Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་ཞི་བ་རྣམས་ཀྱི་ཐིག་རྩ་ཐམས་ཅད་མདོར་བསྡུས་པ་དོན་གསལ་བ།
   
   
   
   
   
   
   
   


 
previousལྷ་ཞི་བ་རྣམས་ཀྱི་ཐིག་རྩ་ཐམས་ཅད་མདོར་བསྡུས་པ་དོན་གསལ་བ།next

ལྷ་ཞི་བ་རྣམས་ཀྱི་ཐིག་རྩ་ཐམས་ཅད་མདོར་བསྡུས་པ་དོན་གསལ་བ།


CMR034_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཞི་བ་རྣམས་ཀྱི་ཐིག་རྩ་ཐམས་ཅད་མདོར་བསྡུས་པ་དོན་གསལ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR034_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་གྷོ་ཥ་ཡ། དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱིས། །སྐུ་ཡི་གསང་བའི་མཛོད་འཆང་བ། །འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །རི་མོའི་ཐིག་རྩ་གསལ་བཀོད་བྱ། །དེ་ལ་ཤཱ་རིའི་བུས་ཞུས་ཐིག་རིགས་མི་འདྲ་བ་གསུམ་དང་། དྲང་སྲོང་ཨ་འདྲེའི་བུས་བཤད་པའི་ཐིག་རྩ་རྣམས་ནི། བོད་བླུན་པོའི་རང་བཟོ་བྱས་པ་རྒྱ་གཞུང་ལ་ཁ་གཡར་བ་ཡིན། དུས་འཁོར་སྡོམ་འབྱུང་སོགས་མདོ་རྒྱུད་ཚད་ལྡན་རྣམས་ཀྱི་ལུང་དང་འགལ་བ་དང་། རིགས་པས་བརྟག་ན་ཡང་ཚིག་སྔ་ཕྱི་འགལ་བ་དང་། སྐུ་གཟུགས་ཆུ་ཞེང་མི་གབ་པར་ཤང་ཤང་པོར་གྱུར་པས་


CMR034_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་སོགས་མཁས་པས་ལེགས་པར་བརྟག་ན་སྐྱོན་དུ་མ་དང་ལྡན་ཞེས་སྤྲུལ་སྐུ་སྨན་ཐང་ཆེན་པོས་བཀག་པ་རྒྱ་ཆེར་མཛད་མོད། འོན་ཀྱང་ཆོས་མ་ཡིན་པ་ཆོས་སུ་སྨྲ་བ་དང་། ཆོས་ལ་ཆོས་མ་ཡིན་པར་སྨྲ་བ་ནི་ཆོས་སྤང་གི་ལས་ཏེ་མཚམས་མེད་ལྔ་ལས་སྡིག་ཆེ་བར་གསུངས་པའི་ཕྱིར། ཐིག་རྩ་དེ་རྣམས་བཀག་པ་ཡང་མི་བྱ། རྗེས་སུ་ཡང་མི་འཇུག་པར་བཏང་སྙོམས་སུ་བཞག་ནས། རང་ལུགས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆེན་པོ་དྲི་མེད་འོད་ལས་སོར་བརྒྱ་དང་ཉེར་ལྔ་གསུངས་པ་དང་། སྡོམ་འབྱུང་ནས་སོར་བརྒྱ་དང་ཉི་ཤུ་གསུངས་ཀྱང་། སྡོམ་འབྱུང་གི་


