྟོང་ཁབ་ཏུ་བཞེས། སྲས་སྒྲ་གཅན་འཛིན་བཞག་སྟེ། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་ཉེ་བ་ན། དེ་ལ་སྙིང་པོ་མེད་པར་དགོངས་ནས་རབ་ཏུ་བྱུང་། ནེ་རཉྫནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད། འགོག་པའི་ཏིང་ངེ་འཛིན་ལ་ཞུགས་ནས་སྐུ་ལུས་སྐམ། དབུགས་རྒྱུ་བ་མེད་པའི་ཚུལ་བསྟན། དོན་དམ་པ་ནི་རྣམ་ཤེས་འོག་མིན་དུ་བྱོན་ནས་སངས་རྒྱས་ཏེ། རྣམ་སྣང་ཆུང་ངུའི་ཚུལ་གྱིས་ཡོ་གའི་རྒྱུད་ཐམས་ཅད་གསུངས་ཏེ། སླར་ཆུ་འགྲམ་གྱི་སྐུ་ལུས་ལ་ཞུགས་ཏེ། རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །


CMR034_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པས་གསེར་གྱི་འཁོར་ལོ་ཕུལ་ནས་ཆོས་གསུང་པར་ཞུས་པས་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལོ་བདུན་བསྐོར། དེ་ནི་འབྲས་བུ་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་ཐོབ་པའི་ཐབས་གཙོ་ཆེར་ཡིན་ཅིང་། ཉོན་མོངས་པ་སྤངས་བའི་ལམ་ཡིན། དེ་གསུངས་པས་དགྲ་བཅོམ་པ་ཁྲི་དྲུག་སྟོང་བཞི་བརྒྱ་ལ་སོགས་དཔག་ཏུ་མེད་པ་བྱུང་ངོ། །དེ་དག་གི་གཙོ་བོ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་པོ་ཡིན་ནོ། །གནས་བྱ་རྒོད་ཕུང་པོའི་རི་བོ་ལ་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སོགས་ལ། བར་པ་མཚན་ཉིད་མེད་པའི་ཆོས་ཡུམ་ལྔ་གཅིག་ཆར་དུ་གསུངས་པས། གདུལ་བྱ་སོ་སོས་རྒྱས་འབྲིང་བསྡུས་གསུམ་དུ་གོ་ཞིང་། རྗེས་ལ་འཁོར་རྣམས་དགའ་ཕྱིར་སྡུད་པ་ཚིགས་སུ་བཅད་པ་མ་ག་ཏའི་སྐད་དུ་གསུངས་སོ། །དེ་དག་གི་དོན་ནི་སྟོང་ཉིད་གཙོ་བོར་སྟོན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སོ། །དེ་གསུངས་པས་ས་ཐོབ་པ་དང་ས་ནས་སར་འཕར་བ་གྲངས་སུ་མེད་


CMR034_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཡུན་ནི་ལོ་བདུན་དང་དགུ་དང་བཅུ་གཉིས་དང་བཅུ་བདུན་བསྐོར་བར་འདོད་པ་མང་ངོ། །དེ་ནས་རྩྭ་མཆོག་དྲུང་སོགས་སུ་མྱ་ངན་འདས་ཆེན་དང་། པདྨ་དཀར་པོ་དང་། །དགོངས་པ་ངེས་འགྲེལ་སོགས་བཀའ་ཐ་མ་ངེས་པར་རྣམ་པར་འབྱེད་པའི་ཆོས་ཀྱི་འཁོར་ལོ་ལོ་ཉི་ཤུ་བསྐོར། སྟོང་ཉིད་དང་རྟེན་འབྲེལ་ཟུང་དུ་འཇུག་པ་སྟོན་ནོ། །འདི་སྐབས་ལྷ་སྲིན་སྡེ་བརྒྱད་སོ་སོའི་གནས་རྣམས་སུ་བྱ་བ་དང་སྤྱོད་པའི་རྒྱུད་མང་པོ་དང་། ལྷ་ཡུལ་དང་ཨོ་རྒྱན་ཡུལ་དུ་གསང་སྔགས་མང་པོ་གསུངས་པ་ནི་སྤྲུལ་པས་གསུངས་ཏེ། དུས་ལ་ཚད་བཟུང་དཀའ་ཞིང་། སླར་མྱ་ངན་ལས་འདའ་ཁར་འབྲས་སྤུང་གི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོ་ལ་སོགས་བླ་མེད་ཀྱི་རྒྱུད་ཉུང་ངུ་ཐམས་ཅད་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་སོ། །དེ་ལྟར་བླ་མེད་རྣམས་ནི་ཉོན་མོངས་པ་མི་སྤོང་ལམ་དུ་ཁྱེར་ནས་ཚེ་གཅིག་ལ་རྡོ་རྗེ་འཆང་ཐོབ་པའི་ཐབས་སོ། །དེ་ནས་ཐེག་པ་ཐུན་མོང་གི་རྒྱལ་ཚབ་ལ་ཉན་ཐོས་འོད་སྲུང་། ཐེག་པ་ཆེན་པོའི་རྒྱལ་ཚབ་ལ་རིགས་གསུམ་མགོན་པོ་བསྐོས་སོ། །ཁྱད་པར་གསང་སྔགས་ཀྱི་རྒྱལ་ཚབ་ཨོ་རྒྱན་རིན་པོ་ཆེ་ལུང་བསྟན་ཐུབ་པ་མྱ་ངན་ལས་འདའ་ཚུལ་བསྟན་ཏོ། །དེ་ནས་འོད་སྲུང་གིས་མངོན་པ་


