Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་ཆོ་ག་བསྡུས་པ་རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཕྱག་ལེན་ཞལ་ཤེས་ཟིན་བྲིས།
   
   
   
   
   
   
   
   
   
   
   


 
previousསྨན་བླའི་ཆོ་ག་བསྡུས་པ་རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཕྱག་ལེན་ཞལ་ཤེས་ཟིན་བྲིས།next

སྨན་བླའི་ཆོ་ག་བསྡུས་པ་རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཕྱག་ལེན་ཞལ་ཤེས་ཟིན་བྲིས།


CMR034_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླའི་ཆོ་ག་བསྡུས་པ་རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཕྱག་ལེན་ཞལ་ཤེས་ཟིན་བྲིས་བཞུགས་སོ།།


CMR034_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷེ་ཥ་ཕྱི་ཡེ། བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ཡིས། །སྨན་མདོ་རྒྱས་བསྡུས་གཉིས་གསུངས་པ། །ཀུན་དགའ་བོ་ཡིས་ཡི་གེར་བཀོད།སྟོན་པ་འདས་རྗེས་འཇམ་དབྱངས་ཀྱིས། །མཁན་པོ་བྷྱོ་དྷི་སཏྭ་ལ། །དེ་ཡི་དབང་ལུང་མན་ངག་གནང་། །མཁན་པོས་སྨན་བླའི་ཆོ་ག་ནི། །རྒྱས་འབྲིང་བསྡུས་གསུམ་མཛད་པ་ལས། །འདི་ནི་བསྡུས་པའི་ལུགས་ཡིན་ཏེ། །།གཞུང་ཚིག་མཁན་པོས་གསུང་དངོས་ཡིན། །དེ་ཕྱིར་རྒྱ་གཞུང་བྱིན་རླབས་ཆེ། །བོད་དུ་ཁྲི་སྲོང་ལྡེའུ་བཙན་གྱི། །སྐུ་རིམ་སྒྲིབ་སྦྱོང་གཉིས་ཀ་ལ། །སྨན་བླའི་ཆོ་ག་རྒྱས་པ་བཙུགས། །དེ་ཉིད་ད་རུང་མ་


CMR034_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དར། །ཟ་ཧོར་མཁན་པོས་དབོན་པོ་ནི། །བྷྱོ་དྷི་སཏྭ་ཆུང་བར་གནང་། །དེ་ནས་ཇོ་བོ་རྗེས་བསྒྱུར་བ། །གསར་མ་ཡིན་ཏེ་ཚིག་དོན་གཅིག །བཀའ་གདམས་ལུགས་ལ་དར་ཞིང་རྒྱས། །མཚན་ཉིད་དགེ་བཤེས་མཁས་པ་ཀུན། །ཆོས་རྣམས་ཕལ་ཆེར་སྐྱོན་འདོགས་ཤིང་། །ཤིན་ཏུ་མགུ་བར་དཀའ་ན་ཡང་། །རབ་འབྱམས་གྲྭ་སྐོར་གཏོང་བའི་ས། །དཔལ་འཁོར་ཆོས་སྡེར་སྟོང་ར་ཆེན། །ངམ་སྟེང་སུམ་སྟོང་བརྒྱད་བརྒྱ་འཚོགས་། །ཀུན་གྱི་འདོན་རྒྱུ་སྨན་བླ་ཡིན། །བཀའ་གདམས་ལུགས་ཀྱི་ཁྱད་པར་ཆོས། །ཀུན་རིག་མི་དར་སྨན་བླ་ཡིན། །སྙིགས་དུས་འབྲོམ་གྱི་