CMR034_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལས་དེ་བཞིན་གཤེགས་པའི་སྐུ་ལ་ཞལ་རེ་ལ་སོར་ཕྱེད་ཕྱེད་སྣོན་པར་བཤད་པ་གཉིས་དགོངས་པ་མཐུན་པར། འཇམ་དབྱངས་ཀྱི་སྤྲུལ་པ་སྨན་ཐང་ཆེན་པོའི་ལུགས་འདི་ཡིན། འདི་ལ་རྒྱུད་གཞུང་གི་ལུང་འདྲེན་དགག་བཞག་དང་། འབུར་སྐུའི་སྐོར་ཐིག་སོགས་ཐམས་ཅད་མཉམ་དུ་གསུངས་པས། ཅུང་ཟད་གོ་དཀའ་བར་ཡོད་པས། སློབ་དཔོན་གྱི་གསུང་རྒྱུན་བསླད་མེད་དང་། བརྟག་དཔེ་ཁུངས་ཐུབ་དང་། ཐིག་རྩ་རྣམས་བསྟུན་ཏེ་གོ་བདེ་བར་བརྗོད་པ་ནི། ༈ ཆག་འགོ་བསྐོར་ནས་ཚངས་ཐིག་གདབ། །དེ་ནས་སྟོན་པ་རྣམ་གསུམ་སོགས་། །སངས་རྒྱས་སྤྲུལ་པའི་སྐུ་ཡི་གཙུག་ཏོར་གྱི་ཏོག་སོར་དོ། གཙུག་ཏོར་སོར་བཞི། དབུ་སྐྲ་སོར་ཕྱེད་ལྔ། སྐུ་མཚམས་ནས་མཛོད་སྤུའི་བར་སོར་བཞི། དེ་ནས་ཤངས་རྩེའི་བར་སོར་བཞི། དེ་ནས་སྐོས་སྐོའི་བར་སོར་བཞི། སྐོས་སྐོ་སོར་ཕྱེད། དེ་ལྟར་ཚད་གཅིག་ལ་སོར་ཕྱེད་བཅུ་གསུམ་ཡོད། དེ་ནས་མགྲིན་པ་སོར་བཞི། དེ་ནས་ཐུགས་ཀའི་བར་དུ་ཞལ་ཚད་གཅིག །ཐུགས་ཀ་ནས་ལྟེ་བའི་བར་ཞལ་གང་། ལྟེ་བ་སོར་བཞི་གསང་སྒོ་སོར་ཕྱེད་དགུ་ཡིན་ཀྱང་བཞུགས་སྐུ་ལ་སོར་ཕྱེད་གབ་པ་དངོས་སུ་རྒྱབ་མི་དགོས་པར་སྨན་


CMR034_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་པ་ཡིས་བཞེད་པ་ཡིན་པས་སོར་བརྒྱད་བྱ། དེ་ནས་སོར་བཞི་པ་གཉིས་རྒྱབ་པ་སྐྱིལ་ཀྲུང་། དེ་ནས་སོར་བཞི་གོས་མཁྱུད་འདབ་མའོ། །འཕྲད་ཐིག་ནི། །ཚངས་ཐིག་ནས་མཆན་ཁུང་བར་ཞལ་གང་། དེ་ནས་སོར་བཞི་དཔུང་མགོ །དེ་ནས་སོར་དོ་དཔུང་ཟུར། དེ་ནས་སོར་བརྒྱད་པུས་མོ་ཡིན། དེ་ནས་ཞལ་ཐིག་ནི། ཚངས་ཐིག་ནས་སོར་ཕྱེད་དྲུག་སྙན་གྱི་རྩ་བ། དེ་ནས་སོར་དོ་སྙན་སྟོད་ཀྱི་ཞེང་ཡིན་ནོ། །དཔྲལ་ཞེང་སོར་བརྒྱད་དམ་བཅུ། ཟླ་ཞལ་སྒོང་ཞལ་གང་བྱེད་ཀྱི་ཁྱད་པར་རིམ་པར་བྲིའོ། །མཛོད་སྤུའི་ཕྲད་ཐིག་ལ་སྨིན་མའི་དབུས་མཐོ་བ་དང་། སྙན་གྱི་རྩེ་མོ་གཉིས་གཏད་དོ། །དེ་ནས་སོར་གང་འཕྲད་ཐིག་འོག་ལ་སྤྱན་བཏོད། ཤངས་རྩེའི་འཕྲད་ཐིག་གི་སྙན་དང་སྙན་ཤལ་མཚམས་ནས་སྐུ་མཚམས་ཚངས་ཐིག་སྟེང་ཐིག་བཏབ་པས། སྤྱན་གྱི་ཕྱི་སོ་གཏད་པ་འབྱུང་། མ་ནེའི་ཚངས་ཐིག་ནས་སོར་གཉིས་རེ་བྱས་པས་མ་ནེའི་སོར་བཞི་ཡི་ཟུར་ནས་སྐུ་མཚམས་སུ་ཐིག་བཏབ་པས་སྤྱན་གྱི་སྔ་སོ་གཏད་པ་དང་ཤངས་མཁལ་གྱི་ཕྱི་གཏད་པ་དང་། ཞལ་བཞུགས་ཀྱི་འཛུམ་གཉིས་ཀྱིས་ནང་གཉིས་ཀྱི་གཏད་པ་དང་གསུམ་འབྱུང་། མ་ནེའི་ཕྱི་ཟུར་ནས་