CMR034_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། ཉེ་བར་འཁོར་གྱིས་འདུལ་བ་བསྡུས། ཀུན་དགའ་བོས་མདོ་སྡེ་བསྡུས། གསང་བའི་བདག་པོས་གསང་སྔགས་བསྡུས་སོ། །དེ་ཡང་བཀའ་བསྡུ་ལན་གསུམ་བྱས་པའི་དང་པོ་ལ་ཐམས་ཅད་ཀྱིས་མི་བརྗེད་པའི་གཟུངས་ཐོབ་པས་ཐུགས་ནས་འདོན་པ་ལས་ཡི་གེར་བཀོད་པ་ཆེར་མེད། དེ་ནས་གཟུངས་ཐོབ་པ་ཉུང་ངུ་སོང་བས་བཀའ་བསྡུ་གཉིས་པ་དང་གསུམ་པའི་སྐབས་སུ་གླེགས་བམ་དུ་བཀོད་དོ། །དེ་ཡང་གསང་སྔགས་རྙིང་མའི་ལུགས་ལ་མུ་སྟེགས་ཀྱི་རྒྱལ་པོ་སྟོབས་ཆེན་རྣམས་འབྱུང་བར་སྟོན་པས་ལུང་བསྟན་པས། གླེགས་བམ་སྲེག་དོགས་ནས། ཀླུའི་ཡུལ་སོགས་སུ་བཀའ་རྣམས་གཏེར་དུ་སྦས། གདུལ་བྱ་དུས་ལ་བབ་དུས་འདོན་པར་སྨོན་ལམ་བཏབ་པར་བཞེད། གསར་མའི་ལུགས་ལ་ལྷ་ཀླུས་ཐོབ་ཤ་བྱས་ཏེ། འབུམ་ཀླུས། ཉི་ཁྲི་མིས་ཐོབ། བརྒྱད་སྟོང་ལྷས་ཐོབ། ཁྲི་པ་ལྷ་མ་ཡིན་གྱིས་ཐོབ། སྡུད་པ་སའི་ལྷ་མོ། རབ་རྩལ་རྡོར་གཅོད་བྱང་སེམས་རྣམས། ཤེར་འདུས་ཉན་ཐོས་སོགས་ཀྱིས་ཐོབ་ཟེར་རོ། །གང་ལྟར་ཤེར་ཕྱིན་ཤིན་ཏུ་རྒྱས་པར་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་ཡུལ་ན་བཞུགས་སོ། །དེ་འོག་རྒྱས་པར་ཤེར་ཕྱིན་འབུམ་ཕྲག་བརྒྱ་པ་ལྷའི་


CMR034_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་གནས་ན་བཞུགས་སོ། །དེ་འོག་རྒྱས་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འདི་ཀླུའི་ཡུལ་ན་བཞུགས་སོ། །གཞན་ཐེག་ཆེན་ཐམས་ཅད་ཀྱང་སྡེ་བརྒྱད་སོ་སོའི་ཡུལ་ན་བཞུགས་སོ། །གསང་སྔགས་ཐམས་ཅད་ཨོ་རྒྱན་མཁའ་འགྲོའི་གནས་དང་ཆོས་བཟང་སྤྲིན་གྱི་ཡངས་རྫོང་དུ་སྦས་སོ། །མི་ཡུལ་དུ་ཐེག་ཆེན་དང་གསང་སྔགས་དངོས་སུ་མི་བཞུགས་སོ། །དེའི་ཚེ་ཐེག་དམན་གྲུབ་མཐའ་བཅོ་བརྒྱད་གྱེས་སོ། །དེ་ནས་གྲུབ་ཆེན་རྣམས་ཀྱིས་མདོ་སྡེ་རྣམས་དང་། སྔགས་ཀྱི་རྒྱུད་སྡེ་ཅུང་མི་ཡུལ་དུ་གདན་དྲངས་པའི་ཚེ་ན་ཉན་ཐོས་ཕལ་ཆེར་གྱིས་ཐེག་ཆེན་དང་གསང་སྔགས་བཀའ་མིན་ཞེས་སྐུར་པ་བཏབ་པ་ལ་བརྟེན་ནས། རྒྱལ་ཚབ་བྱམས་པས་མདོ་སྡེ་རྒྱན་དུ་ཐེག་ཆེན་བཀའ་ཡིན་པར་སྒྲུབ་པ་ཡང་དེའི་ཕྱིར་རོ། །དེ་ནས་མུ་སྟེགས་སྤྲང་པོ་ཉི་མས་ཉི་མ་བསྒྲུབས་ནས། མིག་ནས་མེ་འབར་བས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་བསྲེགས་པས། བཀའ་ཕལ་ཆེར་ཚིག་ནས་རབས་ཆད། ཉི་ཟླ་གཟས་འཛིན་དང་མངོན་པའི་སྐོར་ཨོ་རྒྱན་རིན་པོ་ཆེ་མེའི་ནང་དུ་བྱོན་ནས་ལོན། དུ་བ་མཚོ་ལ་ཕོག་པས་ཀླུའི་རྒྱལ་པོ་བཏང་བཟུང་ནད་ཀྱིས་ཐེབས་པས། ཆེར་མ་བབ་སྟེ་འཛམ་བུའི་གླིང་དུ་ལོ་བཅུ་གཉིས་སུ་ས་


CMR034_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་མུ་གེ་བྱུང་། དེ་དུས་ཀླུའི་རྒྱལ་པོ་དུང་སྐྱོང་འོང་ནས་སྨན་པ་འཚོ་བྱེད་གཞོན་ནུའི་བུ་ཀླུ་སྒྲུབ་སྙིང་པོ་ཀླུ་ཡུལ་དུ་གདན་དྲངས་ཏེ། ཀླུའི་ནད་བསལ། གཏང་རག་ཏུ་རིན་པོ་ཆེ་སྣ་ཚོགས་ཕུལ་བ་མ་བཞེས་ནས་འབུམ་འདི་ཕུལ་གསུངས་པ་ལ། གླེགས་བམ་ཀླུའི་མཆོད་གནས་སུ་མཁོ་བས། ཁྱེད་གཟུངས་ཐོབ་པས་བཟུང་བའི་དཔེ་འབུལ་སྲོག་རིན་ཡིན་ཞེས་ཟེར་ནས། ཞབས་སྡུམ་མ་གཏོགས་ཕུལ་བ་སློབ་དཔོན་ཐུགས་ལ་བཟུང་ནས། ཞབས་སྡུམ་ནི་ད་རུང་རྗེས་ནས་འབྱོན་པའི་ཆེད་དུ་མ་ཕུལ་ལོ། །དེ་ནས་ཀླུ་སྒྲུབ་ཀྱིས་མི་ཡུལ་དུ་ཡི་གེར་བཀོད་པ་ལ། ཉན་ཐོས་སན་དྷ་པ་རྣམས་ན་རེ་འདི་བཀའ་མ་ཡིན། ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཡིན་ཞེས་སྐུར་པ་བཏབ་བོ། །ཀླུ་སྒྲུབ་ལ་ཡང་སྐུར་པ་བཏབ་མོད་ཀྱི། ཀླུ་སྒྲུབ་ནི་མདོ་སྡེ་བཅུ་གཉིས་ནས་ལུང་བསྟན། སྟོན་པ་གཉིས་པ་ལྟ་བུ་ཡིན། འབུམ་ཀླུ་ཡུལ་དུ་ལོ་ཉིས་བརྒྱ་དང་བཞི་བཅུ་བཞུགས་སྐད་དོ། །དོན་ལ་འབུམ་ཀླུ་ཡུལ་ནས་གཏེར་ནས་བཏོན་པ་སྟེ། བཀའ་ཕལ་ཆེར་གཏེར་དུ་མ་སོང་བ་མེད། གཏེར་དུ་མ་སོང་བའི། བཀའ་ཕལ་ཆེར་མུ་སྟེགས་པས་བསྲེགས་ནས་བསྣུབ་བོ། །དེ་ནས་འབུམ་གྱི་ཞབས་སྡུམ་སྤྱན་