CMR034_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ནི། །གྲགས་པའི་མིང་ཅན་བདུན་བརྒྱུད་འབྱུང་། །གར་དབང་ཆོས་ཀྱི་དབང་ཕྱུག་གིས། །ཆོ་ག་འདི་ཉིད་པར་དུ་བཀོད། །གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས། །གཤེགས་རྫོངས་ཉིན་གླིང་ཆོ་ག་བཙུགས། །དེས་ན་འདི་ཉིད་ཁུངས་བཙུན་ནོ། །ཕྱག་ལེན་རྒྱས་པ་བསྡུས་པ་གཉིས། །སྤྲོས་མེད་ལུགས་དང་རྣམ་པ་བཞི། །རྒྱས་པར་དཀྱིལ་འཁོར་བྲིས་པ་སྟེ། །གྲུ་བཞི་སྒོ་བཞི་སྤྱི་དང་མཚུངས། །ཁྱད་པར་དུར་ཁྲོད་མེད་པའོ། །དབུས་སུ་པད་མ་འདབ་བརྒྱད་དེ། །དེ་རྒྱབ་འདབ་མ་བཅུ་དྲུག་གོ །དེ་རྒྱབ་འདབ་མ་ཉི་ཤུ་གཉིས། །སྒོ་བཞིར་རྒྱལ་ཆེན་ཐིག་ལེ་བཀོད། །དེ་སྟེང་དབུས་སུ་མཉྫིའི་སྟེང་། །དར་སྣ་ལྔ་ཡིས་དྲིལ་བ་ཡི། །སྨན་མདོའི་གླེགས་བམ་བཞུགས་པར་བྱ། །སྟེང་ན་ལྷ་གྲངས་ཙཀ་གདུགས་ཕུབ། །མཐའ་སྐོར་མཆོད་པ་སྣ་བདུན་ནི། །ལྷ་གྲངས་མཉམ་པ་བཀོད་པར་བྱ། །ཟུར་བཞིར་རྒྱལ་མཚན་བཞི་དང་ནི། །ལོགས་བཞིར་ཚོན་སྐུད་དྲྭ་བ་བྲི། །སྟེང་ན་གདུགས་སམ་བླ་བྲེ་ཕུབ། །དེ་ནི་དཀྱིལ་འཁོར་རྒྱས་པ་སྟེ། །ཙཀ་གདུགས་དབུས་གཙང་ཀུན་ཏུ་དར། །འབྲིང་པོ་སྨན་བླའི་ཐང་སྐུའམ། །མེད་ན་ཐུབ་པའི་གསེར་སྐུའི་མདུན། །


CMR034_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་སྟེང་དུ་འབྲས་སམ་ནས། །ཚོམ་བུ་དགུ་ནི་བཀོད་པར་བྱ། །བདེ་གཤེགས་བརྒྱད་ནི་གླེགས་བམ་ཡིན། །དེ་མདུན་ལྷ་བཤོས་བརྒྱད་དང་ནི། །དེ་མདུན་མར་མེ་བརྒྱད་དང་ཡོན་ཆབ་བརྒྱད། །བདེ་གཤེགས་བརྒྱད་པོ་འཁོར་བཅས་མཆོད། །དེ་ནི་རྒྱུན་དུ་ཕྱག་ལེན་སྲོལ། །བསྡུས་པར་དེ་ལྟར་མ་འཛོམས་ཀྱང་། །གཙུག་ལག་ཁང་ངམ་མཆོད་ཁང་དུ། །སྨན་བླའི་སྐུ་དང་མར་མེ་དང་། །ཡོན་ཆབ་ཡོད་ན་དམིགས་པ་གཏད། །སོ་སོར་ནམ་འདོད་འདོན་སྲོལ་ཡོད། །སྤྲོས་མེད་ལུགས་ལ་གཞི་བྱས་ཀྱི། །འགྲོ་འདུག་ལ་སོགས་བྱེད་དུས་ཀྱང་། །མདུན་གྱི་ནམ་མཁར་དཀྱིལ་འཁོར་བསྒོམ། །མཆོད་པ་ཡིད་ཀྱིས་སྤྲུལ་པ་དང་། །འཇིག་རྟེན་ཁམས་ནི་དཔག་མེད་ན། །ཡོད་པ་ཐམས་ཅད་ཡིད་ཀྱིས་ཕུལ། །འགྲོ་འདུག་སྤྱོད་ལམ་ཚེ་ན་ཡང་། །ཆབ་བསིལ་ཚེ་ན་མི་རུང་ངོ། །དེ་མིན་ནམ་ཡང་འདོན་དུ་རུང་། །ཕྱག་ལེན་གྱི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་བསྒོམ་བྱའི་དམིགས་རིམ་ལ། །གང་གིས་བརྟེན་ཅིང་ཞེས་པ་ནས། །བག་ཡོད་ཡིན་ཞེས་བྱ་བའི་བར། །རང་སེམས་ངོ་བོ་བལྟས་པས་འཐུས། །སེམས་ཅན་ཐམས་ཅད་བདེ་ལྡན་སོགས། །