CMR034_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྱི་རྩེ་མོ་དང་མཛོད་སྤུའི་འཕྲད་ཐིག་འཛོམ་པར་ཐིག་བཏབ་པས་ཞལ་དཀྱིལ་གྱི་མཆུ་འབྱུང་། ཞལ་དང་མགྲིན་པའི་མཚམས་ཀྱི་འཕྲད་ཐིག་དང་དཔུང་ཟུར་སོར་བཞི་དང་སོར་གཉིས་འཛོམས་སོ་ནས་ཐུར་དུ་གཅུས་ཐིག་ཟངས་དུང་ཁ་ལྟར་ཟླ་གདན་དང་སྐྱིལ་ཀྲུང་མཚམས་ཀྱི་ཚངས་ཐིག་ལ་ཐུག་པའི་ཐིག་གཉིས་བཏབ་པས། རྩིབ་ལོགས་དང་ལྟེ་བ་གསང་གནས་རྣམས་འབྱུང་ཞིང་ལོང་བུའི་དཀྱིལ་ཐིག་ཡིན། ཟླ་གདན་དང་ངར་གདོང་གི་ཐིག་སོར་བཞི་དང་སོར་གཉིས་འཛོམས་སོ་ནས་གྱེན་དུ་མགྲིན་པ་དང་ཐུགས་ཀའི་མཚམས་ཀྱི་ཚངས་ཐིག་ལ་ཐུག་པའི་ཐིག་གཉིས་བཏབ་པས། ཞབས་མགོ་དང་ཞབས་ཀྱི་སོར་མོ་ཡི་དཀྱིལ་ཚད་དང་གསུས་པའི་འདིར་གྱིས་ཐིག་དེ་ལ་ཐུག་ཙམ་དང་། ཐིག་དེའི་ཕྱི་སོར་རེའི་སོ་ནས་ནུ་མ་གཉིས་འབྱུང་སྟེ་ཐུགས་ཀའི་འཕྲད་ཐིག་ལའོ། །ངར་གདོང་དང་ཟླ་གདན་གྱི་མཚམས་ཀྱི་སོར་བཞི་དང་སོར་དོ་འཛོམ་སོ་ནས། གསང་གནས་དང་ཞབས་ཀྱི་ཐིག་གཉིས་ཀྱི་མཚམས་སོར་བཞི་དང་སོར་འཛོམ་སོ་ནས་དཀྱུས་ཐིག་གཉིས་བཏབ་པས་ཞབས་མགོ་ཡི་ཚད་དང་རྗེ་ངར་གཉིས་འབྱུང་ངོ། །དེ་ལྟར་ཐིག་མ་ནོར་བར་བཏབ་པས་སྐུའི་དབྱིབས་ཐིག་ལ་ཧ་ལམ་པ་དོད་ནས་འོང་ངོ། །


