Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་སྨན་ལྷ་མཆེད་བརྒྱད་ཀྱི་བསྙེན་པ་བྱ་ཚུལ་ཕྱག་ལེན་དམིགས་རིམ་ཤིན་ཏུ་གསལ་བ།
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་སྨན་ལྷ་མཆེད་བརྒྱད་ཀྱི་བསྙེན་པ་བྱ་ཚུལ་ཕྱག་ལེན་དམིགས་རིམ་ཤིན་ཏུ་གསལ་བ།next

བཅོམ་ལྡན་འདས་སྨན་ལྷ་མཆེད་བརྒྱད་ཀྱི་བསྙེན་པ་བྱ་ཚུལ་ཕྱག་ལེན་དམིགས་རིམ་ཤིན་ཏུ་གསལ་བ།


CMR034_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་སྨན་ལྷ་མཆེད་བརྒྱད་ཀྱི་བསྙེན་པ་བྱ་ཚུལ་ཕྱག་ལེན་དམིགས་རིམ་ཤིན་ཏུ་གསལ་བ་བཞུགས་སོ།།


CMR034_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷཻ་ཥ་ཛྱཻཾ་ཡེ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །འདིར་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་ཉིད་ཀྱི་མདོ་གཉིས་ཀྱི་དོན་སྨན་བླའི་ཆོ་ག་འདི་ཉིད་ཀྱི་གདམས་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཞེས་བྱ་བ། མཚན་གཞན་མཁན་པོ་བྷྱོ་དྷི་སཏྭ་ཞེས་པ་དེ་ལ་གནང་། དེ་བོད་དུ་ཕེབས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིམ་ལ་དམིགས་ནས། སྨན་ལྷའི་ཆོ་ག་རྒྱས་པར་མཛད་དེ་བསམ་ཡས་བྱང་ཆུབ་ཆེན་པོའི་དྲུང་དུ་མཆོད་པའི་རྒྱུན་བཙུགས་པ་ད་ལྟའི་བར་དུ་ཡང་ཅི་རིགས་པ་


CMR034_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དར། ཡང་ཟ་ཧོར་ཡུལ་དུ་མཁན་པོ་བྷྱོ་དྷི་སཏྭ་ཉིད་ཀྱི་དབོན་པོ་བྷྱོ་དྷི་སཏྭ་ཆུང་བ་ལ་གནང་། དེས་ཇོ་བོ་རྗེ་ལ་གནང་། ཇོ་བོ་རྗེས་བོད་དུ་དབང་ལུང་གི་རྒྱུན་སྤེལ་ནས། ད་ལྟ་བྱང་ངམ་རིང་།གཙང་དཔལ་འཁོར་ཆོས་སྡེ་ལ་སོགས་མཚན་ཉིད་ཀྱི་གྲྭ་ས་ཆེན་པོ་ཐམས་ཅད་ལ་ནི་ཤི་ཆོག་གསོན་ཆོག་ཐམས་ཅད་ལ་སྨན་བླའི་ཆོ་ག་རྒྱས་པ་འདི་དར། མར་མེ་ཉག་རབ་སྒང་དུ་ཡང་དགོན་སྡེ་མང་པོ་འདུ་ནས་ཆོ་ག་འདི་གཏོང་དར་སྐད། དེ་ལྟར་ཆོ་ག་རྒྱས་པ་དེའི་ནང་དུ་རྒྱས་འབྲིང་བསྡུས་གསུམ་གྱི་འདོན་ལུགས་མཚལ་སེར་གྱི་ཚུལ་དུ་ཡོད་པ་ལས། རྒྱལ་ཚབ་པ་ན་རིམ་རྣམས་


CMR034_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོམ་གྱི་སྤྲུལ་པ་ཡིན་པར་བཀའ་གདམས་གླེགས་བམ་གྱི་ཆ་ལག་འབྲོམ་གྱི་ལུང་བསྟན་ན་གསལ་བའི་ཕྱིར། བཀའ་གདམས་པའི་ཆོས་ལུགས་གཙོ་ཆེར་མཛད་པས། སྨན་བླ་བསྡུས་པ་འདི་དུས་བཟང་རྣམས་སུ་སྐུ་གཞོགས་སུ་བཏང་བར་མཛད་ཅིང་གུད་དུ་བྲི་བར་མཛད་དེ། དེ་ཉིད་རྗེ་ཞྭ་དམར་དྲུག་པས་པར་དུ་བསྐོས་ཤིང་། ཐུབ་བསྟན་ཉིན་བྱེད་གླིང་དུ་བཙུགས་པ་ལ། ཕྱག་ལེན་དང་འདོན་ཆ་འགའ་ཞིག་ནས་གཞན་ཁ་སྐོང་དགོས་པ་དང་། ཚིག་འགའ་རེ་དཔེ་ལ་མི་གསལ་བློ་ནས་འཛུད་དགོས་པ་རྣམས་བལྟས་ཆོག་ནག་པོ་འགྲོ་ཤེས་སུ་བདག་གིས་བཀོད་པ་ཡིན་ལ། དེ་ཡང་མཎྜལ་ཁྲུས་གསོལ་གཉིས་རྒྱས་པར་སྦྱར་སྲོལ་ཡོད་ཀྱང་། རྒྱུན་དུ་འདོན་མཁན་ཡོད་པ་ཚོས་ནི་རྒྱས་པར་བྱེད་སྲོལ་མི་གདའ་བས། འདིར་ཡང་བསྡུས་པ་བྱས་པ་ཡིན་ནོ། །འདིའི་དབང་ལུང་གཉིས་ཀ་རྗེ་ཐམས་ཅད་མཁྱེན་པ་དྲུག་པོ་ཉིད་ལས་ཐོབ་པས་བྱིན་རླབས་ཆེ། རྗེ་ཞྭ་དམར་པ་ནི། མཁན་པོ་བྷྱོ་དྷི་སཏྭ་དང་། ཇོ་བོ་རྗེ་དང་ཡང་ཐུགས་རྒྱུད་གཅིག་པར་བཤད་པས་བཀའ་བབས་ཀྱང་ཡིན་ནོ། །འདི་ལ་དང་པོ་སྟ་གོན་བྱ་ཚུལ་རྒྱས་པ་ནི། དཀྱིལ་འཁོར་སྟེགས་བུ་གྲུ་བཞི་འདོམ་སྐོར་ཁྲིའུ་ལྟར་བྱས་པའི་དབུས་སུ་