CMR034_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞི་པོའི་ཚིག་དེ་ནི། །དེ་ལྟར་གྱུར་ཅིག་བསམ་པ་ལས། །གཞན་གྱི་དམིགས་པ་བསྒོམ་མི་དགོས། །སངས་རྒྱས་ཆོས་ཚོགས་སྐྱབས་སེམས་དེ། །གོ་སླ་ལན་གསུམ་བཏོན་ན་ལེགས། །འདི་ནི་བྱ་རྒྱུད་འདོན་ཆོག་སྟེ། །བདག་བསྐྱེད་མེད་དེ་མདུན་བསྐྱེད་ཡིན། །ས་ཕྱོགས་ཐམས་ཅད་ཁོད་མཉམ་པ། །བཻཌཱུརླ་ཡི་ས་གཞི་ལ། །མེ་ཏོག་སྣ་ཚོགས་ཚལ་རྒྱས་པ། །འཇའ་གུར་མེ་ཏོག་ཆར་པ་འབེབས། །དག་པའི་ཞིང་ཁམས་ལྟ་བུའི་དབུས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་ཡས་ཁང་པ་བསམ་འདས་བསྒོམ། །དཀྱིལ་འཁོར་དེ་ཡི་ཕྱི་ཁྱམས་ལ། །མཆོད་རྫས་འདོད་པའི་ཡོན་ཏན་ཚོགས། །དཔག་མེད་ཟད་མི་ཤེས་པ་བསྒོམ། །དཀྱིལ་འཁོར་ནང་གི་པད་འདབ་རྣམས། །བྲིས་པ་བཞིན་དུ་བྷཻཾ་པ་ཡིན། །འདབ་མ་བརྒྱད་དང་དགུ་སོགས་ལ། །སེང་ཁྲི་པད་ཟླའི་གདན་རེ་བསྒོམ། །དེ་མིན་འདབ་མ་ཐམས་ཅད་དང་། །སྒོ་བཞིར་ཟླ་བའི་གདན་རེ་བསམ། །བདེན་པའི་བྱིན་རླབས་བརྗོད་པ་ཡིས། །དེ་ལྟར་དངོས་སུ་གྱུར་དམིགས་ཤིང་། །དཀོན་མཆོག་གསུམ་གྱི་ཞེས་པ་ནས། །གྱུར་ཅིག་བར་དུ་ལན་གསུམ་བརྗོད། །ས་གཞི་བྱིན་གྱིས་རླབས་པ་དང་། །


CMR034_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་གཞལ་ཡས་བསྐྱེད་པ་དང་། །མཆོད་པ་བྱིན་རླབས་གསུམ་ཁ་ཡིན། །དེ་ནས་སྤྲོས་པ་ལ་དགའ་ན། །ཆོས་གོས་ལ་སོགས་ལུས་ཚག་གཟབ། །ཐལ་མོ་སྦྱར་བའི་བར་དུ་ནི། །མེ་ཏོག་གམ་ནི་སྤོས་ཐུར་སྦར། །ཤར་གྱི་ཕྱོགས་སུ་ཁ་གྱུས་ཏེ། །བཅོམ་ལྡན་འདས་ཞེས་བྱ་བ་ནས། །བྱིན་གྱིས་རློབས་པ་ཅི་གནང་བར། །སྙན་གསན་དབབ་པའི་ཚིག་ཡིན་ཏེ། །དེ་བརྗོད་སངས་རྒྱས་བྱང་སེམས་རྣམས། །མངོན་པར་ཤེས་པས་དེ་མཁྱེན་ཏེ། །རྡོ་རྗེའི་སྙན་གྱིས་ཚིག་དེ་གསན། །སྔོན་གྱི་སྨོན་ལམ་དམ་བཅའ་དྲན། །འབྱོན་པར་དགོངས་པ་གཏད་པར་བསྒོམ། །མ་ལུས་སེམས་ཅན་ཞེས་པ་ནས། །གཤེགས་སུ་གསོལ་ལོ་ཞེས་པའི་བར། །སངས་རྒྱས་དཀོན་མཆོག་བདེ་གཤེགས་བརྒྱད། །ཆོས་རྣམས་པོ་ཏི་གླེགས་བམ་ཚུལ། །དགེ་འདུན་བྱང་ཆུབ་སེམས་དཔའི་ཚོགས། །དེ་དག་ཞབས་འབྲིང་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གནོད་སྦྱིན་སྡེ་དཔོན་བཅས། །བོད་ཀྱི་དགེ་བཤེས་ཐམས་ཅད་ཀྱང་། །ནམ་མཁའ་གང་བར་བྱོན་བྱུང་བས། །དགའ་ནས་ལེགས་པར་ཚིག་བརྗོད་ཅིང་། །སྔོན་ནས་བསྒོམས་པའི་གཞལ་ཡས་ཁང་། །གདན་དང་བཅས་པ་ཕུལ་བ་