CMR034_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་ལ་ཀླུ་སྒྲུབ་འབྱོན་པར་ཞུས་པ་ལ། དེར་བྱོན་ན་སྐུ་ཚེ་ལ་བར་ཆད་འོང་བ་དང་། ཞབས་སྡུམ་དེ་ཡང་ཉི་ཁྲིའི་ཞབས་སྡུམ་དང་ཚིག་དོན་གཅིག་པར་མངོན་པར་ཤེས་པས་མཁྱེན་ནས་མ་བྱོན་ནོ། །རྣམ་པ་གཅིག་ཏུ་ན་ཚིག་ཤོ་ལོ་ཀ་འབུམ་དུ་ཚང་བ་དང་། དོན་ཆོས་ཉིད་མི་འགྱུར་བས་ལེའུ་ཡོད་པས་དོན་ཚང་བར་འགྱུར་རེ་སྐན་ཡོད་པས་ཚིག་ཚང་བ་སྟེ། དོན་ལ་མ་ཚང་བ་ཡང་མེད་པར་གསུངས་སོ། །དེ་ལ་བློ་གྲོས་མི་ཟད་པ་དང་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཉིས་ཀྱི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཡབ་སྲས་དང་དབུ་མ་རྣམ་པ་གཉིས་ཀྱི་བཀའ་བར་པ་འདི་རྣམས་ངེས་པའི་དོན་བཞེད། ཐོག་མེད་སྐུ་མཆེད་སོགས་སེམས་ཙམ་པ་རྣམས་ཀྱིས། མདོ་སྡེ་དགོངས་པ་ངེས་འགྲེལ་དང་མྱ་ངན་ལས་འདས་པ་སོགས་ཀྱི་རྗེས་སུ་འབྲངས་ནས། བཀའ་དང་པོ་དང་བར་པ་གཉིས་དྲང་དོན་དང་། བཀའ་ཐ་མ་ངེས་དོན་དུ་བཞེད་དོ། །བཀའ་བར་པའི་སྐོར་དེང་སང་མི་ཡུལ་དུ་བཞུགས་པ་ལ། མངོན་པར་རྟོགས་པ་བརྒྱད་ཀྱི་དོན་སྟོན་པའི་ཡུམ་དྲུག །དོན་དམ་པའི་སྟོང་ཉིད་དང་རྣམ་ཐར་སྒོ་གསུམ་གཙོ་བོར་སྟོན་པའི་སྲས་བཅུ་གཅིག་སྟེ། སྟོང་ཕྲག་བརྒྱ་པ། ཉི་ཁྲི་ལྔ་སྟོང་པ་ཉི་ཤུ་ལྔ་པ་དང་།


CMR034_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་དང་དྲུག་ལ་ཡུམ་དྲུག་ཟེར། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཤེར་ཕྱིན་ལྔ་བརྒྱ་དང་། རྡོ་རྗེ་གཅོད་པ། ཚུལ་བརྒྱ་ལྔ་བཅུ་པ། ཀོའུ་ཤི་ཀའི་མདོ། སྒོ་ཉི་ཤུ་རྩ་ལྔ་པ། ལྔ་བཅུ་པ། ཤེས་རབ་སྙིང་པོ། ཡི་གེ་ཉུང་ངུ་པ། ཡི་གེ་གཅིག་མ། ཤེར་ཕྱིན་བདུན་པ་དང་བཅུ་གཅིག་པ་ནི་སྲས་སོ། །དེ་ལྟར་ཡུམ་སྲས་བཅུ་བདུན་ཡིན་ནོ། དེ་དག་གི་དགོངས་འགྲེལ་བསྟན་ཆོས་ཀྱི་རྒྱ་གཞུང་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་བདུན་ཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག །ཐ་སྙད་གྲུབ་པ་དང་དྲུག་མཛད་དེ། དབུ་མ་རིགས་པའི་ཚོགས་དྲུག་གོ །དེ་དག་གི་དོན་འགྲེལ་ཨཱཿརྱ་དེ་བས་བཞི་བརྒྱ་པ། ཟླ་གྲགས་ཀྱིས་འཇུག་པ་སོགས་མང་དུ་མཛད། བྱམས་པས་བྱམས་ཆོས་སྡེ་ལྔ། སེང་གེ་བཟང་པོས་དོན་གསལ་སོགས་བདུན་བོད་དུ་བསྒྱུར། འབུམ་གྱི་འགྲེལ་པ་བདུན་ཅུ་རྩ་བརྒྱད་པ་དཀྵ་སེ་ནས་མཛད་པ་ཁ་ཅིག་གིས་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པར་འདོད་པ་དང་། འབུམ་གྱི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་དང་། ཁ་ཆེ་དྷརྨ་


