Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་དབྱེ་བ།
   
   
   
   
   
   


 
previousམཆོད་རྟེན་དབྱེ་བ།next

མཆོད་རྟེན་དབྱེ་བ།


CMR034_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དབྱེ་བ་བཞུགས་སོ།། ན་མོ་ལོ་ཀེ་ཤྭ་ར་ཡེ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་རྟེན་གྱི་རྣམ་དབྱེ་བརྗོད། །ལྷུང་བཟེད་ཁ་སྦུབ་ལྟ་བུ་དང་། །ཁོང་བུ་རྒྱལ་མཚན་ལྟར་གྲགས་གསུམ། །པད་ཟླའི་སྟེང་དུ་ལྷུང་བཟེད་སྦུབ། །ཆོས་སྐུ་མཚན་མ་བྲལ་བའི་མཚོན། །འབིམ་པའམ་ནི་འབུམ་པ་ཟེར། །གྲུ་བཞི་གཅིག་གམ་གཉིས་བརྩེགས་པ། །ཆོས་སྐུ་ཡོན་ཏན་ཐམས་ཅད་རྫོགས། །མཉམ་པ་ཉིད་མཚོན་ཁང་བུ་ཟེར། །རྒྱལ་མཚན་ལྟར་གྲགས་མཆོད་རྟེན་ལ། །བདེ་གཤེགས་མཆོད་རྟེན་རིགས་བརྒྱད་ཡོད། །ཐམས་ཅད་གདན་ཁྲི་ངེས་པ་མེད། །གྲུ་བཞི་ཟླུམ་པོར་པད་ཟླ་དང་། །ཟླ་གམ་ལ་སོགས་ཅི་མཛེས་ཏེ། །རྨང་འདི་དགེ་བ་བཅུ་ཡིན་ནོ། །མགུལ་ཆུ་ཟླ་དཀྱིལ་ཡན་རྣམས་མཐུན། །འོན་ཀྱང་སྒོ་མང་འབུམ་པ་ལ། །ཕྱོགས་བཞི་སྒོ་འབུར་རེ་རེ་འབྱུང་། །བར་གྱི་བང་རིམ་ཐོག་མ་ལ། །ཟླུམ་པོ་པདྨའི་འདབ་མ་ཅན། །བཞིའམ་བདུན་རེ་ཕྱོགས་བཞིར་བརྩེགས། །སེར་སྐྱ་སྐུ་བལྟམས་གོམ་བདུན་བོར། །པདྨ་པདྨ་སྐྱེས་དུས་བཞེངས། །པདྨ་ཅན་ཞེས་བྱ་བ་ཡིན། །བང་རིམ་བཞི་པོ་གྲུ་བཞི་པ། །རྡོ་རྗེ་གདན་དུ་བྱང་ཆུབ་