CMR034_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཆོས་ཀུན་དབུས་ཀྱི་གླེགས་བམ་ཐིམ། །དེ་ཉིད་སྐད་ཅིག་དྲན་རྫོགས་སུ། །ཆོས་སྐུ་ཡུམ་ཆེན་ལི་ཁྲིའི་མདོག །ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །འོག་གཉིས་རྡོ་རྗེ་གླེགས་བམ་འཛིན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་ཕྱོགས་སེང་གེའི་ཁྲི་ལ་བཞེངས། །མཚན་ལེགས་རྒྱལ་པོ་ནས་བཟུང་སྟེ། །བདེ་གཤེགས་བརྒྱད་པོ་གཡས་བསྐོར་བཞུགས། །མདུན་ངོས་སངས་རྒྱས་སྨན་བླ་དང་། །གཡས་ཟུར་ཤཱཀ་ཐུབ་བྷེ་པ་ཡི། །སྤྲོ་བསྡུའི་དམིགས་པ་བདེ་བ་ཡིན། །དེ་རྒྱབ་འདབ་མ་བཅུ་དྲུག་ལ། །སེམས་དཔའ་བཅུ་དྲུག་བཞུགས་པར་བྷྱོ། །དེ་རྒྱབ་འདབ་མ་ཉེར་གཉིས་ལ། །གཡས་ངོས་ཕྱོགས་སྐྱོང་བཅུ་པོ་སྟེ། །རེ་རེའི་འཁོར་ནི་འབུམ་ཕྲག་སྟེ། །གཡོན་ངོས་སྡེ་དཔོན་བཅུ་གཉིས་ལ། །རེ་རེའི་འཁོར་ནི་བདུན་འབུམ་སྟེ། །མི་ཤོང་མེད་པར་ཡངས་བར་བྷེ། །སྒྱུ་མ་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི། །ཕྱི་ཡི་བར་ཁྱམས་འཁོར་ཡུག་ལ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ནི། །བྱང་སེམས་ཉན་ཐོས་འཁོར་དང་བཅས། །ཆོས་རྒྱལ་གསུམ་དང་མཁན་སློབ་གཉིས། །བོད་ཀྱི་ཁྲིམས་