CMR034_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིས་མཛད་པ་དང་། ཇོ་བོ་སྨྲི་ཏི་ཤྲཱིས་མཛད་པ་དང་འབུམ་ལ་འགྲེལ་པ་བཞི་ཡོད་དོ། །ཉི་ཁྲིའི་འགྲེལ་པ་འཕགས་པ་སྡོང་སྡེས་མཛད་པ། བཙུན་པ་གྲོལ་སྡེས་མཛད་པ། སེང་གེ་བཟང་པོས་མཛད་པ། ཤན་ཏི་པས་མཛད་པ་དང་བཞི་ཡོད། བརྒྱད་སྟོང་པ་ལ། སེང་གེ་བཟང་པོ་དང་། ཤཱནྟི་པ་དང་། འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་དང་འགྲེལ་ཆེན་གསུམ། ཕྱོགས་ཀྱི་གླང་པོའི་འགྲེལ་པ། དེའི་འགྲེལ་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ་ཡན་རྗེས་སུ་འབྲང་བའི་འགྲེལ་པ་ཡོད་དོ། །མདོར་ན་བཀའ་བར་པའི་དགོངས་འགྲེལ་ཕར་ཕྱིན་སྐོར་ལ་སུམ་ཅུ་རྩ་དྲུག །དབུ་མའི་སྐོར་ལ་དྲུག་ཅུ་རྩ་གཉིས། སྤྱོད་འཇུག་སྐོར་ལ་བཅུ་སྟེ། བརྒྱ་དང་བརྒྱད་བོད་དུ་འགྱུར་བ་ཕལ་ཆེར་བསྟན་ཆོས་ནང་དུ་བཞུགས་སོ། །དེ་དག་ལ་བརྟེན་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཊིཀ་དང་། སྤྱི་དོན་དང་། ཐལ་ཕྲེང་དང་། འབྲུ་འབྱོར་དང་། ཁྲིད་ཡིག་དཔག་མེད་མཛད་དོ། དེ་ནས་བོད་དུ་བསྒྱུར་ཚུལ་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཐོན་མི་སམ་བྷྱོ་ཊས་ཤེས་རབ་སྙིང་པོ་སོགས་ཅུང་ཟད་བསྒྱུར། རྒྱལ་པོ་མེས་ཨག་ཚོམ་རིང་ལ་རྒྱལ་པོ་མདོ་ལྟར་གྲགས་


CMR034_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒྱུར་རོ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རིང་ལ་དང་པོ་རྒྱལ་པོ་མདོ་བཅུ་སོགས་བསྒྱུར། བཻ་རོ་ཙ་ནས་དང་པོ་བརྒྱད་སྟོང་ཐུགས་ལ་བཟུང་ནས་བྱོན་པས། བེ་རོ་ཙ་ནའི་ཐུགས་འགྱུར་དུ་གྲགས། དེ་བཞིན་དུ་ལོ་ཆེན་ལོ་ཆུང་བཞི། སྤྱིར་ལོ་ཙཱ་ཤེས་པ་བརྒྱ་དང་རྩ་བརྒྱད་བྱོན་པས་མདོ་རྒྱུད་དཔག་མེད་བསྒྱུར། མཁས་པ་བརྒྱ་རྩ་བརྒྱད་བོད་དུ་སྤྱན་དྲངས་ནས་མང་དུ་བསྒྱུར་ཀྱང་རུང་། འབུམ་ནི་འགྱུར་མ་ཐུབ་ནས་ལུས་པས། དུས་ཕྱིས་ལོ་ཙཱ་བ་གཉག་ཁམས་པ་གོ་ཆ་ཞེས་མི་བརྗེད་པའི་གཟུངས་ཐོབ་པ་ལ་གསེར་མང་དུ་བསྐུར་ནས་རྒྱ་གར་དུ་བརྗེ་ངས། ཁོང་གིས་ཚར་གཅིག་གཉིས་བཏོན་ནས་ཐུགས་ལ་ཟིན་ནས་ཀློག་ཅིང་བྱོན་པས། པོ་ཏི་སྐེ་རགས་ཟེར་བ་དེ་ནས་བྱུང་། རྒྱལ་པོས་འབུམ་གར་ཡོད་ཅི་ཉེས་གསུངས་པས། བདག་དར་མ་ལགས་སོ་ཞེས་ཁ་ཐོན་མཛད་བཙུན་མོ་ཤི་བའི་ཁྲག་དང་མཚལ་དང་ར་འོ་སྦྱར་ནས་བཞི་དུམ་པ་བྱས་ནས་བྲིས་པ་ར་ཟི་མང་པོའི་མིང་ཐོགས། ད་ལྟ་ཡང་ཐུགས་འགྱུར་དེ་དབུས་རུ་ན་མང་དུ་ཡོད་སྐད། ཐུགས་འགྱུར་དེ་ལ་ཐུགས་མ་ཆེས་ནས། རྒྱལ་པོས་རྒྱ་བོད་མཚམས་བར་གདན་དྲངས་པའི་རྒྱ་དཔེ་ལ་ཞུ་དག་བྱས་པས་མ་གཅིག་ཆད་པ་


CMR034_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་ཀོར། ས་གཅིག་ཆད་པ་ས་བཏགས་སུ་སྣང་བས། ཁམས་པ་གོ་ཆ་ལ་དར་མ་གོ་ཆར་བཏགས་ཏེ་ཡིད་ཆེས། སླར་ཡང་བོད་འབངས་ལ་གསེར་ཁྲལ་བསྡུས་ནས། ཉང་ཨ་ཙརྱ་ཨ་རོ་དང་། སྦས་མཉྫབྲི་གཉིས་ལ་གསེར་བྲེ་གང་བསྐུར་ནས་འབུམ་གདན་འདྲེན་ལ་བཏང་བས། རྒྱ་གར་ནས་རྒྱ་དཔེ་བླངས་པས་བབ་མཚན་ཐོག །དེ་ལ་དཔེ་བྱས་རམ་དང་རའོ་སྦྱར་ནས་བྲིས་པས་ར་ཟི་སྔོན་པོ་ཟེར། སྐུ་ཆིངས་མེད་པར་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་ཟེར། དེ་ཡང་བཞི་དུམ་པ་ཡིན། དེ་ནས་པ་གོར་བེ་རོ་ཙ་ནས་ལྕགས་ཐུར་ཅན་དང་རྒྱ་དཔེ་བསྟུན་ནས་ཞུ་ཆེན་མཛད་པས། དྲུག་དུམ་པ་གཅིག་བཞེངས་ནས་སྔར་ལས་འགྱུར་རྒྱས་པ་གཅིག་བྱུང་སྟེ། གླེགས་ཤིང་ལ་མཚན་ཐོག་པ་རྒྱལ་པོའི་ཐུགས་དམ་སྤར་ཁབ་ཅན་ཞེས་གྲགས་ཏེ། བླ་འགྱུར་འབྲིང་པོ་ཡིན་ཅིང་། དེ་བཞུགས་པའི་ལོགས་ལ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་ཡང་ཟེར། ལྕེ་ཁྱི་འབྲུག་དང་ཡེ་ཤེས་སྡེས་ཀྱང་བསྒྱུར་སྐད། དེ་ནས་མངའ་བདག་ཁྲི་རལ་གྱིས་པཎ་གྲུབ་མང་དུ་སྤྱན་དྲངས། བཀའ་བསྟན་ཆོས་རྣམས་ཞུ་ཆེན་མཛད། ཕར་ཕྱིན་སྐོར་རྣམས་རྒྱལ་བུ་སིརྒྱ་ནི་དྷ་ར་སུ་ལན་བོ་དྷི་དང་། ལོ་ཙཱ་སྐ་ཅོག་