CMR034_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡར་འདིང་བཏིང་ངམ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད། དེ་རྒྱབ་འདབ་མ་བཅུ་དྲུག །དེ་རྒྱབ་ཉེར་ལྔ། དེ་རྒྱབ་ཐིག་ལེ་བཞི་བྲི། སྒོ་རྫོགས་གྲུབ་ན་འཇིག་རྟེན་འཁོར་ཡུག་དུར་ཁྲོད་སོགས་མེད། པདྨའི་ར་བ་རྡོ་ར་མེ་རི་བྲི། སྒོ་རྫོགས་མ་ཐུབ་ན་ཟླུམ་བསྐོར་གྱིས་ཆོག་པར་བཤད། དེའི་དབུས་མཉྫིའི་སྟེང་དུ་མདོ་གཉིས་པོ་གསེར་གྱིས་བྲིས་པ་ལ་དར་སྣ་ལྔའི་ན་བཟའ་གསོལ་པོ་བཞག །འདབ་མ་བརྒྱད་ལ་བདེར་གཤེགས་བརྒྱད་ཀྱི་གསེར་སྐུ་ཡོད་ན་བཞག །མེད་ན་ཡང་བདུན་པོ་དེར་སྨན་བླའམ་ཐུབ་པའི་གསེར་སྐུ་བཞག །དེའི་སྟེང་དུ་ལྷ་གྲངས་བླ་མ་བརྒྱུད་པ་དང་བཅས་པའི་ཙཀ་གདུགས་ཞི་ཁྲོ་འདྲ་བར་ཕུབ། མཐར་མཆོད་ཡོན། སྤོས་རེང་། མར་མེ། ཞལ་ཟས་སོགས་ལྷ་གྲངས་ཀྱིས་བསྐོར། ཟུར་བཞིར་རྒྱལ་མཚན་བཞི། ཚོན་སྐུད་དྲྭ་བ། སྟེང་དུ་གདུགས་ཕུབ། གཞན་ཡང་བ་དན་དང་རོལ་མོ། བླ་བྲེ་དང་འཕན། ཕྱེ་མ་ཕུར་མ། སྤོས་སོགས་རྒྱ་ཆེར་བཤམས་པའོ།། ༈ འབྲིང་ནི་དཀྱིལ་ཐང་བཏིང་བ་ཅི་འབྱོར་མཆོད་པས་བསྐོར། དེའི་གཉའ་ན་སྨན་བླ་གཙོ་འཁོར་ཡོངས་རྫོགས་ཀྱི་ཐང་སྐུ་ཆེན་པོ་བཤམ་མོ། །ཐ་མ་མཎྜལ་


CMR034_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ལྷ་གྲངས་ཀྱི་ནས་སམ་འབྲས་ཀྱིས་ཚོམ་བུ་བཀོད། གོང་དུ་སྨན་བླའི་སྐུ་བཤམས། དེའི་མདུན་དུ་ལྷ་བཤོས་བརྒྱད། མར་མེ་བརྒྱད། ཡོན་ཆབ་བརྒྱད་བཤམ་པ་གྲྭ་ཚང་གི་ལུགས་སོ།། ༈ ཤིན་ཏུ་བསྡུས་ན་མཎྜལ་སྟེང་དུ་ནས་ཚོམ་དགུ་བཀོད་པ་ནི་དཀྱིལ་འཁོར་རོ། །དེའི་མདུན་དུ་མཆོད་པ་རྣམ་ལྔ་ཚར་གཅིག་བཤམ་མོ།། ༈ ཡང་རི་ཁྲོད་སོགས་ཡིན་ན་ཤོག་བུ་ལ་མཎྜལ་པདྨ་འདབ་བརྒྱད། དེ་རྒྱབ་བཅུ་དྲུག །དེ་རྒྱབ་ཉེར་ལྔ། དེ་རྒྱབ་ཟླུམ་བསྐོར་བྲིའོ། །ལྷ་བཤོས་སམ་ཟླུམ་གཏོར་ཤ་ཆང་མ་འདྲེས་པར་གཏོར་སྒམ་དུ་བཤམས། ཏིང་བདུན་དུ་ནས་དང་ཆུ་བཤམས་པ་ཙམ་གྱིས་ཆོག་གོ །མར་མེ་རྒྱུན་དུ་འབུལ་རྒྱུ་མ་འབྱོར་ན་གཅིག་བཤམས་ལ་བཞག་གོ། ༈ དགེ་ཚུལ་སློང་སོགས་ཡིན་ན་དེས་འཐུས། དེ་མིན་ན་བསྙེན་གནས་སྲུང་། ཁྲུས་དང་གཙང་སྦྲ་བྱ། ཚོགས་རྫས་མ་གཏོགས་པའི་ཤ་ཆང་སྤང་ལ་བསྒྲུབ་བོ། །གང་གིས་རྟེན་ཅིང་སོགས་བརྗོད་པའི་ཚེ་ཉམས་ལེན་སྟོང་ཉིད་ལྟ་བའི་ངང་ལ་མ་ཡེངས་ནས་འདོན། སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་ཡང་དེ་ལྟར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བྱེད། སངས་རྒྱས་ཆོས་