CMR034_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དགེ་བཤེས་རྣམས། །ཁྲོམ་ཚོགས་བཞིན་དུ་བཞུགས་པར་དམིགས། །སོ་སོའི་ཞིང་ཁམས་ཞེས་པ་ནས། །བཞུགས་པར་གྱུར་ཞེས་བྱ་བའི་བར། །འདོན་ཚེའི་དམིགས་པ་དེ་ཡིན་ནོ། །ཁྲུས་གསོལ་མཎྜལ་གཉིས་པོ་ནི། །རྒྱས་པ་དངོས་སུ་བྱེད་སྲོལ་ཡོད། །མ་འཛོམས་ཡིད་ཀྱིས་བྱས་ཀྱང་ཆོག།འདི་ནི་ཕྱག་ལེན་ཡིན་མོད་ཀྱི། །གཞུང་གི་པར་མའི་ནང་ན་མེད། །དེ་ཕྱིར་མ་བྱས་ན་ཡང་བཟོད། །རྒྱུན་དུ་ཉུང་ངུ་སྦྱར་ན་ལེགས། །གེལ་དུ་བྱེད་ན་དམིགས་པ་ནི། །དཀྱིལ་འཁོར་དེ་ཡི་ཤར་ཁྱམས་སུ། །ཁྲུས་ཀྱི་ཁང་པ་ཤེལ་ལས་གྲུབ། །མེ་ལོང་དག་པ་ལྟ་བུའི་ངོས། །དཀྱིལ་འཁོར་ལྷ་ཚོགས་སྐུ་འཆར་བ། །དེ་ལ་ཁྲུས་གསོལ་རས་ཀྱིས་ཕྱི། །སྤོས་ཀྱིས་བྱུག་ཅིང་ན་བཟའ་གསོལ། །མཎྜལ་ཡོད་ན་ལག་ཏུ་ཐོགས། །ཚོམ་བུ་བཀོད་ཅིང་རྒྱས་པར་འབུལ། །མེད་ན་ལག་པས་ཕྱག་རྒྱ་བྱ། །གླིང་བཞི་རི་རབ་ཉི་ཟླས་བརྒྱན། །ལྷ་མིའི་ལོངས་སྤྱོད་དུ་མས་བསྐོར། །ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་དང་། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །དངོས་སུ་ཡོད་རྣམས་ཡིད་ཀྱིས་འབུལ། །ཚོགས་ཞིང་བསྙེན་པའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་


CMR034_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རང་ཉིད་ཐ་མལ་ལུས། །བྱེ་བ་དུང་ཕྱུར་གྲངས་མེད་སྤྲུལ། །ཕྱག་འཚལ་ཟེར་དུས་ཕྱག་ཕུལ་བསྒོམ། །མཆོད་བསྟོད་ཟེར་དུས་སྔར་བསྒོམས་པའི། །མཆོད་པ་དེ་དག་ཕུལ་བར་བསྒོམ་། །སྐྱབས་མཆི་ཟེར་དུས་ཐལ་མོ་སྦྱར། །དད་པས་སངས་རྒྱས་ཞལ་ལྟ་བསྒོམས། །།དེ་དག་འོག་མ་ཀུན་ལ་འགྲེས། །སྐབས་འདིར་ཚར་གསུམ་འདོན་པའི་ཚེ། །སངས་རྒྱས་སྐུ་ལ་སེམས་གཏད་དེ། །མཚན་ལེགས་སེར་པོ་སྐྱབས་སྦྱིན་དང་། །མཉམ་བཞག་ཆོས་གོས་རྣམ་གསུམ་ཅན། །རིན་ཆེན་ཟླ་བ་སྐུ་མདོག་སེར། །མཆོག་སྦྱིན་མཉམ་བཞག་མཛད་པའོ། །གསེར་བཟང་སེར་པོ་ཕྱག་གཉིས་ཀྱིས། །ཐུགས་ཀར་ཆོས་འཁོར་ཕྱག་རྒྱ་མཛད། །མྱ་ངན་མེད་མཆོག་སྐུ་མདོག་དམར། །ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད། །ཆོས་གྲགས་རྒྱ་མཚོ་སྐུ་མདོག་དཀར། །ཕྱག་གཉིས་ཐུགས་ཀར་ཆོས་འཁོར་རྒྱ། །ཆོས་བློ་མངོན་མཁྱེན་སྐུ་མདོག་དམར། །མཆོག་སྦྱིན་མཉམ་བཞག་མཛད་པའོ། །འདི་དག་ཕྱག་དང་སྐུ་མདོག་ལ། །འདྲ་མིན་འགའ་རེའང་བྱེད་སྲོལ་འདུག །ཤཱཀ་ཐུབ་སྨན་བླ་གཞུང་ལྟར་ཡིན། །སྐྱབས་གྲོལ་འཇམ་དབྱངས་ཕྱག་རྡོར་གསུམ། །ཞི་བ་བྱང་ཆུབ་སེམས་དཔའི་