CMR034_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐིག་རྒྱོབ་མི་བདེ་ཡང་ཚད་ཐུར་ལ་ཚད་ཅིང་བྲི་སྟེ། སྨིན་མའི་རིང་ཐུང་ཕྲད་ལ་སོར་བཞི་བྲིའོ། སྤྱན་དཀྱུས་སོར་བཞི་ཞེང་ན་གཉིས། སྤྱན་གཉིས་བར་དུ་སོར་དོ། སྤྱན་གཞུག་སྙན་གྱི་བར་དུ་སོར་དོ། ཞལ་དཀྱུས་སོར་བཞི། མགྲིན་པའི་རི་མོ་དང་པོ་སོར་གཉིས་མེད་ཙམ། གཉིས་པ་སོར་གཅིག་ཅུང་ཟད་ལྷག་ཙམ། གསུམ་པ་སོར་དོའོ། །ཤངས་རྩེའི་འཕྲད་ཐིག་དང་སྙན་གྱི་རྩ་བ་འཛོམ་པའི་འོག་ནས་སོར་ཕྱེད་ལྔ་གཅིག་དང་གཉིས་དང་གསུམ་དང་ཕྱེད་གསུམ་གྱིས་རིམ་པར་ཞལ་ལ་ཕྲ་བས། ཞལ་སྨད་སྒོ་ངའི་དབྱིབས་སུ་བྲིའོ། །སྙན་དངོས་ཐུར་དུ་སོར་ཕྱེད་ལྔ་སྙན་ཤལ་སོར་ལྔ། ཞེང་སོར་མོ་ཕྱེད་དོ། །སྙན་ཤ་འབུར་སོར་ཕྱེད། ནང་རྒྱུ་སོར་གང་ངོ། །ཕྱིའི་ལྕགས་རི་སོར་ཕྱེད། དཔུང་གིང་རྩ་ནས་མཆན་ཁུང་བར་དུ་སོར་དྲུག་དང་ནས་གསུམ། མཆན་རྩེ་ནས་ཕྲག་གང་སྟོད་བར་སོར་དགུ། དཔུང་ལྷུ་སོར་ཉི་ཤུ། གྲུ་ཚིགས་སོར་རེ། ཕྱག་ངར་སོར་བཅུ་དྲུག །དཔུང་པའི་སྦོམ་ས་ལ་ཞེང་དུ་སོར་ཕྱེད་བཞི་དང་ནས་གང་དྲག་ཙམ། ཕྱག་ངར་སྦོམ་ས་ལ་སོར་ལྔ་དང་རྐང་པ་གཅིག་དང་ནས་ཕྱེད་ཙམ་ཞེང་དུའོ། །བྲང་ཞེང་སོར་ཉི་ཤུ་རྩ་ལྔ་སྟེ། མཚན་


CMR034_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་རྩ་ནས་རྩ་བའི་བར་དུ་ཡིན་ནོ། །ནུ་མ་གཉིས་ཀྱི་བར་དུ་ཞལ་གང་ཡོད། གསང་གནས་ཀྱི་འཕྲད་ཞིང་ལ་སོར་བཅོ་བརྒྱད་དོ། །ཞབས་མཐིལ་སོར་བཅུ་གཉིས། སོར་མོ་ཚུན་ཞབས་དཀྱུས་སོར་བཅུ་བཞིའོ། །ཕྱག་མཐིལ་སྲིད་དང་ཞེང་དུ་སོར་བདུན། གུང་མོ་སོར་ལྔ་སོར་མོ་གཞན་ཚིག་ཕྱེད་རེས་ཐུང་བའོ། །སེན་མོ་ནི་ཚིག་གིས་ཕྱེད་ནས་སྐྱེས་པའོ། །ཕྱག་གི་མཁྲིག་མའི་ས་ནས་སོར་བཞི་སོ་ནས་མཐེ་བོང་གི་རྩ་བ་འབྱུང་བའི་མཐེ་བོང་སོར་བཞི་བྱའོ། །དཔྱི་སོར་བཞི། བླ་ཞལ་ཚད་གཉིས། པུས་མོ་སོར་བཞི། རྗེ་ངར་ཞལ་ཚད་གཉིས། སྐྱིལ་ཀྲུང་བསྣོལ་མཚམས་རྟིང་པར་སོར་དོ། ཞབས་ཀྱི་དཔངས་སུ་སོར་ཕྱེད་ལྔ། སྐྱིལ་ཀྲུང་པུས་མགོ་གཉིས་དང་། སྐྱིལ་ཀྲུང་བསྣོལ་མཚམས་ནས་མཛོད་སྤུའི་བར་ཚད་མཉམ་མོ། །དེ་ལྟར་གཙུག་ཏོར་ནས་ཞབས་མཐིལ་བར་དུ་སོར་བརྒྱ་དང་ཉེར་ལྔ། ཕྱག་གཡས་ཀྱི་རྩེ་ནས་གཡོན་གྱི་རྩེའི་བར་དུ་སོར་བརྒྱ་དང་ཉི་ཤུ་རྩ་ལྔ་ཡོད་པས། སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ཅེས་གསུངས་པ་དང་མཐུན་ནོ། །རུས་ཁོག་ཐིག་དེ་རྣམས་མ་འཆུགས་པའི་སྟེང་ནས་འདྲ་སྙམ་ཅི་མཛེས་རུང་བར་བྱའོ། །རིགས་ལྔ་སོགས་སངས་རྒྱས་ལོངས་སྤྱོད་