CMR034_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དུས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བདག་སངས་རྒྱས་ཐོབ་པར་བྱ་སྙམ་དུ་ཞེ་ཐག་པ་ནས་དམ་བཅའ་བཟུང་ནས། བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་ཆེད་དུ་སྨན་བླ་མཆེད་བརྒྱད་བསྒྲུབ་སྙམ་དུ་བྱ། དེ་ནས་དཀོན་མཆོག་གསུམ་དང་ཞེས་སོགས་འདོན་དུས་ས་ཕྱོགས་འདི་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ། དེའི་དབུས་ན་མཎྜལ་དེ་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས། མཚན་ཉིད་ཡོངས་རྫོགས་སུ་གསལ་བའི་དབུས་སུ་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ལ་རིན་པོ་ཆེའི་སེང་གེའི་ཁྲི་དགུ། ཁྲིའི་སྟེང་དང་པད་འདབ་རེ་རེའི་སྟེང་དུ་པདྨ་དང་ཟླ་བའི་གདན་རེ་རེ་བསྒོམ་སྟེ། འདབ་མ་བརྒྱད་ཀྱི་རྒྱབ་ཏུ་འདབ་མ་བཅུ་དྲུག །དེ་རྒྱབ་ཉེར་ལྔ་བསྒོམ། དེའི་ཞོར་ལ་མཆོད་རྫས་བཟང་ཞིང་རྒྱ་ཆེ་བ་འཇིག་རྟེན་ཐམས་ཅད་གང་བར་བསྒོམ། དཀོན་མཆོག་གསུམ་གྱི་བདེན་སྟོབས་སོགས་ཀྱིས་ཇི་ལྟར་བསྒོམས་པ་དེ་ལྟར་འགྱུར་བར་བྱིན་གྱིས་བརླབས་པར་བསྒོམ་ཞིང་། བདེན་སྟོབས་དེ་ལན་གསུམ་བརྗོད། དེ་ནས་རང་ཤར་དུ་ཁ་གྲུ་ལ་ཡོད་ན་སྤོས་གཏསམ། པུས་བཙུགས་ཐལ་མོ་སྦྱར། ཡོད་ན་མེ་ཏོག་ཀྱང་ཐལ་མོའི་


CMR034_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་བཟུང་ལ། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་བདུན་ནས་བདེར་གཤེགས་བདུན་ལ་སྤྱན་འདྲེན་པའི་སྙན་གསན་ཕབ་པས། སངས་རྒྱས་དེ་དག་འཁོར་དང་བཅས་པས་མངོན་པར་ཤེས་པས་མཁྱེན། ཐུགས་ཀྱིས་དགོངས་ཡེ་ཤེས་ཀྱི་སྤྱན་གྱིས་ཡང་ཡང་གཟིགས་ནས་འདིར་འབྱོན་པར་བཞེད་པར་བསྒོམ། མ་ལུས་སེམས་ཅན་སོགས་བརྗོད་ཅིང་རོལ་མོ་བྱས་པས། སོ་སོའི་ཞིང་ཁམས་ནས་བྱ་ངང་པའི་ཁྱུ་འཕུར་བ་ལྟར་འཁོར་དང་བཅས་པ་ཆོས་གོས་ཀྱི་གཤོག་པ་བྱས་ཏེ་ནམ་མཁའ་ལ་འཕུར་ནས་བྱོན་ཏེ། གཞལ་ཡས་ཁང་གི་ཁྲི་སོ་སོ་ལ་བཞུགས་པར་གྱུར་པར་བསམ་སྟེ། འདིར་བྱ་རྒྱུད་ལུགས་ཡིན། དམ་ཚིག་པ་སྒོམ་མི་དགོས་པ་ཡེ་ཤེས་པ་སྤྱན་དྲངས་ནས། བཞུགས་པའི་དུས་འདི་ཉིད་ལ་སྐུ་མདོག་ཕྱག་མཚན་གསལ་འདེབས་ཡིན་ཏེ། དེ་ཡང་ཁྲི་དབུས་མར་ཆོས་པུ་ཏི་དང་ཐ་དད་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་དམར་སེར། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་རྡོ་རྗེ་དང་པོ་ཏི། འོག་མ་གཉིས་མཉམ་བཞག་ཅན་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་ནོ། །འདབ་མ་བརྒྱད་ལ་གཡས་བསྐོར་དུ་ཤར་ལྷོར་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་སེར་པོ་ཕྱག་


CMR034_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་ཅན། ལྷོར་རིན་པོ་ཆེ་དང་ཟླ་བ་པདྨས་རབ་ཏུ་བརྒྱན་པ་དམར་སེར་མཆོག་སྦྱིན་མཉམ་བཞག །ལྷོ་ནུབ་ཏུ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་སེར་པོ་ཆོས་འཆད་མཉམ་བཞག །ནུབ་ཏུ་མྱ་ངན་མེད་མཆོག་དམར་སྐྱ་ཕྱག་གཉིས་མཉམ་བཞག །ནུབ་བྱང་དུ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དཀར་དམར་ཆོས་འཆད་མཉམ་བཞག །བྱང་དུ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དམར་སྨུག་མཆོག་སྦྱིན་མཉམ་བཞག །བྱང་ཤར་དུ་སྨན་གྱི་བླ་བཻཌཱུརྱའི། འོད་མཐིང་ཀ་ཕྱག་གཡས་མཆོག་སྦྱིན་སྨན་མཆོག་ཨ་རུ་ར་རྣམ་རྒྱལ་གཡོན་བདུད་རྩིའི་ལྷུང་བཟེད་བསྣམས་པ། ཤར་དུ་ཤཱཀ་ཐུབ་གསེར་མདོག་ས་གནོན་མཉམ་བཞག་སྟེ། བརྒྱད་ཁ་ཡང་དབུ་གཙུག་ཏོར་སོགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེ་རྒྱབ་འདབ་མ་བཅུ་དྲུག་ལ་སེམས་དཔའ་བཅུ་ཟློདྲུག་བཞུགས་ཏེ། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་གསུངས་པའི་དོན་ནི་སངས་རྒྱས་རེ་རེའི་ཐད་པདྨའི་འདབ་མ་གཉིས་རེ་ལ་སོ་སོའི་