CMR034_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོགས་ཀྱིས་འཕེན་ཡུལ་སྨད་ཀྱི་ཀ་བ་ན་ལ་ཆན་སཾ་སྐྲྀ་ཏའི་སྐད་དང་སྦྱར་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། ཕར་ཕྱིན་སྐོར་ཞུ་ཆེན་མཛད་པས་བླ་འགྱུར་ཆེན་མོ་ཞེས་བྱ་བར་གྱུར། དུམ་པ་དྲུག་པ་སྟེ་ན་བཟའ་ལས་མཚན་ཐོག་པ་ན་ཤ་སྒྲོ་ཅན་ནོ། །ཕྱིས་རྔོག་ལོ་ཙཱ་བ་ཆེན་པོས་བསམ་ཡས་ཀྱི་རྒྱ་དཔེ་དང་ལྕགས་ཐུར་ཅན་ལ་གཟིགས་ནས་གསར་འགྱུར་དང་ཧོར་སྐད་མང་པོ་བསབས་ཏེ་འགྱུར་ཤིན་ཏུ་རྒྱས་པའོ། །ཡང་ལོ་ཆེན་རིན་ཆེན་བཟང་པོས་སྔར་གྱི་ཆད་ལྷག་གི་ཧོར་སྐད་མང་པོ་བསབས་པས་རྒྱས་པ་ཆེན་པོ་བྱུང་ངོ། །དེ་ལ་དང་པོ་མཁས་པ་གོ་ཆའི་ཐུགས་འགྱུར་ར་ཟི་དམར་པོ་ལ་རྒྱ་སྐད་ལ་ཊིཀ་ཡོད་དོ། །ཉང་ཨ་ཙརྱ་ཨ་རོ་དང་། སྦས་མཉྫཤྲཱི་གཉིས་ཀྱི་འགྱུར་ར་ཟི་སྔོན་པོ་ལ་རྒྱ་སྐད་ལ་ཊིཀ་མེད་པའོ། །བེ་རོ་ཙཱ་ནའི་འགྱུར་སྤར་ཁབ་ཅན་ལ། ལེའུ་ཐམས་ཅད་ཀྱི་དབུ་ལ་རྒྱ་སྐད་ལ་ཨཅུ་དང་། བོད་སྐད་ལ་འཕགས་པ་ཡོད་དོ། །མཚན་གྱི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་དང་། མ་དམྱའ་དང་ད་དྲག་མེད་པ་རྔོག་འགྱུར་རོ། །དེ་ཡང་ཁྲི་སྲོང་ལྡེའུ་བཙན་དུས་བཞི་དུམ་


CMR034_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁྲི་རལ་དུས་དྲུག་དུམ་པ། དེ་ནས་བརྒྱ་དང་བཅུ་གཉིས་དང་བཅུ་བཞི་བཅོ་བརྒྱད་དུམ་པོ་ཡང་བྱས་སོ། །དེ་ཡང་སྔར་རྒྱལ་པོའི་དུས་གཞན་ལ་མེད་པ་རྒྱལ་པོའི་ཁྱད་འདོན་གྱི་ཆོས་ཡིན་པས། ཕལ་ཆེར་ལ་བཞེད་དབང་མེད་པས་དབུས་གཙང་ལ་འབུམ་ཆ་བཅུ་དྲུག་ལས་མེད་སྐད། དེའི་ནང་ནས་རུ་མཚམས་ཀྱི་གཙང་རྡོར་རྡོར་ཅང་འབུམ་བཞི་དུམ་པ་གཅིག་ཡོད་པ་ཁམས་སུ་ཕྱིན་ཏེ། གཙང་རུ་མཚམས་ལ་སྟོད་བྱང་ནས་བོད་ཆོས་རྒྱལ་གྱི་གདུང་རྒྱུད་འགའ་རེ་ཁམས་སུ་བྱོན་པས་གདན་དྲངས་པ་འདྲའོ། །དེའི་རྒྱུད་ཤར་ཙོང་ཁ་རྒྱལ་པོ་དང་ངོམ་པ་ཡིན་སྐད་དོ། །འབུམ་དེ་དང་སྔར་བོད་ཆོས་རྒྱལ་དུས་བཞག་པའི་འདོན་གླང་ཐང་སྒྲོན་མ་ན་འབུམ་ཞལ་དམར་ཅན་བྱ་བ་དང་། དེ་གཉིས་ལ་དཔེ་བྱས་ནས་འབུམ་ཆ་གཅིག་བཞེངས་ནས་དྲེལ་ལ་བཀལ་ནས་དབུས་གཙང་གི་འབུམ་ཆ་བཅུ་དྲུག་ཐམས་ཅད་ལ་ཞུ་དག་བྱས་པས་གཙང་རྡོར་གྱིས་ཚུལ་གྱི་འབུམ་དེ་དག་ཅིང་འགྱུར་རྒྱས་ཤོས་ཡིན་སྐད་དོ། །དེ་ནས་དབུས་གཙང་ནི་དྲུག་ཅུ་རྩ་ལྔ་ཙམ་འཕེལ། དེ་ནས་མང་དུ་འཕེལ་ལོ། །དེ་ཡང་ཡུམ་སྲས་ཀྱི་མདོ་སྡེ་དུ་མ་ནས། མ་འོངས་པ་ན་བྱང་ཕྱོགས་རྒྱུད་དུ་རྒྱལ་ཡུམ་རྒྱས་པར་འགྱུར་ཞེས་ཡང་