CMR034_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །བྱུང་བ་བྱང་ཆུབ་མཆོད་རྟེན་ཟེར། །ཕྱོགས་བཞི་བང་རིམ་ཕྱོགས་བཞི་ལ། །སྒོ་ནི་བཞིའམ་བརྒྱད་བཅུ་གཉིས། །བཅུ་དྲུག་བདེན་བཞི་རྣམ་ཐར་བརྒྱད། །རྟེན་འབྲེལ་སྟོང་ཉིད་བཅུ་དྲུག་མཚོན། །ཝཱ་ར་ཎཱ་སཱིར་ཆོས་གསུངས་ཆེ། །བྱུང་བ་ཆོས་འཁོར་མཆོད་རྟེན་ནམ། །བཀྲ་ཤིས་སྒོ་མང་ཆོས་སྒོ་མཚོན། །ཡེ་ཤེས་མཆོད་རྟེན་ཞེས་ཀྱང་ཟེར། །བང་རིམ་བཞི་ལྡན་ཕྱོགས་བཞི་ན། །འབུར་བཞི་ཡོད་པ་མཉན་ཡོད་ན། །མུ་སྟེགས་རྫུ་འཕྲུལ་འདྲེན་དུས་བྱུང་། །མུ་སྟེགས་ཕམ་བྱེད་མཆོད་རྟེན་ནི། །ཆོ་འཕྲུལ་ཆེར་བསྟན་མཆོད་རྟེན་ཟེར། །བང་རིམ་ཕྱོགས་བཞིར་སྐས་གདོང་བཞི། །སེམས་ཅན་དོན་ལ་འབྱོན་པ་མཚོན། །ཟླ་གསུམ་ལྷ་ལ་ཆོས་བསྟན་ནས། །ཚངས་དང་བརྒྱ་བྱིན་ལ་སོགས་ཀྱིས། །གསེར་དངུལ་བེཟླུར་སྐས་བཙུགས་སར། །གྲོང་ཁྱེར་གསལ་ལྡན་བབས་དུས་བརྩེགས། །ལྷ་ལས་བབ་པའི་མཆོད་རྟེན་ནམ། །སུམ་ཅུས་ལྷས་མཆོད་མཆོད་རྟེན་ཟེར། །བང་རིམ་ཟུར་བཅད་བརྒྱད་བཞོག་འདྲ། །ཟུར་བརྒྱད་ལོགས་བརྒྱད་བང་རིམ་བཞི། །རྣམ་འཕྲུལ་དུ་མས་འགྲོ་དོན་མཚོན། །རྒྱལ་པོས་ཁབ་ཏུ་བྱུང་བ་སྟེ། །དགེ་འདུན་དབྱེན་ཟླུམ་མཆོད་རྟེན་


CMR034_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ནམ། །བྱམས་དངོས་མཆོད་རྟེན་ཞེས་སུ་གྲགས། །བང་རིམ་གསུམ་པོ་ཟླུམ་པོ་ནི། །རྣམ་པར་ཐར་པའི་སྒོ་གསུམ་མཚོན། །ཡངས་པ་ཅན་གྱི་གྲོང་ཁྱེར་དུ། །ལ་སྐུ་ཚེ་འདུ་བྱེད་བྱིན་རླབས་དུས། །བྱུང་བ་རྣམ་རྒྱལ་མཆོད་རྟེན་ནམ། །སྐུ་ཚེ་བྱིན་རླབས་མཆོད་རྟེན་ཟེར། །གདན་ཁྲི་ངེས་མེད་གང་རུང་སྟེང་། །བུམ་ལྡན་མགུལ་ཆུ་ཡན་ཆད་བཞུགས། །བྲེ་ལ་ཕྱོགས་བཞིར་འབུར་ཡོད་དང་། །ཁྲེ་དང་བྲེ་སྐེ་ཟླུམ་པོའང་མཐོང་། །སྤྲོས་པ་ཐམས་ཅད་ཉེར་ཞི་མཚོན། །རྩྭ་མཆོག་དྲུང་དུ་འདས་དུས་བྱུང་། །པུ་རིའི་རྒྱུ་འདས་མཆོད་རྟེན་ཟེར། །དེ་ལྟར་མཆོད་རྟེན་དེ་རྣམས་ཀྱི། །མཚོན་བྱ་རྣམ་པར་དག་ཚུལ་ནི། །རྨང་ནི་དགེ་བཅུའི་བང་རིམ་ནི། །དང་པོ་དྲན་པ་ཉེར་གཞག་བཞི། །གཉིས་པ་ཡང་དག་སྤོང་བ་བཞི། །གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །བང་རིམ་བཞི་པ་དབང་པོ་ལྔ། །བུམ་གདན་མགུལ་ཆུ་སྟོབས་ལྔ་སྟེ། །བུམ་པ་བྱང་ཆུབ་ཡན་ལག་བདུན། །པུ་ཤུ་ཞེས་བྱ་བྲེ་ཡིན་ཏེ། །འཕགས་ལམ་ཡན་ལག་བརྒྱད་མཚོན་ནོ། །སྲོག་ཤིང་ཤེས་པ་བཅུ་ཡིན་ཏེ། །འཁོར་ལོ་བརྩེགས་མ་བཅུ་གསུམ་ནི། །བཅུ་ནི་སྟོབས་བཅུ་ལྷག་མ་གསུམ། །