CMR034_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །སྤྱི་དང་འདྲ་བས་བཤད་མི་དགོས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་སོགས། །ཞི་བ་ཙཀ་གདུགས་ནང་ལྟར་ཏེ། །མོས་པ་ཙམ་ཆོག་བཤད་མི་དགོས། །དེ་ནས་དེ་དག་ཐམས་ཅད་ལ། །འཕགས་པའི་ཚོགས་ཞེས་བྱ་བ་ནས། །མཆོད་པའི་བར་ལྟར་གཞུང་ལྟར་བསྒོམ། །བདག་ཅག་རྣམས་ཀྱི་ཞེས་པ་ནས། །འཚལ་ལོའི་བར་ལྟར་གཞུང་ལྟར་བསྒོམ། །དེ་ནས་མཛད་དུ་གསོལ་གྱི་བར། །དངོས་གྲུབ་ཞུ་བའི་ཚིག་ཡིན་ནོ། །བདག་ཅག་ལ་སོགས་ཟེར་བའི་མལ༔ །ཚེ་འདས་ཡིན་ན་མིང་བརྗོད་དོ། །ཆོ་གའི་དངོས་གཞིའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་གཟུངས་བཟླ་དམིགས་པ་ནི། །བདེ་གཤེགས་བརྒྱད་ཀྱི་ཐུགས་ཀ་རུ། །ཟླ་སྟེང་རང་མདོག་ཧཱུྃ་ཡིག་མཐར། །གཟུངས་རིང་གཡས་སུ་བཅུད་ནས་འཁོར། །ཏདྱ་ཐཱ་ནི་ཕྱི་ཡིན་ཏེ། །སྭཱ་ཧཱ་ནང་དུ་ཡོད་པའོ། །ཁྱད་པར་སྨན་བླའི་ཐུགས་ཀ་རུ། །གཟུངས་རིང་ནང་དུ་གཟུངས་ཐུང་བསྒོམ། །དེ་ནས་གཟུངས་ཉིད་བཟླས་པའི་ཚེ། །བདག་གི་རམ་བུའི་ཚུལ་དུ་ནི། །ལྷ་ཚོགས་ཀུན་གྱིས་གཟུངས་བཟླས་པ། །བདེ་གཤེགས་བརྒྱད་ཀྱི་


CMR034_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་གཡས་སུ་ཀྱི་ལི་ལི། །དེ་ལས་འོད་ཟེར་སྣ་ཚོགས་བྱུང་། །མཛོད་སྤུའི་སྒོ་ནས་ཕྱིར་ཐོན་པ། །མུན་པར་ཉི་མ་ཤར་བ་བཞིན། །འཇིག་རྟེན་ཐམས་ཅད་འོད་ཀྱིས་གང་། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་དང་ཉོན་མོངས་སྒྲིབ་པ་ཀུན། །བ་མོར་ཉི་ཟེར་ཕོག་པ་བཞིན། །གཟུངས་ནི་གསལ་ལ་དག་པར་བཟླ། །རབ་ལ་བརྒྱ་དང་བརྒྱད་ཡིན་ཏེ། །འབྲིང་ནི་ཉི་ཤུ་རྩ་གཅིག་གསུངས། །ཐ་མ་བདུན་ལས་ཉུང་ཐབས་མེད། །གལ་ཏེ་ལོང་སྐབས་མ་བྱུང་ན། །གཟུངས་རིང་གསུམ་པོའམ་གཅིག་གི་མཇུག །གཟུངས་ཐུང་ཅི་ནུས་བཟླས་པས་འཐུས། །གཟུངས་རིང་བརྒྱད་ཁའི་ཐུན་མོང་ཡིན། །གཟུངས་ཐུང་སྨན་ལྷ་ཁོ་ནའོ། །དེ་ནས་ཏིང་འཛིན་སྒོམ་པ་ནི། །གཟུངས་སམ་སྔགས་ནི་ཡིད་ཀྱིས་བཟླ། །བརྒྱད་ཁའམ་ནི་སྨན་བླ་ཡི། །ཐུགས་ཀའི་ས་བོན་ཟླ་བ་སྔགས། །དབུགས་ནི་ཕར་ལ་འགྲོ་བའི་དུས། །དེ་ལ་རིག་པ་རྩེ་གཅིག་གཏད། །དབུགས་ནི་ཚུར་ལ་རྔུབ་པའི་དུས། །ཟླ་བ་སྔགས་ཕྲེང་ས་བོན་བཅས། །ཚུར་བྱོན་རང་གི་ཁོག་ཏུ་ཞུགས། །དབུགས་ནི་ཁོག་ཏུ་བཟུང་བའི་ཕྱིར། །སྙིང་དཀྱིལ་ཟླ་བ་ས་བོན་དང་། །སྔགས་