CMR034_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུང་བསྟན་པ་ལྟར་ཤེར་ཕྱིན་བོད་དུ་རྒྱས་ཏེ། སྲོང་བཙན་སྒམ་པོ་ནས་རྔོག་ལོ་དང་རིན་ཆེན་བཟང་པོའི་བར་དུ་ཡང་ཡང་བསྒྱུར་ཞིང་ཞུ་དག་བྱས་ཏེ། ཆེར་མ་འཕེལ་ལོ། །མདོ་ཏིང་ངེ་འཛིན་གསུངས་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ཟབ་མོ་འདི་མ་འོངས་པ་ན་སུ་ཡིས་འཛིན། ཞེས་གསུངས་པའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུའི་མ་འོངས་པ་ན་ལུས་དང་སྲོག་ལ་མི་ལྟ་བར་འཛིན་པར་དམ་བཅས། དེའི་ཚེ་དགེ་སློང་བརྒྱད་ཁྲིས་ཀྱང་བྱང་ཕྱོགས་རི་བྲག་ཚང་ཚིང་ཅན་ན་དགེ་སློང་འཚོ་མཛད་ཅེས་བྱ་བ་བུ་ལྔ་བརྒྱ་ལས་མི་ཉུང་བ་འབྱུང་སྟེ། ཕར་ཕྱིན་གྱི་ཏིང་ངེ་འཛིན་ཟབ་མོ་འདི་རྒྱ་ཆེར་སྟོན་པར་འགྱུར་ཞེས་ལུང་བསྟན་པ་ལྟར། མཉམ་མེད་དྭགས་པོ་ལྷ་རྗེས་ཡུམ་དོན་འདི་ཇི་ལྟར་རྟོགས་ནས་དོན་ཤེར་ཕྱིན་འདི་ལ་གསང་སྔགས་ཕྱག་ཆེན་གྱིས་མཚན་པ་གསོལ་ནས་ཐམས་ཅད་ལ་ཤེར་ཕྱིན་གྱི་དོན་བཤད་པས། ཤེར་ཕྱིན་གྱི་དོན་བསྒོམས་ཤིང་སྒྲུབ་པ་བསྟན་པ་སྟེ། ད་ལྟའི་བར་དུ་འཕེལ་ལོ། །བློ་ལྡན་ལོ་ཧི་ཏ་ལས་གཞན། ཞེས་སོགས་རྔོག་ལོ་ཆེན་པོ་འཇམ་དབྱངས་ཀྱི་སྤྲུལ་པ་དེས་ཤེར་ཕྱིན་འཆད་ཉན་གྱི་བསྟན་པ་བཙུགས་ཏེ། གསང་


CMR034_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྨ་བྱ་སྨྲ་བའི་སེང་གེ །གཙང་ནག་མིའི་སེང་གེ །ཆ་པ་ཆོས་བྱེད་ཀྱི་སེང་གེ་ལ་སོགས་པ་སེང་གེ་བརྒྱད་དང་། ཀུན་མཁྱེན་གཡག་རོང་རྣམ་གཉིས་སོགས་ནས་བཟུང་། ས་དགེ་ཀར་འབྲུག་སོགས་ལ་ཕར་ཕྱིན་གྱི་བཤད་གྲྭ་ཆེན་མོ་དུ་མ་དེང་སང་གི་བར་དུ་འཕེལ་ལོ། །རྒྱལ་པོ་ཁྲི་སྲོང་གི་ཐུགས་དམ་ར་ཟི་དམར་སྔོ་ནས་བཟུང་སྟེ་མང་དུ་འཕེལ། བར་སྐབས་སུ་བྲི་བའི་བསྟན་པ་བྱུང་སྟེ། དབུས་པ་བློ་གསལ་གྱི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བྲིས་པ་ནས་བཟུང་སྟེ། རབ་བཀའ་བསྟན་འགྱུར། འབྲིང་གིས་རྒྱས་འབྲིང་རྣམ་གསུམ། ཐ་མ་བ་མ་དོར་མདོ་མ་བཞེངས་ན་མི་གྲལ་དུ་མི་ཚུད་པ་བྱུང་སྐད། ད་ནི་བསྒོམ་པ་དང་བྲི་བ་དང་བཤད་པའི་བསྟན་པ་ཅུང་ཟད་ཉམས་ནས། འདོན་པའི་བསྟན་པ་དར་སྐབས་སུ་སྣང་ངོ། །དེ་ཡང་མཁས་པ་གོ་ཆས། འབུམ་འདི་བྱང་ཕྱོགས་ཁ་བ་ཅན་དུ་རྒྱས་པར་འགྱུར་རོ། །ཐ་མར་བོད་དུ་བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་དར་དྲག་ལ་མ་སྨིན་པ་ཞིག་སྣང་ངོ། །ཞེས་ལུང་བསྟན་པ་ལྟར་དེང་སང་བོད་དུ་འབུམ་འདི་དར་སྲོལ་ཆེ་ན་ཡང་། འདིའི་ཚིག་གི་ཆ་བཤད་པ་མཐར་ཕྱིན་པ་ཤིན་ཏུ་དཀོན། དོན་གྱི་ཆ་འདིའི་རྟོགས་པ་རྒྱུད་ལ་སྐྱེས་པ་དེ་བས་ཀྱང་


CMR034_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་ནོ། སྤྱིར་མདོ་སྡེ་ཤོ་ལོ་ཀ་འབུམ་བློ་ནས་ཐོན་པ་མདོ་སྡེ་འཛིན་པ། འདུལ་བ་ཤོ་ལོ་ཀ་འབུམ་བློ་ནས་ཐོན་ན་འདུལ་བ་འཛིན་པ། མངོན་པ་ཤོ་ལོ་ཀ་འབུམ་བློ་ནས་ཐོན་པ་མ་མོ་འཛིན་པ། དེ་གསུམ་ཀ་བློ་ནས་ཐོན་པ་སྡེ་སྣོད་འཛིན་པ་སྟེ། དེ་ལྟ་བུའི་དགེ་སློང་ནི་བསྟན་པའི་གསལ་བྱེད་ཡིན་པས་དགེ་འདུན་གྱི་སྡེ་ཆེན་པོས་ཀྱང་བསུ་བར་སེར་ཕྲེང་བྱེད་དགོས་པར་བཤད་ལ། བོད་དུ་མཁས་པ་གོ་ཆ་ནས་བཟུང་སྟེ། འབུམ་རམ་པ་དང་འདུལ་འཛིན་མང་དུ་བྱོན་ཅིང་། དུས་ཕྱིས་ཐུབ་བསྟན་ཉིན་གླིང་དུ་རྒྱས་འབྲིང་གསུམ་ཐུགས་ལ་མངའ་བ། འབུམ་རམ་པ་ཚེ་འཕེལ། འབུམ་རམ་པ་ཀརྨ་ལྷ་རྒྱལ། འབུམ་རམ་པ་གསལ་བྱེད། འདུལ་ལུང་བློ་ལ་བཞུགས་པ་ཆོས་མཛད། དཔེལ་དམར་བ། གནམ་རུ་ཆོས་མཛད་སོགས་བྱོན་ནོ། །དེ་ཡང་བོད་དུ་མཁས་པ་གོ་ཆས་འབུམ་བློ་ལ་བཞུགས་པ། ཚིག་དོན་ཐམས་ཅད་ཐུགས་ལ་བཞུགས་པ་བདེན་ནམ་མི་བདེན་བརྟགས་པའི་ཆེད་དུ། ལྷ་ཚངས་པ་དང་ཁྱབ་འཇུག་གཉིས་འོངས་ནས་ཚེག་དང་ཤད་དུ་ཡོད་ཀྱི་དྲི་བ་མང་པོ་བྱས་སོ། །དེའི་དོན་བསྡུས་ཏེ་བཤད་ན། ཡུམ་སྟོང་ཕྲག་བརྒྱ་པ་འདི་གནས་ཕུན་སུམ་ཚོགས་པ་བྱ་རྒོད་