CMR034_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་ཉེར་གཞག་གསུམ་མཚོན་ནོ། །ཆར་ཁེབས་གདུགས་ཏེ་ཐུགས་རྗེ་ཆེ། །ཏོག་ནི་མཉམ་མེད་ཆོས་སྐུའོ། །འཁོར་ལོ་ཆོས་འཁོར་གདུགས་དོན་གཅིག །རྫོགས་སངས་རྒྱས་ལ་བཅུ་གསུམ་མོ། །བསེ་རུ་ལྟ་བུ་ཆར་ཁེབས་མེད། །རང་རྒྱལ་བདུན་ལ་དགྲ་བཅོམ་ལྔ། །ཕྱིར་འོང་ཕྱིར་མི་འོང་ལ་གསུམ། །རྒྱུན་ཏུ་ཞུགས་ལ་གཅིག་ཀྱང་སྟེ། །སོ་སྐྱེའི་མཆོད་རྟེན་ཆོས་འཁོར་མེད། །མཆོད་རྟེན་བྱི་བོ་ཞེས་བྱའོ། །འོན་ཀྱང་ཆོས་སྐུའི་རིང་བསྲེལ་ཞེས།། །གཟུངས་སྔགས་གཞུག་ན་སངས་རྒྱས་ཡིན། །མཆོད་རྟེན་ཡིན་ཕྱིར་བཅུ་གསུམ་རུང་། །སྟེང་གི་གདུགས་ཆེན་ཆར་ཁེབས་གཅིག།དེ་དག་མཆོད་རྟེན་དངོས་གཞི་ཡིན། །གཞན་ཡང་མཆོད་རྟེན་རྒྱན་རྣམས་ཀྱང་། །སངས་རྒྱས་ཡེ་ཤེས་རྣམ་དག་མཚོན། །རྡོ་རིང་མི་འཇིགས་པ་བཞིའོ། །ཐེམ་སྐས་བསྲུང་བ་མེད་པ་གསུམ། །ཆུ་སྲིན་གྱི་ནི་རྒྱལ་མཚན་བཞི། །བདུད་བཞི་དགྲ་ལས་རྒྱལ་བའོ། །མེ་ཏོག་ཕྲེང་བ་ཚུལ་ཁྲིམས་ཀྱི། །ཕུང་པོ་ལེགས་བསྒྲུབ་མཚན་དཔེའི་མཚོན། །འཇིག་རྟེན་སྐྱོང་བ་བདེན་པ་བཞི། །བཤད་པས་སྐྱེ་བོ་བཞི་ལ་ཕན། །དྲིལ་བུས་གསུང་དབྱངས་དྲུག་ཅུ་སྟོན། །ཟླ་ཚེས་བླ་མེད་ཡེ་ཤེས་