CMR034_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བཅས་ལ་དམིགས་པ་གཏད། །ཡང་ན་དབུགས་གཅིག་ཕར་བཏང་དུས། །མདུན་གྱི་ཐུགས་ཀར་སྔར་བཞིན་དུ། །ཟླ་བ་ས་བོན་སྔར་བཞིན་བསྒོམ། །དེ་ནས་སྔར་བཞིན་བྱ་བ་སྟེ། །དེ་འདྲ་ཡུན་རིང་བསྒོམས་ན་ནི། །ཞི་ལྷག་ཏིང་འཛིན་སྐྱེ་བ་དང་། །སྒྲིབ་པ་དག་པའི་རྟགས་རྣམས་འབྱུང་། །གཟུངས་སྒྲུབ་ཏིང་འཛིན་གྱི་ལེའུ་སྟེ་ལྔ་པའོ།། ༈ །།དེ་ནས་སྔར་ལྟར་ལུས་གྲངས་མེད། །སྤྲུལ་པའི་ཕྱག་ནི་འཚལ་བར་བསྒོམ། །རབ་ནི་ཚིག་རིས་དང་བསྒྲག་ནས། །འཚོགས་པ་བཞེངས་ནས་ཕྱག་འཚལ་སྲོལ། །མ་འཛོམས་ཐལ་མོ་སྦྱར་བྱས་ནས། །མགོ་བོས་འདུད་པ་རེ་བྱ་ཞིང་། །ཐ་མ་ངག་གིས་ཕྱག་འཚལ་ཞིང་། །ཡིད་ཀྱིས་ཕྱག་འཚལ་བསྒོམས་པས་འཐུས། །དེ་ནས་འཕགས་པའི་ཚོགས་ཞེས་པའི། །མཆོད་པ་དེ་ནི་རྗེས་ཆོག་ཡིན། །དེ་ནས་བསྔོ་སྦྱང་དེ་ཡི་སྐབས། །བདག་ཅག་གི་ནི་ཟེར་བའི་བར། །ཚེ་འདས་ཡིན་ན་མིང་བཙུད་དོ། །ཞིང་ཁམས་དེ་དག་ཅེས་པའི་བར། །ཞིང་ཁམས་བདེ་བ་ཅན་ཞེས་སྦྱར། །དེ་རྣམས་རང་གི་འདོད་པ་ཡིན། །བཟོད་གསོལ་གཞུང་ལྟར་གོ་བ་སླ། །སྐུ་གཟུགས་དཀྱིལ་འཁོར་མེད་པའི་


