Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྲིས་སྐུ་འབུར་སྐུའི་ཕན་ཡོན།
   
   
   
   
   
   
   
   
   


 
previousབྲིས་སྐུ་འབུར་སྐུའི་ཕན་ཡོན།next

བྲིས་སྐུ་འབུར་སྐུའི་ཕན་ཡོན།


CMR034_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྐུ་འབུར་སྐུའི་ཕན་ཡོན་བཞུགས་པའི་དབུ་ལེགས་སྤྲོ།


CMR034_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ན་ཡེ། མཆོད་རྟེན་སྐུ་གཟུགས་དཀྱིལ་འཁོར་སོགས། །རིས་སུ་བྲིས་དང་འབུར་དུ་བཏོད། །བཞེངས་པའི་ཕན་ཡོན་ཅུང་ཟད་བརྗོད། །དེ་ཡང་དམ་ཆོས་པདྨ་དཀར་པོ་ལས། །ས་དང་སོ་ཕག་ལ་ནི་རྩིག་པ་ལས། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་གང་དུ་བྱས་པ་དང་། །བྱིསྦས་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་དང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གང་གིས་རྩིག་ངོས་


CMR034_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་རི་མོ་དག །བསོད་ནམས་མཚན་གྱི་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞན་ཡང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་གམ་ཚད་པར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་གིས་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་སམ་རྩིག་ངོས་འབྲི་འམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་


CMR034_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་རིམ་གྱིས་ཉོན། །མིག་ལྟ་མ་ཡིན་ལོང་བ་ཞར་མི་འགྱུར། །སྒྱུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་ཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང་། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་ལྡན་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་སྒྱུ་མེད་ཅིང་རྒྱལ་པོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན། །ཡང་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་འོད་དང་ལོངས་སྤྱོད་ལྡན། །དབང་པོ་གསལ་ཞིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར།སུ་དག་བདེ་བར་གཤེགས་པའི་སྐུ་གཟུགས་བྱེད། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ལ་ཡང་། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་


CMR034_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐར། །སུ་དག་འཇིག་རྟེན་མགོན་གྱི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་སྐྱེ་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོང་མེད་ལུས་ཀྱང་བརྟན་པ་དང་། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན་། །དགྲ་བོའི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་ཀྱི་རྗེས་མཐུན་ཆོས་ལ་བསྒྲུབ་པ་དང་། །ཚུལ་ཁྲིམས་ཐོབ་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་འགྲུབ་པར་མཛོད། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུག་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་མེད་འགྱུར་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་ལྡན་ཕྱུག་པོར་འགྱུར། །ཞེས་དང་། སུ་དག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ལ། །ཚོན་རྩི་སྣ་ཚོགས་དག་གིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །དཀོན་མཆོག་གསུམ་ཕྱིར་མི་རྣམས་གང་དག་གིས། །


CMR034_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྒྱལ་བའི་དཀྱིལ་འཁོར་བྱས་པས་ནི། །རྐང་ལག་སོར་མོ་དྲ་བས་འབྲེལ་བ་དང་། །ཡན་ལག་ཐམས་ཅད་ཀྱང་ནི་སྐྱོན་མེད་འགྱུར། །ཞེས་དང་། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་སྙེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་དཔལ་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ་། །ཅེས་སོགས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་འཕགས་པ་དགའ་བ་ཆེན་པོའི་མདོ་ལས། གླིང་བཞི་ཐམས་ཅད་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པས་གང་བ་ལ། ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་གཅིག་བྱེད་ན་བསོད་ནམས་འབུམ་འགྱུར་གྱིས་ཆེ་བར་གསུངས། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞག་པ་ཞེས་བྱ་བའི་མདོ་ལས་ཤིན་ཏུ་རྒྱ་ཆེར་གསུངས་ཀྱང་བྲི་བར་མི་ལོངས་ལ། རང་གི་ལུས་ཀྱིས་བཞེངས་པའི་ཕན་ཡོན་ཡང་། གསལ་


CMR034_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱིས་ཞུས་མདོར། མི་རྣམས་སུ་དག་དགའ་ཞིང་གུས་པ་ཡིས། །བླ་མེད་ཆེན་པོ་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་སོགས་གསུངས་སོ། །ག་ཚད་ཐིག་ཚད་མ་ཚང་བ་ལ་ཕན་ཡོན་མི་འབྱུང་བ་ནི་མ་ཡིན་ཏེ། བྱིསྦས་རྩེད་མོའི་ཕྱིར་འབྲི་བ་དང་། རི་མོ་བསླབ་པའི་ཚེ་སེན་མོའི་ངོས་སུ་འབྲི་བ་དང་། འབྲི་ཕེར་རམ་ཚད་སྤྱིའི་ཕྱིར་བྲིས་པ་ལ་ཡང་ཕན་ཡོན་བྱང་ཆུབ་འཐོབ་པར་གསུངས་པའི་ཕྱིར། དེ་ཙམ་ལ་བྱང་ཆུབ་འཐོབ་པར་གསུངས་པ་ནི། རྫོགས་པའི་སངས་རྒྱས་ལ་འབྲེལ་པ་ཅུང་ཟད་རེ་ཐོགས་པ་ཐམས་ཅད་མཐར་བྱང་ཆུབ་ཐོབ་ཅིང་། དེ་མ་ཐོབ་བར་དུ་དེ་མི་ཟད་པ་རྒྱ་མཚོའི་ཆུ་ཐིགས་ལྟ་བུ་ཡིན་གྱི། དེ་ཁོ་ནས་དུས་ཉེ་བར་བྱང་ཆུབ་ཐོབ་གསུངས་པ་ནི་མིན་པར་གོ་བར་བྱའོ། །ཞེས་པ་ཡང་བླ་མ་ཆོས་དབང་ཀུན་བཟང་གིས་བསྐུལ་ནས་ཨ་རཱ་གས་འཕྲལ་དུ་བསྡུས་ཏེ་བཀོད་པས་དགེ་བསྐུལ་རྒྱ་ཆེན་པོར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབྲིས་སྐུ་འབུར་སྐུའི་ཕན་ཡོན།next