CMR034_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་གནས་ཀྱི་ཚུལ་དུ་སེམས་དཔའ་གཉིས་རེ་བཞུགས་པས་བཅུ་དྲུག་སྟེ། མཚན་ལེགས་པར་ཡོངས་བསྒྲགས་ཀྱི་དྲུང་དུ་ཕྱག་རྡོར་ལྗང་གུ་རྡོ་རྗེ། བློ་གྲོས་ཆེན་པོ་པདྨ་དཀར་པོ་འཛིན་པ། །རིན་ཆེན་ཟླ་བའི་དྲུང་དུ་བྱམས་པ་དམར་སེར་ཀླུ་ཤིང་འཛིན་པ། རྣམ་པར་གནོན་པ་དོན་ཡོད་སེར་པོ་བུམ་པ་འཛིན་པ། གསེར་བཟང་དྲི་མེད་ཀྱི་དྲུང་དུ་སྤོབས་པ་བརྩེགས་པ་དཀར་པོ་སྤོས་སྣོད་འཛིན་པ། མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ལྗང་སེར་རལ་གྲི་ཐོགས་པ། མྱ་ངན་མེད་མཆོག་གི་དྲུང་དུ་མི་ཤེས་པའི་མུན་པ་འཇོམས་པའི་བློ་གྲོས་དཀར་པོ་ལྗོན་ཤིང་ཡལ་ག །ལྟ་ན་སྡུག་དཀར་པོ་གླེགས་བམ། ཆོས་བསྒྲགས་རྒྱ་མཚོའི་དྲུང་དུ་ལེགས་པར་རྣམ་པར་སེམས་དཔའ་དཀར་པོ་བུམ་པ་བསྣམས་ནས་ཐལ་སྦྱར། ལྷུན་པོ་བརྩེགས་པ་དཀར་པོ་ཟླ་བ་རྣམས་བསྣམས་ནས་ཐལ་སྦྱར་དེ་གཉིས་གཙོ་བོ་ལ་འདུད་པ། ཆོས་བློ་མངོན་མཁྱེན་གྱི་དྲུང་དུ། སང་སང་པོའི་མི་བྱང་སྔོན་པོ་རྡོ་རྗེ། ལྷུན་པོ་རྩེ་འཛིན་རྒྱལ་པོ་དཀར་པོ་བུམ་པ། སྨན་བླའི་དྲུང་དུ་ཉི་ལྟར་སྣང་བྱེད་དམར་སེར་ཉི་མ། ཟླ་བ་ལྟར་མཛེས་དཀར་པོ་ཟླ་བ། ཤཱཀ་ཐུབ་དྲུང་དུ་འཇམ་དཔལ་སེར་པོ་རལ་གྲི། སྐྱབས་གྲོལ་དཀར་


CMR034_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པདྨ་དཀར་པོ། དེ་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་ཅན་ཕྱག་གཡོན་ཆོས་འཆད་སོགས། ཞབས་ཕྱེད་སྐྱིལ་ཅན་ནོ། །དེ་རྒྱབ་མདུན་དང་པོ་ནས་བརྩམས་ཏེ་གཡས་བསྐོར་དུ། གཡས་གྲལ་དུ་ཚངས་པ་སེར་པོ་གདོང་བཞི་ངང་པ་ཞོན་ནས་གསེར་གྱི་འཁོར་ལོ་འཛིན་པ། བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་ཐོགས་པ། མེ་ལྷ་དམར་སེར་བགྲང་ཕྲེང་རིལ་བ་ཐོགས་པ་རྭ་སྐྱེས་ལ་ཞོན་པ། གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་ཏོ་ཐོགས་པ། སྲིན་པོ་སྔོ་ནག་རོ་ལངས་ལ་ཞོན་པ་རལ་གྲི་ཐོགས་པ། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་ཐོགས་པ། རླུང་ལྷོ་ལྗང་སྔོན་ཤྭ་བ་ལ་ཞོན་པ་བ་དན་ཐོགས་པ། གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་རིན་པོ་ཆེའི་ནེའུ་ལེ་འཛིན་པ། དབང་ལྡན་དཀར་པོ་སྔོ་སྐྱ་རྩེ་གསུམ་ཐོགས་པ་གླང་ལ་ཞོན་པ། སའི་ལྷ་མོ་ཕག་རྒོད་ཞོན་པ་བུམ་པ་ཐོགས་པ། ཕྱག་གཡོན་རྣམས་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཕལ་ཆེར་འདྲ་བ། ཉི་མ་སེར་པོ་ཉི་མ་འཛིན་པ། ཟླ་བ་དཀར་པོ་ཟླ་བ་འཛིན་པ་དེ་གཉིས་རླུང་གིས་དྲངས་བའི་ཤིང་རྟ་ལ་གནས་པ། གཟའ་སྒྲ་གཅན་དུད་ཁ་ལུས་མིག་གིས་གང་ཞིང་དབུ་སྟེང་བྱ་རོག་གི་དབུ་ཅན་སྤྲིན་ལ་ཞོན་