CMR034_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྐུའི་ཐིག་ནི། གོང་གི་སྤྲུལ་སྐུ་དང་ཁྱད་པར་མེད་ལ། ཁྱད་པར་ནི་གཙུག་ཏོར་ཐོར་ཅོག་གི་ནང་དུ་སྦས་པའི། །རལ་པའི་ཐོར་ཅོག་སོར་བརྒྱད་དང་ནོར་བུ་ཏོག་གི་རིགས་བདག་སོར་གཉིས་ཡིན། གཞན་ཐམས་ཅད་འདྲའོ། །སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་སོགས་བྱང་ཆུབ་སེམས་དཔའི་ཐིག་ནི། གཞན་ཐམས་ཅད་སངས་རྒྱས་དང་ཁྱད་མེད་ལ། ཞལ་ཚད་ལ་སོར་ཕྱེད་སོ་དེ་ཕྱི་ནས་སོར་བཅུ་གཉིས་རྐྱང་པ་བྱ་ཞིང་། རལ་བའི་ཐོར་ཅོག་སོར་བརྒྱུད་ནོར་བུའི་ཏོག་སོར་དོ་བྱའོ། །བྱང་ཆུབ་སེམས་དཔའི་སྤྱན་དཀྱུས་སོར་གསུམ་སྤྱན་ཞེང་སོར་ཕྱེད་ཡིན་ནོ། །བྱམས་པ་ཐམས་ཅད་ཞལ་བྱམས་བཞུགས་ལ་བླ་ཞལ་དོ་མི་རུང་སྟེ་ཞལ་གང་ལ་ཆ་ཞན་ཙམ་ཞིག་གབ་དགོས་པ་མན་ངག་གོ །དེ་ལྟར་སངས་རྒྱས་ལ་སོར་བརྒྱ་དང་ཉི་ཤུ་རྩ་ལྔ། བྱང་ཆུབ་སེམས་དཔའ་ལ་སོར་བརྒྱ་དང་ཉི་ཤུ་ཡིན་ཏེ། དཀྱིལ་འཁོར་གྱི་འཁོར་དུ་བཞུགས་པའི་མི་བསྐྱོད་པ་སོགས་དེ་བཞིན་གཤེགས་པ་རྣམས་ལ་སོར་བརྒྱ་ཉི་ཤུ་པ་འདི་ཉིད་དགོས་གསུངས་སོ། །དེ་ཡན་ཐམས་ཅད་མཐོ་བཅུ་པ་ཡིན་ནོ། །སྒྲོལ་དཀར་སྔོན་ཕག་མོ་སོགས་ལྷ་མོ་རྣམས་མཐོ་དགུ་པ་ཡིན་ཏེ། རིགས་བདག་


CMR034_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཏོག་སོར་དོ། རལ་པ་ཕྱེད་བཅིངས་པ་སོར་དྲུག །ཐོད་པའི་དཔངས་སོར་གསུམ། ཞལ་སོར་མོ་བཅུ་གཉིས་སྒོ་ངའི་དབྱིབས། མགྲིན་པ་སོར་གསུམ་ཞེང་དུ་དྲུག །མགྲིན་པ་ནས་ཐུགས་ཀའི་བར་ཞལ་གང་། ཐུགས་ཀ་ནས་ལྟེ་བའི་བར་ཞལ་གང་། དེ་ནས་གསང་གནས་བར་ཞལ་གང་གི་བར་སོར་དོ། ལྟེ་བ་དེ་ནས་སོར་གསུམ་དཔྱི། དེ་ནས་སོར་བདུན་གྱི་སྨད་ཞེང་རྒྱས་པར་བྱའོ། །དེ་ནས་གར་སྟབས་རོལ་པའི་སྟབས་གང་ཡིན་ཀྱང་ཚད་ཐུར་ལ་ཚད་ཅིང་སོ་སོར་བརྒྱབས་པས། ཚད་ཅིང་འབྲི་ན་ཡང་རུང་སྟེ། བླ་ཞལ་དོ། པུས་མོ་སོར་གསུམ། བྱིན་པ་ཞལ་དོ། བོལ་གང་སོར་གསུམ་མོ། །ཚངས་ཐིག་ནས་མཆན་ཁུང་རྩེའི་བར་དུ་སོར་མོ་བཅུ། དཔུང་ལྷ་སོར་མོ་བཅོ་བརྒྱད། ཕྱག་ངར་སོར་བཅུ་བཞི། ཕྱག་མགོ་སོར་བཅུ་གཉིས་སོ། །ནུ་མའི་རྒྱ་སོར་མོ་བརྒྱད་དོ། །ཕག་མོ་སོགས་ཅུང་ཟད་ཁྲོས་པ་ཡིན་ན། སྤྱན་ཞེང་སོར་གཅིག །སྤྱན་དཀྱུས་སོར་གསུམ་བྱ། སྒྲོལ་མ་སོགས་སྒེག་པའི་ཉམས་ཅན་ལ། སྤྱན་དཀྱུས་སོར་ཕྱེད་བཞི། སྤྱན་ཞེང་ནས་དྲུག་གོ །དཔུང་མགོ་ཟླུམ་ཞིང་རྐེད་སྒབ་ཕྱེད་པར་བྲིའོ། །དབང་ཕྱུག་ཆེན་པོ་དང་ཀླུ་སོགས་ལ་ཡང་