CMR034_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་རིར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའི་འཁོར་རྣམ་བཞི་ལ། དུས་མྱ་ངན་ལས་འདས་པ་འདའ་ཁ་མན་གསུངས། དགོས་པ་སེམས་ཅན་ཐམས་ཅད་རྣམ་མཁྱེན་ཐོབ་ཕྱིར་རོ། །འབུམ་འདི་ལ་བམ་པོ་སུམ་བརྒྱ་ཡོད། ལེའུ་བདུན་ཅུ་རྩ་གཉིས་ཡོད། ཚིག་རྐང་སྟོང་ཕྲག་བརྒྱ། ཞུས་བརྒྱ་ཉི་ཤུ། །རྣམ་གྲངས་བཅུ་གཉིས། འགྲེས་རྐང་བརྒྱ་རྩ་བརྒྱད་ཡོད། ཤད་བཞི་ཁྲི་བཞི་འབུམ་ཡོད། ཚེག་བྱེ་བ་བཞི་དང་འབུམ་ཚོ་བཞི་ཡོད། གཟུགས་ནས་རྒ་ཤི་ཡན་ཆད་འཁོར་བའི་འགྲེས། སྦྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་མྱ་ངན་ལས་འདས་པའི་འགྲེས། སྦྱིན་པའི་ཕར་ཕྱིན་ནས་ཡེ་ཤེས་ཀྱི་ཕར་ཕྱིན་བར་ནི་ཕ་རོལ་ཏུ་ཕྱིན་པའི་འགྲེས། ཕྱོགས་ཀྱི་འགྲེས་ནི་གླིང་བཞི་ཕྱོགས་བསྐོར། དཔའ་བར་འགྲོ་བ་ནས་གོས་པ་མེད་པའི་བར་ནི་ཏིང་འཛིན་གྱི་འགྲེས་ཏེ། ཏིང་ངེ་འཛིན་བརྒྱ་དང་བརྒྱད་ཅུ་ཡོད། ས་ཆེན་པོ་རབ་ཏུ་གཡོ་བ་ནས་ལྟས་ཆེན་པོ་བཅོ་བརྒྱད་བསྟན་པ་ནི་ཆོ་འཕྲུལ་བསྟན་པའི་འགྲེས་ཡིན། བྲིས་པ་དང་ཀློག་པ་དང་ཞེས་པ་བསོད་ནམས་ཆོས་སྤྱོད་ཀྱི་འདྲེས་ཡིན། ནོར་བུ་དང་ཉི་ཟླ་དང་མུན་ལོང་དང་བུད་


CMR034_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སོགས་པ་དཔེ་བརྒྱ་དང་བརྒྱད་ཅུ་ཡོད་པ་ནི་མཚོན་པའི་དཔེ་ཡིན། དོན་དང་ལྡན་པའི་ཡི་གེ་ནི་ཡི་གེ་བཞི་བཅུ་རྩ་གཉིས་ཡིན། ཚིགས་སུ་བཅད་པ་གཅིག་ཡོད་པ་ཞི་བའི་བློ་གྲོས་ཚིག་ཟླ་མེད་ཅིག་ཡོད་པ་ནི་ཕུབ་མ་སྤར་གང་། སྟོན་པ་ཟླ་མེད་ཤཱཀྱ་ཐུབ་པ། འཁོར་ཟླ་མེད་ཀུན་དགའ་བོ། དོན་ཟླ་མེད་སྟོང་ཉིད་བཅོ་བརྒྱད། སྔོན་བྱུང་བ་བསྟན་པ་ནི་ཐུབ་པའི་སྔོན་བྱུང་གངྒཱའི་ལྷ་མོའི་སྔོན་བྱུང་ངོ། །གཏམ་རྒྱུད་ནི་ཆོས་འཕགས་དང་རྟག་ཏུ་ངུའི་གཏམ་རྒྱུད་གཉིས་སོ། །།སྐབས་ནི་བརྒྱད་པའོ། །ལམ་ནི་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལྔ། ས་ནི་བཅུ། ས་ལ་བསྟན་པ་ནི་བཅུ་གསུམ་རྡོ་རྗེ་འཛིན་གྱི་སའོ། །རྒྱལ་པོ་མེད་པའི་ཁྲིམས་གཏམ་ནི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའོ། །ཆོས་རྣམ་བཞི་ནི། ཆོས་རྣམས་སྔོན་གྱི་མཐའ་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཆོས་བཞི་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ།། གསོལ་པ། བཅོམ་ལྡན་འདས་དེ་ལྟར་མ་ལགས་སོ། །ཆོས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་རྣམ་བཞིའོ། །