CMR034_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདའ་གཞུ་ཐོགས་ཏེ་གཡས་གྲལ་ལོ། །དེ་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་ཅན་ལྷའི་གཟུགས་ཅན་ནོ། །མདུན་དབུས་ནས་བརྩམས་ཏེ་གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ནི་རིམ་པ་ལྟར་དུ། ཇི་འཇིག་སེར་པོ་གཡས་རྡོ་རྗེ། གནོད་སྦྱིན་རྡོ་རྗེ་དམར་སེར་རལ་གྲི། རྒྱན་འཛིན་སེར་པོ་མདུང་། གཟའ་འཛིན་སྔོན་པོ་དབྱུག་པ། རླུང་འཛིན་དམར་སྐྱ་མདུང་ཐུང་། གནས་བཅས་ལྗང་གུ་རལ་གྲི། དྲག་འཛིན་དམར་པོ་རིན་ཆེན་བེ་ཅོན། མདུང་འཛིན་སེར་པོ་རིན་ཆེན་དབྱུག་པ། སྒྲ་འཛིན་སྔོན་པོ་དགྲ་སྟེ། བསམ་འཛིན་སེར་པོ་རྡོ་རྗེའི་ཞགས་པ། གཡོ་འཛིན་སྔོན་པོ་རིན་ཆེན་དབྱུག་ཐོ། རྫོགས་བྱེད་སེར་པོ་བུམ་པའོ། །འདི་ལ་ལས་དར་དང་རིན་པོ་ཆེའི་རྒྱན་ཅན། གཡོན་ཕལ་ཆེར་སྡིགས་མཛུབ་ཅན་དུ་འདོད་པ་ཡོད་ནའང་། བདག་གིས་གཙང་དུ་རྒྱལ་མཁར་རྩེའི་ཕོ་བྲང་གི་ཁྱམས། དཔལ་འཁོར་ལོ་བདེ་ཆེན་སོགས་སུ་བྲིས་སྐུ་ཁུངས་མ་ལ་ཐམས་ཅད་བསེ་ཁྲབ་བསེ་རྨོག་ཅན་ལ། ཕྱག་གཡོན་ཐམས་ཅད་ནེའུ་ལེ་ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཅན་བྱས་གདའ་སྣང་ཡོད་པས་དེ་ལགས་སོ། །དེ་ལྟར་ཕྱོགས་སྐྱོང་གནོད་སྦྱིན་རྣམས་པད་འདབ་རེ་རེའི་


CMR034_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་འཁོར་བདུན་འབུམ་རེ་ཡང་མི་དགོས་པར་ཤོང་བ། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གི་འཁོར་དུ་མ་དང་བཅས་པ། དཀྱིལ་འཁོར་གཞལ་ཡས་ཁང་གི་ཕྱི་པདྨ་རྡོ་རའི་ནང་དུ་འཁོར་ཡུག་རེ། མཁན་པོ་ཞི་བ་འཚོ་སློབ་དཔོན་པདྨ། ཆོས་རྒྱལ་མེས་དབོན་གསུམ་ནས། དམར་གཡོ་གཙང་གསུམ་ཡན་གྱི་ལོ་པཎ་ཐམས་ཅད། ཇོ་འབྲོམ་ཁུ་རྔོག །ཁ་ཆེ་པཎ་ཆེན་ནས་རྗེ་ཆོས་ཀྱི་དབང་ཕྱུག་ཡན་ཆད་ཀྱི་ཕྱི་དར་གྱི་མཁས་གྲུབ་ལོ་པཎ་ཐམས་ཅད་ཀྱང་། བདེ་གཤེགས་བདུན་ལ་མཆོད་པ་འབུལ་ཞིང་བཞུགས་པ་དེ་དག་གི་བར་མཚམས་ཐམས་ཅད་དུ་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པ་མཆོད་པ་འབུལ་བཞིན་པར་བསྒོམ་མོ། །དམ་བཅས་པ་བཞིན་དུ་བསྒྲུབ་ཅིང་བཞུགས་པར་གྱུར་ཞེས་པ་ཡན་གྱི་དམིགས་རིམ་མོ། །དེ་ནས་གཞུང་གི་ཕྱིའི་ཁྱམས་ན་ཤར་སྒོའི་ཐད་དུ་ཁྲུས་ཀྱི་ཁང་པ་རྒྱུ་རིན་པོ་ཆེ་ཤེལ་ལས་གྲུབ་པ་དྭངས་ཤིང་འོད་གསལ་བ་མེ་ལོང་གི་ངོས་ལྟ་བུ་རིན་པོ་ཆེའི་ཀ་བ་བཞིས་བཏེག་པ་མདུན་དང་ལོགས་གསུམ་ཧད་པོ། རྒྱབ་ལོགས་མེ་ལོང་ལྟར་གསལ་བ། དེ་ནས་དཀྱིལ་འཁོར་དབུས་ཀྱི་ལྷ་རྣམས་ཀྱི་སྐུ་གཟུགས་སྐུ་སྤྲུལ་ལྟ་བུ་རེ་ལྷ་རྣམས་ཀྱི་ཐུགས་ཀ་ནས་བྱོན་པར་


CMR034_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ་རང་གི་ཐུགས་ཀ་ནས་སྐུ་སྤྲུལ་པ་ལྷ་མོ་མང་པོས་ལྷ་སོ་སོ་ལ་ལ་ལས་ཁྲུས་གསོལ། ལ་ལས་ཀ་ཤི་ཀའི་རས་ཀྱིས་ཕྱི། ལ་ལས་ཙནྡན་གྱི་བྱུགས་པས་བྱུག །ལ་ལས་ལྷའི་ན་བཟའ་གསོལ། དེ་ལྟར་བྱས་ནས། ཐམས་ཅད་དཀྱིལ་འཁོར་གྱི་ལྷ་སོ་སོའི་ཐུགས་ཀར་སྐུ་ལས་སྤྲུལ་པ་བསྡུས་པར་བསྒོམས་ལ་ཁྲུས་གསོལ། གླིང་བཞི་རི་རབ་ཡིད་ཀྱིས་སྤྲུལ་པའི་མཎྜལ། དངོས་སུ་ཡང་གླིང་བཞི་རི་རབ་ཉི་ཟླ་བྱེ་བ་ཕྲག་བརྒྱ་ཡོད་པ་བློས་བླངས་ནས་ཕུལ་བར་དམིགས་ལ་མཎྜལ་ཕུལ། དེ་ནས་རང་གི་ལུས་བྱེ་བ་དུང་ཕྱུར་རྡུལ་གཅིག་སྟེང་ན་རྡུལ་སྙེད་སྤྲུལ་པ་སྟེ། ལྷ་ཚོགས་རེ་རེའི་དྲུང་དུ་བདག་ལུས་གྲངས་མེད་པས། ལ་ལས་ཕྱག་འཚལ། ལ་ལས་མཆོད་པ་བྱེད། ལ་ལས་སྐྱབས་སུ་འགྲོ་བ་ཞུ་བར་བསྒོམས་ལ་ཕྱག་འཚལ་མཆོད་སོགས་བརྗོད། དེ་ནས་ཡིད་ལས་སྤྲུལ་པའི་ལྷའི་བུ་དང་བུ་མོ་གྲངས་མེད་པས། མེ་ཏོག་བདུག་སྤོས་སོགས་མཆོད་པ་སོ་སོར་དཔག་ཏུ་མེད་པ་ཐོགས་ཏེ། སོ་སོར་གྱ་ནོམ་པས་མཆོད་པར་བསྒོམ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བདེ་སྐྱིད་དང་ལོངས་སྤྱོད་མདོ་སྡེ་རྣམས་ནས་གསུངས་པ་དེ་ཐམས་ཅད་ཀྱང་བློས་བླངས་ཏེ་མཆོད་པར་འབུལ་ལོ་སྙམ་པ་