CMR034_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་འདི་ཉིད་བྱ་བར་བཤད་དོ། །དེ་ལྟར་ལྷ་མོ་རྣམས་ཕྱག་གི་རྩེ་ནས་ཕྱག་གི་རྩེའི་བར་དང་། རལ་པ་མི་ཐེ་བའི་སྤྱི་བོ་ནས་ཞབས་མཐིལ་ཡན་ཚད་མཉམ་པར་སོར་བརྒྱ་དང་བརྒྱད་རེ་མཉམ་མོ། །དེ་ལྟར་ཐིག་བཏབ་ཀྱང་ཐིག་ཐོག་ཏུ་རི་མོ་མ་སོང་བའམ། སོང་ཡང་བྲི་ལུགས་ཀྱིས་སྐྱོན་འདི་རྣམས་སྤང་བ་གལ་ཆེ་སྟེ། ཀོསྐྱའི་མགྲིན་པ་བྱིན་པ་རིང་དང་སྦོམ་པའི་སྐྱོན་དང་། སྙན་དང་ཤངས་དང་ཕྱག་སོར་ཐུང་པའི་སྐྱོན། བྱིན་པ་ཞལ་དང་མཁུར་ཚོས་སྦོམ་པའི་སྐྱོན། འགྲམ་པ་བྲང་དང་རྩིབ་ལོགས་ཞོམ་པའི་སྐྱོན། ནུ་མ་ཤངས་དང་དཔྲལ་བ་སྤྱན་ཡོ་བའི་སྐྱོན། བླ་དང་དཀུ་དང་ནམ་ཚོང་ཉམས་པའི་སྐྱོན། སྙན་དང་མཆུ་དང་དཔྲལ་བ་དང་ཤངས་ཉམས་པའི་སྐྱོན། རྒྱབ་ཡོལ་གདུགས་དང་རྒྱན་རྣམས་དོགས་པའི་སྐྱོན་གྱེན་གཟིགས་གདན་ཡོ་ཕྱག་མཚན་ནོར་བའི་སྐྱོན། ཚིགས་དང་ལྟོ་བ་སེན་མོ་སྦོམ་པའི་སྐྱོན། རྣ་བ་མིག་དང་སེན་མོ་ཐུང་བའི་སྐྱོན། མིག་དང་ལག་པ་རྐང་པ་ཐུང་བའི་སྐྱོན། སྡུག་བསྔལ་ཚོར་བས་སྙན་འདྲ་ཁ་ཞིང་སྐྱུར་བ་ཟོས་འདྲའི་ཉམས་ཀྱི་སྐྱོན་དང་། སྐྱོན་དེ་དག་ནི་རི་མོ་མཁན་དང་ཡོན་བདག་ཡུལ་ཁམས་དང་བཅས་པ་ལ་མི་དགེ་དུ་མ་འབྱུང་བར་