CMR034_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སར། །གཤེགས་གསོལ་གཞུང་ལྟར་བྱ་ཡོད་ཀྱི། །སྐུ་གཟུགས་དཀྱིལ་འཁོར་ཡོད་ན་ནི། །སོ་སོའི་སྐུ་གཟུགས་འདི་རྣམས་ལ། །འབྱུང་བ་བཞི་ཡིས་གནོད་པས་མ་ཞིག་བར། །བརྟན་པར་བཞུགས་སུ་གསོལ་ཞེས་བརྗོད། །ཞག་མང་ངམ་ནི་ཚར་མང་དུས། །གཤེགས་གསོལ་བྱ་བ་མ་ཡིན་ཏེ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིས་བར། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་སྨན་བླའི་ཆོ་ག་འདི། །དྲིལ་བུ་སྦུབས་ཆོལ་སྲོལ་མེད་དོ། །རབ་ལ་རྔ་དང་ཟི་ཆལ་དང་། །དུང་སོགས་མཆོད་རོལ་བྱེད་སྲོལ་ཡོད། །འབྲིང་ལ་ཏིང་ཤག་འཁར་རྔ་སྟེ། །ཐ་མ་མེད་ཀྱང་ཆོག་པ་ཡིན། །རང་གི་སྙིང་གར་བསྒོམས་པ་ཡི། །སྔགས་ཕྲེང་མི་དམིགས་ངོ་བོ་ལ། །གཤེགས་གསོལ་བྱེད་ན་ལྷ་ཚོགས་རྣམས། །རང་རང་གནས་སུ་གཤེགས་པར་བསྒོམ། །བརྟན་བཞུགས་བྱས་ན་ལྷ་ཚོགས་རྣམས། །འོད་ཞུ་རྟེན་ལ་ཐིམ་པར་བསྒོམ། །གཞལ་ཡས་གདན་ཁྲི་བཅས་པ་དེ། །གནས་དང་ས་དེར་ཐིམ་བསྒོམས་པས། །ས་གཞི་བྱིན་རླབས་མཆོག་ཏུ་འགྱུར། །འགྲོ་འདུག་ལ་སོགས་སྐབས་ཡིན་ན། །འོད་དུ་


CMR034_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ནས་རང་ལ་བསྟིམ། །རྗེས་ཀྱི་ལེའུ་སྟེ་དྲུག་པའོ།། ༈ །།འདི་ཡི་སྒྲུབ་པ་བྱེད་ན་ནི། །ཚོགས་རྫས་མིན་པའི་ཤ་ཆང་སྤང་། །ཆབ་ལེན་གཙང་སྦྲ་དག་ལ་འབད། །གལ་ཏེ་ཁྱིམ་པ་ཡིན་ན་ནི། །བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་། །ཟླ་དྲུག་ཟླ་གསུམ་ཟླ་གཅིག་དང་། །ཞག་བདུན་ཡན་ཆད་གང་འགྲུབ་སྟེ། །གྲངས་ནི་གཟུངས་རིང་འབུམ་ཕྲག་བཞི། །གསུམ་མམ་ཡང་ན་གཅིག་བྱའོ། །ཡང་ན་གཟུངས་ཐུང་འབུམ་ཕྲག་བཞི། །རྟགས་ནི་སྒྲིབ་པ་དག་རྟགས་འབྱུང་། །ཕན་ཡོན་བྲི་བར་མི་ལོང་སྟེ། །སྨན་མདོ་གཉིས་ལ་གཟིགས་དང་གསལ། །བདེ་ཆེན་ཞིང་དུ་སྐྱེ་འདོད་པས། །སྨན་བླ་འདི་ལ་འབྲེལ་བཞག་ན། །བར་དོའི་སྐབས་སུ་སེམས་དཔའ་བརྒྱད། །བྱོན་ནས་ལམ་སྟོན་མཛད་པར་གསུངས། །ཚེ་འདིར་འདུལ་ཁྲིམས་སྡོམ་པ་ལ། །ཉེས་ལྟུང་གང་བྱུང་དག་པ་དང་། །ནད་རྣམས་ཐམས་ཅད་ཞི་བ་དང་། །གདོན་དང་དགྲ་དང་བྱད་ཁ་སོགས། །འཇིགས་པ་ཐམས་ཅད་སྐྱོབས་པར་བཤད། །ཞལ་ཆེམས་ཀྱི་ལེའུ་སྟེ་བདུན་པའོ།། ༈ །།གྲྭ་པ་སྨན་སྒྲུབ་ཐུགས་དམ་མཁན། །འགའ་རེ་ཡོད་པས་ཕན་སྙམ་ནས། །རཱ་ག་ཨ་


CMR034_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་ཐུན་མཚམས་གཅིག །སྨྲས་པ་མཐར་ཕྱིན་ཞེས་བྱས་བྲིས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྨན་བླའི་ཆོ་ག་བསྡུས་པ་རྗེ་ཞྭ་དམར་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཕྱག་ལེན་ཞལ་ཤེས་ཟིན་བྲིས།next