CMR034_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འཇིག་རྟེན་ཁམས་འདི་དང་གཞན་རྣམས་སུ་བདག་པོ་མེད་པའི་རྒྱ་མཚོའི་འགྲམ་ན་རྡོ་ཐམས་ཅད་རིན་པོ་ཆེ་དང་བྱེ་མ་ཐམས་ཅད་གསེར་དུ་ཡོད་པ། ལྷ་ཡུལ་དང་བདུད་རྩི་དར་ཟབ་ཐམས་ཅད་ཤིང་ལས་བདག་མེད་དུ་གྲུབ་པ་ཐམས་ཅད་འབུལ་བར་དམིགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་ངོ་ཚ་ཞིང་གནོང་འགྱོད་ཆེན་པོས་བཤགས་སྙམ་པ་དང་། གང་དག་དགེ་བ་སུས་བྱས་པ་དེ་ལ་རྗེས་སུ་ཡི་རང་སྙམ་པའི་ཡིད་དགའ་བར་བྱས་པ་དང་། བདེ་གཤེགས་དེ་དག་སོགས་ལ་ཆོས་འཁོར་བསྐོར་བ་ཞུ་བ་འབུལ་བ་དང་། མྱ་ངན་ལས་མི་འད་འ་བར་བཞུགས་པར་ཞུ་བ་དང་། འདིར་མདོ་སྡེ་གཉིས་ནས་གསུངས་པ་ལྟ་བུའི་ཆོ་ག་བྱས་པ་ཡིན་པས། དེའི་ཕན་ཡོན་མདོ་སྡེ་གཉིས་ནས་ཇི་སྐད་གསུངས་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། སྙམ་པས་གཞུང་གི་འདོད་གསོལ་བྱས་ལ། དེ་ནས་སངས་རྒྱས་བརྒྱད་པོའི་ཐུགས་ཀར་ཟླ་བའི་གདན་ལ་སྐུ་མདོག་དང་མཐུན་པའི་ཧཱུཾ་ཡིག་ལ། སྐུ་མདོག་གི་ཁ་དོག་དང་མཐུན་པའི་གཟུངས་འདིས་སོ་སོར་བསྐོར་བར་བསྒོམ་སྟེ།


CMR034_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཁའི་གཟུངས་གཅིག་འདི་ཡིན་ནོ། །དེ་ནས་མདུན་གྱི་སངས་རྒྱས་བརྒྱད་ཁའམ། གཙོ་ཆེར་སྨན་ལྷའི་ཐུགས་ཀར་སྔགས་ཕྲེང་དེ་རང་གི་ཡི་གེ་ལྟར་འདོན་པའི་ཚུལ་དུ་འཛབ་བཟླ་། དེ་བཞིན་དུ་སངས་རྒྱས་བརྒྱད་ཁ་ལ་སོ་སོར་དམིགས་ལ་བཟླ། དེ་ནས་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་མི་གཡོ་བར་འོད་ཟེར་ཁ་དོག་ལྔ་པ་གཡས་སུ་འཁོར་བར་དམིགས་ལ་བཟླ་དེ་སྔགས་ཕྲེང་གཡས་སུ་འཁོར་བར་དམིགས་ལ་བཟླ། དེ་ནས་སྔགས་ཕྲེང་ཧཱུྃ་དང་བཅས་པ་ལས་འོད་ཟེར་འཕྲོས་ཏེ་སྐུ་གང་། འོད་ཟེར་མཛོད་སྤུའི་སྒོ་ནས་ཐོན་ཏེ་བདག་དང་བསྲུང་བྱའི་གཙོར་བྱས་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས། སྡིག་སྒྲིབ་སྦྱང་སྨན་བླ་མཆེད་བརྒྱད་ཀྱི་བྱིན་རླབས་འཇུག་པར་བསྒོམས་པ་ཁོ་ནས་ཀྱང་ཆོག་ལ། རྒྱས་པར་སྤྲོ་ན་བདེ་གཤེགས་བརྒྱད་སོ་སོར་དམིགས་ཏེ། མཚན་ལེགས་པར་ཡོངས་བསྒྲགས་ཀྱི་ཐུགས་ཀ་ནས་འོད་ཟེར་གསེར་བཙོ་མ་ལྟ་བུ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཐམས་ཅད་ཞི། མིག་སོགས་དབང་པོའི་ནད་ཞི་བ་དང་། མཚམས་མེད་ལ་སོགས་པའི་སྡིག་པ་དག་པ་དང་ངན་སོང་གི་ལམ་འགགས་པ་དང་། ནོར་དང་ལོངས་སྤྱོད་ཕུན་སུམ་