CMR034_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཅི་ཞིག་ཅི་ཡི་ཕྱིར་ནི་དག་གི་གུ་བདུན་བརྩེགས་ཡིན། ཅིའི་ཕྱིར་ན་ལྕེ་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་མི་མཉམ་པ་དང་མཉམ་པ་ལ་སོགས་པ་ལུས་ཡིད་གཟུགས་སྒྲ་དྲི་རོ་སོགས་གི་གུ་དྲུག་ཅུ་རྩ་གཉིས་ཡིན་ནོ། །ཕ་ཁོར་ཉལ་ནི། བདག་གི་ཕ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཡིན་ནོ། །མ་སྨྲས་པ་ནི་རྨ་མ་བྱུང་བར་མི་འགྱུར་ཞིང་ཞེས་པའོ། །བོན་པོ་མེད་པའི་བསྲོ་ནི་ངལ་བསྲོ་བའི་གཟུགས་ཀྱང་རུང་ཟེར་རོ། །མཆིལ་པ་མེད་པའི་གཅིག་གཅིག་ནི། གཅིག་ལ་གཅིག་གོ་ཟེར་རོ། །འཁོར་བའི་འགྲེས་དྲུག་ནི་གསོལ་བཅོམ་འགྲེས་དྲུག །མྱ་ངན་ལས་འདས་པའི་འགྲེས་བཅོ་བརྒྱད་ནི་ལྷ་རབས་ཡིན་ནོ། །དེ་ནས་འགྱུར་རྒྱས་བསྡུས་ཀྱི་ཁྱད་ལ། སྔར་གྱི་འགྱུར་རྙིང་ལ། ༼ཀ༽ པའི་བམ་པོ་གསུམ་པ་ནས་ཡོངས་སུ་རྫོགས་པའི་འགྲེས་ལ། འཕགས་པའི་བདེན་པ་ལ་འཕྲེང་གཅིག་ཆད། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཆད་དོ། །དེ་རྔོག་འགྱུར་ལ་བཙུད་ནས་ཡོད། ༼ཁ༽ པའི་བམ་པོ་གཉིས་པ་ནས་མཚན་མ་མེད་པའི་འགྲེས་ལ་སའི་ཁམས་ནས་རྒ་ཤིའི་བར་དུ་ཆད། གཙང་འབུམ་ལ་ཚང་བར་ཡོད། ༼ག༽ པའི་བམ་པོ་གཉིས་


CMR034_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་རློམས་སེམས་རིང་མོའི་འགྲེས་ལ་ཕར་ཕྱིན་དྲུག་ཆད། བམ་པོ་གསུམ་པ་ནས་གཟུགས་ནི་བདག་གམ་བདག་གིས་སྟོང་ཞེས་བྱ་བ་ལ་ཕུང་ལྔ་ཆད། ༼་པའི་བམ་པོ་བཅུ་པ་ནས་རྣམ་པར་དག་པའི་འགྲེས་ལ་ཤཱ་རིའི་བུ་དྲུག་ཆད། ༼ཏ༽ པའི་བམ་པོ་ཉེར་གཅིག་པ་ནས་ངང་ཚུལ་འདྲེས་ལ་ཡིད་ནས་རྒ་ཤིའི་བར་ཆད། ༼ཐ༽ པ་ལ་བམ་པོ་བཅུ་པ་ནས་སྟོང་ཉིད་བཅོ་བརྒྱད་ཆད། ༼ད༽ པ་ལ་བམ་པོ་གསུམ་པ་ནས་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཆད། ༼ཨ༽ པ་ལ་བམ་པོ་དྲུག་པ་ནས་བྱིས་པ་སོ་སོའི་སྐྱེ་བོ་དང་། མངོན་པར་ཤེས་པ་དྲུག་དང་ཡོངས་སུ་ཤེས་པ་དང་། དྲན་པ་ཉེ་བར་བཞག་པ་དང་། བཞི་བཅུ་རྩ་གཉིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྣན་པ་ཡིན་སྐད། དེ་ལྟར་རྒྱས་འབྲིང་རྣམ་གསུམ་འདི་སྔོན་རྣམ་སྣང་གི་སྤྲུལ་པ་བེ་རོ་ཙཱ་ན་དང་། སྤྲུལ་པའི་ལོ་ཙཱ་སྐ་ཅོག་རྣམ་གཉིས་དང་། ཕྱིས་འཇམ་དབྱངས་ཀྱི་སྤྲུལ་པ་རྔོག་ལོ་ཆེན་དང་། འཇམ་དབྱངས་དངོས་དང་དབྱེར་མེད་པ་ལོ་ཆེན་རིན་ཆེན་བཟང་པོས། འགྱུར་བཅོས་ཞུ་དག་མང་དུ་མཛད་པའི་ཆོས་ཁུངས་བཙུན་པ་འདི་ལ་


CMR034_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བྲི་འདོན་ཀློག་གསུམ་བྱས་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་ཚུལ་རྒྱས་པར་ཤེར་ཕྱིན་ཉིད་ནས་རྒྱ་ཆེར་གསུངས་པ་ཡིད་ལ་བྱའོ། །ཞེས་བྱ་བ་འདི་ནི་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་འབུམ་ཊིཀ་དང་། ཀུན་མཁྱེན་སངས་རྒྱས་འཕེལ་གྱིས་མཛད་པ་དང་། མཁས་པ་གོ་ཆའི་ལོ་རྒྱུས་ཡིག་རྙིང་དང་། བུ་སྟོན་ཆོས་འབྱུང་སོགས་བསྟན་པ་སྤྱིའི་བབ་ཀྱི་ལོ་རྒྱུས། བཀའ་གསར་རྙིང་གི་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་མཐོང་ཞིང་ཐོས་པ་ལ་བརྟེན་ནས་ཨ་མཆོད་གསར་བུ་རྣམས་ལ་ཕན་ཕྱིར་དང་། རང་ཉིད་ཕར་ཕྱིན་ལ་འབྲེལ་པ་བཞག་པའི་ཆེད་དུ། དགེ་སློང་རཱ་ག་ཨ་སྱས་སྦྱར་བ་ལ་འགལ་འཁྲུལ་གང་མཆིས་བཤགས་ཤིང་འདི་བྲིས་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཚེ་འདི་ལ་ཡུམ་གྱི་དོན་མངོན་སུམ་དུ་རྟོགས་ནས་མྱུར་དུ་འཚང་རྒྱ་བར་གྱུར་ཅིག །མངྒ་ལ་ཤཱི་ཛྭ་ལ་ཛམྦ་དཱི་པ་ཨ་ལང་ཀ་ར། ཤུ་བྷ་ཝནྟུ། སརྦ་ཛ་ག་ཏཾ། ༈ འདི་བྲིས་པའི་དགེ་བས་ཕ་མས་གཙོས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྒྱལ་ཡུམ་ཤེར་ཕྱིན་གྱི་དོན་རྟོགས་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་ཅིག །མངྒ་ལཾ།། །།


previousཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ཏིགnext