CMR034_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བྱང་ཆུབ་སེམས་ནི་སྣང་བར་བྱེད། །གདུགས་ཀྱིས་འགྲོ་ཀུན་སྐྱོབ་པར་འགྱུར། །ཏོག་ནི་ཆོས་སྐུའི་སྟེང་ན་གཡོགས། །ཏོག་ཆེན་པོ་ཏི་མངོན་ཤེས་དྲུག །མེ་ལོང་ཡེ་ཤེས་བཞི་ཡིན་ཏེ། །དར་གྱི་ཅོད་པན་བླ་མེད་ཀྱི། །ཡེ་ཤེས་བྱང་ཆུབ་ཅོད་པན་འཐོབ། །བ་དན་ཆོས་ཀྱི་སྙན་གྲགས་ཁྱབ། །དེ་ལྟར་མཆོད་རྟེན་རྒྱན་རྣམས་ཀྱང་། །སངས་རྒྱས་ཉིད་ཀྱི་རྣམ་འཕྲུལ་མཚོན། །མཚོན་པ་རྟགས་ཀྱི་མཆོད་རྟེན་ཡིན། །ངོ་བོ་རང་བཞིན་ཆོས་ཀྱི་སྐུ། །སྐྱེ་བ་མེད་པའི་ངང་ཉིད་ལས། །ཀུན་རྫོབ་གཟུགས་བརྙན་མཆོད་རྟེན་ཀྱང་། །དོན་དམ་ཆོས་སྐུའི་གདུང་ཉིད་ལས། །འགྱུར་བ་མེད་ཕྱིར་སྐུ་གདུང་ཟེར། །དེ་ནི་མཆོད་རྟེན་ངོ་བོ་ཡིན། །དེ་ཉིད་བཞེངས་དང་ཕྱག་མཆོད་དང་། །བསྐོར་བ་ལ་སོགས་མཐོང་ཐོས་རེག །ལས་དང་ཉོན་མོངས་ཀུན་བསྲེགས་ནས། །བསོད་ནམས་ཡེ་ཤེས་དཔལ་འབར་བའི། །ལྷ་མི་ཀུན་གྱི་མཆོད་པའི་རྟེན། །འདི་ནི་མཆོད་རྟེན་ངེས་ཚིག་ཡིན་། །དབྱེ་བ་མཆོད་རྟེན་རྣམ་གསུམ་བརྒྱད། །གོང་དུ་བཤད་པ་དེ་དག་གོ །རང་རིག་སྐྱེ་མེད་ཆོས་ཀྱི་སྐུ། །འཁོར་འདས་དབྱེར་མེད་ཡེ་སངས་རྒྱས། །།དམ་རྟོགས་དོན་གྱི་


CMR034_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ཏེ། །མཚོན་བྱའི་མཆོད་རྟེན་ཡིན་པར་བཤད། །མདོར་ན་བདེ་གཤེགས་མཆོད་རྟེན་ནི། །སྐུ་གསུམ་ཡོངས་སུ་རྫོགས་པ་སྟེ། །རི་རབ་ལྟ་བུ་གྲུ་བཞི་པ། །ལོངས་སྤྱོད་རྫོགས་པའི་རྟེན་ཡིན་ནོ། །དེ་སྟེང་ལྷུང་བཟེད་སྒྲུབ་འདྲ་བ། །ཆོས་ཀྱི་སྐུ་ཡི་རྟེན་ཡིན་ནོ། །དེ་སྟེང་རྒྱལ་མཚན་འདྲ་བ་ནི། །སྤྲུལ་པའི་སྐུ་ཡི་རྟེན་དུ་བཤད། །དཀྱིལ་འཁོར་ཆེན་པོའི་རྒྱུད་དང་ནི། །གསང་འདུས་ཡང་སྙིང་འདུས་པའི་རྒྱུད། །ཀླུ་སྒྲུབ་མཆོད་རྟེན་རྟོགས་པ་དང་། །པཎ་ཆེན་ཞི་བའི་སྙིང་པོ་ཡི། །མཆོད་རྟེན་ཆ་དབྱེ་ཞེས་བྱ་དང་། །ཨོ་རྒྱན་ཆེན་པོའི་གསུངས་པ་དང་། །མཆོད་རྟེན་མང་དུ་མཐོང་བ་དང་། །གཞན་ཡང་བོད་གཞུང་འགའ་བསྟུན་ནས། །རཱ་གའི་མིང་ཅན་བདག་གིས་བྲིས། །འགལ་འཁྲུལ་ཆོས་ཀྱི་སྐུ་ལ་བཤགས། །དགེ་བས་འགྲོ་ཀུན་སྒྲིབ་དག་ནས། །སྐྱེ་མེད་ཆོས་སྐུ་ཐོབ་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཆོད་རྟེན་དབྱེ་བ།next