CMR034_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་། བཙོན་དང་ཆད་པ་ལས་ཐར་བ་དང་། གཅན་གཟན་དུག་སྦྲུལ་འཇིགས་པ་ཞི་བ་དང་། འཐབ་རྩོད་ཀྱི་འཇིགས་པ་ཐམས་ཅད་ཞི་བ་དང་། ཆུའི་འཇིགས་པ་ཐམས་ཅད་ཞི་བར་བྱས་པར་བསྒོམ་མོ། །སངས་རྒྱས་རིན་ཆེན་ཟླ་བའི་ཐུགས་ཀ་ནས་འོད་ཟེར་དམར་སེར་ལི་ཁྲིའི་ཁ་དོག་འཕྲོས། བདག་དང་བསྲུང་བྱ་ལ་སོགས་སེམས་ཅན་ཐམས་ཅད་ལ་ཕོག་པས། དཀའ་ལས་མི་དགོས་པར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ལེན་པའི་སྡུག་བསྔལ་ལས་ཐར་བ་དང་། མངལ་ནས་བཙའ་བའི་སྡུག་བསྔལ་རྒྱུན་ཆད་པ་དང་། འཆི་བའི་འཇིགས་པ་དང་དགྲའི་འཇིགས་པ་ལས་ཐར་བ་དང་། སྐྱེ་བ་ཀུན་ཏུ་མུན་ནག་ལས་ཐར་བ་དང་། སྐྱེ་བ་ཀུན་ཏུ་ཤེས་རབ་ཕུན་སུམ་ཚོགས་པ་དང་། ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་པ་དང་། བསྐལ་པ་འཇིག་དུས་ཀྱི་སྡུག་བསྔལ་མི་མྱོང་བར་བྱས་པར་བསྒོམ་ཞིང་བཟླ། གསེར་བཟང་དྲི་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཁ་དོག་ལྟ་བུ་བདག་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པས། དུས་མིན་འཆི་བ་ཐམས་ཅད་མི་འབྱུང་བ་དང་། བསྒྲེས་སྐོམ་དབུལ་ཕོངས་ཞི་བ་དང་། ཕན་ཚུན་གནོད་སེམས་ཞི་ནས་བྱམས་པའི་


CMR034_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་གནས་པ་དང་། ཚུལ་ཁྲིམས་མི་ཉམས་པར་གྱུར་པར་བསྒོམས་ལ་བཟླའོ། །སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་དམར་སྐྱ་འཕྲོས་ཏེ་བདག་དང་སེམས་ཅན་ཐམས་ཅད་ལ་ཁྱབ་སྟེ། མྱ་ངན་དང་སྡུག་བསྔལ་ཞི་བ་དང་སྡུག་བསྔལ་མི་མྱོང་། དམྱལ་བ་ལས་ཐར་ཞིང་བྱང་ཆུབ་མ་ཐོབ་བར་དུ་ལྷ་མིའི་བདེ་བ་མྱོང་བ་དང་། ཟས་གོས་བཟའ་བཏུང་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཐམས་ཅད་དུ་བདུད་དང་ལྷ་འདྲེས་མི་ཚུགས་པ་དང་། དེ་རྣམས་གྲུབ་པར་བྱས་པར་བསྒོམ་ཞིང་བཟླའོ། །སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་ལ་དམར་བའི་མདོག་ཅན་འཕྲོས་པས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཁྱབ་པས། ལོག་ལྟའི་སྒྲིབ་པ་བྱང་ནས་སྐྱེ་བ་ཐམས་ཅད་དུ་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་བ་ན་མཐའ་འཁོབ་ཏུ་མི་སྐྱེ། །ཡོ་བྱད་ཕུན་སུམ་ཚོགས་པ་དང་། འཐབ་རྩོད་དང་གནོད་པ་དང་བསད་ཤོམ་དང་བརྡུང་བཏགས་སྨྲས་འགྲམ་གྱི་གནོད་པ་སྐྱེ་བ་ཐམས་ཅད་དུ་མི་འབྱུང་། ནམ་དུ་ཡང་དགྲ་མི་འབྱུང་བ་བྱས་པར་བསྒོམ་ལ་བཟླའོ། །སངས་རྒྱས་ཆོས་བློ་མངོན་མཁྱེན་གྱི་ཐུགས་ཀ་ནས་འོད་ཟེར་དམར་སྨུག་འཕྲོས་ཏེ་བདག་དང་


CMR034_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ལ་ཕོག་པས། ཟས་ནོར་འདོད་ཕྱིར་མི་དགེ་བ་བྱེད་པ་ཞི་བ་ནས་མི་དགོས་པར་ལོངས་སྤྱོད་འཕེལ་བ་དང་། དགེ་བ་བཅུ་དང་ལྡན་ཞིང་དམྱལ་བར་མི་འགྲོ་བ་དང་། ཆད་པ་དང་བཀྱིག་བརྡུང་དང་བཙོན་ར་ལས་ཐར་བ་དང་། སྐྱེ་བ་ཐམས་ཅད་དུ་མཐོ་རིས་སུ་སྐྱེ་བར་བྱས་པར་བསྒོམས་ལ་སྔགས་བཟླའོ། །སྨན་བླའི་ཐུགས་ཀ་ནས་འོད་ཟེར་བེཟླུརླ་ལྟ་བུ་བྱུང་བས་བདག་གཞན་ཐམས་ཅད་ལ་ཁྱབ་སྟེ། ཚུལ་ཁྲིམས་མི་ཉམས་པ་དང་དབང་པོ་མ་ཚང་བ་ཐམས་ཅད་ཞི་བ་དང་། ནད་ཐམས་ཅད་ཞི་བ་དང་། བུད་མེད་ཀྱི་སྐྱེ་སྒོ་ཆོད་པ་དང་། སྤྱོད་པ་དང་ལྟ་བ་རྣམ་པར་དག་པ་དང་། རྒྱལ་པོའི་ཆད་པ་དང་། རྡེག་པ་དང་གསོད་པ་ལས་ཐར་བ། ཟས་དང་གོས་ཕུན་སུམ་ཚོགས་པ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ཏེ་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་བྱང་བར་བསྒོམས་ལ་བཟླའོ། །ཤཱཀ་ཐུབ་ཀྱི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་པས། བྱང་ཆུབ་ལས་ཕྱིར་མི་རྗེལྡོག་པ་དང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས་པར་བསྒོམས་ལ་བཟླའོ། །མཇུག་ཏུ་འཁོར་ཐམས་ཅད་ཀྱི་ཡང་རང་རང་གི་དམ་བཅས་པའི་ཕྲིན་ལས་སྐད་ཅིག་མས་སྒྲུབ་ཡོད་སྙམ་