CMR034_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ལེགས་པར་བརྟག་ལ་སྐྱོན་མེད་པར་བྱའོ། །ཞིང་ཁམས་འདིར་བྱོན་པའི་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་ཡི་ཚད་ཡིན་པས་སྲིད་དུ་ཁྲུ་ཕྱེད་བཞི། ཁྲུ་རེ་ལ་ཞལ་ཚད་དམ་མཐོ་དོ་རེ་ཡོད་པར་བཤད་ཀྱང་། མི་ཡི་ཚད་ལ་ངེས་པ་ཆེར་མེད་པས། ཅི་མཛེས་སུ་འབྲི་ཆོག་པས་ན་བློ་སྐུ་ལ་ཞལ་ཚད་ཕྱེད་ལྔ་ལེགས་ཞེས་སྨན་ཐང་བའི་ལུགས་སོ། །འོན་ཀྱང་བླ་སྐུ་ལ་ཐིག་ངེས་པ་མེད་པས་ཅི་མཛེས་སམ། འདྲ་ཉམས་གཙོ་བོར་བྱའོ། །གོང་གི་སངས་རྒྱས་བྱང་སེམས་ཞི་བ་རྣམས་ལ་དབུ་ཁོང་དང་རྒྱབ་ཡོལ་དང་པད་གདན་དང་ཁྲི་རྣམས་ལ་ཐིག་རྩ་ཅུང་ཟད་གསུངས་པ་ཡོད་ན་ཡང་། འབྲི་ལུགས་ཀྱི་ཁྱད་པར་མི་འདྲ་བས་ངེས་པ་མེད་ལ། དེ་རྣམས་དོགས་པ་དང་ཆུང་བ་མི་རུང་ལ། གཞན་ཅི་མཛེས་སུ་བྲིས་པས་ཆོག་སྟེ། སྨན་ཐང་དང་མཁྱེན་བརྩེ་བྱིའུ་སོགས་ལ་རྒྱབ་འོད་དང་ཁྲི་ཡི་བྱེད་ལུགས་མི་འདྲ་བར་ཅི་མཛེས་སུ་བྲི་བར་མཛད་པའི་ཕྱིར་རོ། །ཞི་བ་རྣམས་ཀྱི་ཐིག་རྩ་གོ་བདེ་བར་བཀོད་པ་འདི་ནི། སྤྲུལ་སྐུ་བ་རྣམ་རྒྱལ་གྱི་ཐུགས་བཞེད་ལྟར། དགེ་སློང་ཀརྨ་ཨ་རཱ་གས་གླང་ལོ་གྲོ་ཞུན་ཟླ་བའི་ཚེས་བཅུའི་ཉིན་མགྱོགས་པར་བྲིས་པའོ། །ཨེ་མ་ཧོ༔ རྒྱུད་ཀྱི་རྒྱལ་པོ་སྡོམ་


CMR034_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་རྩ་འགྲེལ་དང་། །དམ་པ་དང་པོའི་སངས་རྒྱས་དུས་འཁོར་དང་། །རྒྱས་འགྲེལ་ཆེན་པོ་དྲི་མ་མེད་པའི་འོད། །དེ་དག་རྣམས་ཀྱི་དགོངས་པ་ཇི་ལྟ་བར། །སྤྲུལ་པའི་བཟོ་བོ་སྨན་ཐང་ཆེན་མོ་ཡིས། །མན་ངག་གསུང་རྒྱུན་སླད་མེད་དང་བསྟུན་ནས། །རི་མོ་མཁན་པོ་ཀུན་ལ་ཕན་པའི་ཕྱིར། །ཚིག་ཉུང་གོ་བདེ་ནག་པོ་འགྲོ་ཤེས་སུ། །བཀོད་པ་འདི་ལ་ཉེས་པ་མཆིས་སྲིད་ན། །དཔལ་མགོན་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས། །འདི་བྲིས་དགེ་བས་རིན་ཆེན་གྲུ་གཟིངས་ཀྱིས། །མཐའ་མེད་འཁོར་བའི་ཆུ་བོ་རབ་བསྒྲལ་ནས། །ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་སུ། །པདྨོ་མཆོག་ལ་བརྫུས་ཏེ་སྐྱེས་ནས་ཀྱང་། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག །མངྒ་ལཾ། །ཆ་ཆེན་ཞེས་པ་དང་། ཐལ་མོ་ཞེས་པ་དང་། གདོང་ཞེས་པ་དང་། མཐོ་གང་དང་། མཐིལ་གང་ཞེས་པ་དང་། ཞལ་ཚད་གཅིག་དེ་རྣམས་དོན་གཅིག་གོ །སོར་བཞི་ཆ་ལ་རྐང་པ་ཞེས་སོ། །སོར་གྱི་བརྒྱད་ཆ་གཅིག་ལ་ནས་ཞེས་བྱའོ།། །།


previousལྷ་ཞི་བ་རྣམས་ཀྱི་ཐིག་རྩ་ཐམས་ཅད་མདོར་བསྡུས་པ་དོན་གསལ་བ།next