CMR034_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམ་སྟེ། གཟུངས་རིང་བཅུ་བདུན་ཡན། སྟོང་ཕྲག་མན་ཆད་ཅི་ཐོན་པ་ཞིག་འདོན་ནོ། །དེ་ནས་རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ལ་ཕྱག་འཚལ་བའི་མོས་པས། ཕྱག་རབ་ལྟའདོན་ཅིང་ཕྱག་འཚལ་བའམ། ཐལ་མོ་སྦྱར་ནས་འདུད་པར་བྱའོ། །དེ་ནས་འཕགས་པའི་ཚོགས་ཞེས་སོགས་རྗེས་ཆོག་མཆོད་པ་དང་། མཐར་ཐུག་འཚང་རྒྱ་བ་དང་། གནས་སྐབས་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་ཐམས་ཅད་དུ་བདེ་ལེགས་འབྱུང་བའི་འདོད་དོན་ཞུས་ནས། བཟོད་གསོལ་སོགས་གཞུང་ལྟར་ལས། རྟེན་མེད་ན་གཞུང་ལྟར་ལ། སྐུ་གཟུགས་སོགས་ཡོད་ན། དོན་མཛད་ལགས་ཀྱི་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་འཇིག་གི་བར་དུ་བརྟན་པར་བཞུགས། འཇིག་རྟེན་པ་རྣམས་སོ་སོའི་ཁམས་སུ་བཞུད་པར་ཞུ། དེ་ནས་རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་སྨོན་ལམ་བྱའོ། །ཐུན་མཚམས་འདིར་རིག་བཏང་དགོས་ན་ཡང་བཏང་། ཐུན་ཞབས་སུ་མི་རུང་། དེ་མིན་ཆབ་བསིལ་དང་ཟས་ཟ་འཐུངས་བྱས་ན་ཆབ་ལེན་ནོ། །ཧ་བགད་གླལ་བ་འོག་རླུང་ཤོར་ཡང་ཕྲེང་


CMR034_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐང་དུ་བཞག་ལ་ཆབ་ལེན། ཨོཾ་བཛྲ་སཏཱ་སོགས་བཤགས་ཚིག་རེ་བརྗོད་པར་བྱའོ། །དེ་ཅི་ཞེ་ན། བདག་བསྐྱེད་མེད། བདག་ཐ་མལ་པའི་ལུས་སུ་ཡོད་པས་ལྷ་རྗེ་དཔོན་གྱི་ཚུལ་དུ་སྒྲུབ་པ་བྱ་རྒྱུད་ལུགས་ཡིན་ནོ། །དེ་ནས་སྔར་ལྟར་ཐུན་བཟུང་སྟེ། སྔ་དྲོ་ཐུན་གཉིས། ཕྱི་དྲོ་ཐུན་གཉིས་དང་བཞི་བྱ། མ་ཐུབ་ན་སྔ་དྲོ་ཉིན་ཕྱེད་དགོང་ཁ་གསུམ་བྱའོ། །རྒྱས་པར་ཉིན་གསུམ་མཚན་གསུམ་བཤད་ཀྱང་དེ་ནི་འཁྱོངས་དཀའ་བས། མཚན་ལ་རྒྱུན་ཁྱེར་གྱི་ཐུན་ཐམས་ཅད་བྱེད་པ་ལེགས་སོ། །ལྷ་ཡེ་ཤེས་པ་གཤེགས་པའམ་བསྟིམ་པར་མི་བྱེད་པར་ཞག་ཕོག་མི་རུང་བ་བྱ་སྤྱོད་ལུགས་སོ། །དེ་ལྟར་ཚེས་བརྒྱད་ནས་རྒྱབ་རེས་ཚེས་བཅོ་ལྔ་བར། ཞག་ཞེ་དགུའམ་ཟླ་བ་གཅིག་གམ། ཉེར་གཅིག་གམ། །བདུན་གཉིས་བདུན་གཅིག་ཡན་ཅི་ལྕོགས་བསྒྲུབ། རྟགས་ནི་སྤྱི་དང་འདྲ་བས་འདིར་གེལ་དུ་གསུངས་པ་མི་སྣང་ངོ། །འོན་ཏེ་སྒྲིབ་པ་དག་པ་དང་། ནད་ཞི་བ་དང་། འཇིགས་པ་ཐམས་ཅད་ལས་ཐར་བ་དང་བསོད་ནམས་འཕེལ་བའི་རྨིས་ལྟས་སྤྱི་ལྟར་འོང་ངེས་སོ། །ཕན་ཡོན་བྲིར་མི་ལོང་མདོ་གཉིས་ལ་བལྟ་བར་བྱའོ། །ཞེས་མཐར་ཕྱིན་ལ་སོགས་ལ་ཕན་ཕྱིར་ཨ་


CMR034_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་གས་བྲིས་པ་ལ་ཉེས་འགལ་བཤགས་ཤིང་དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་སྨན་ལྷ་མཆེད་བརྒྱད་ཀྱི་བསྙེན་པ་བྱ་ཚུལ་ཕྱག་ལེན་དམིགས་རིམ་ཤིན་ཏུ་གསལ་བ།next