Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནང་གཞུག་བཞག་པའི་ཞལ་ཤེས་མཐོང་བ་བརྒྱུད་པ།
   
   


 
previousནང་གཞུག་བཞག་པའི་ཞལ་ཤེས་མཐོང་བ་བརྒྱུད་པ།next

ནང་གཞུག་བཞག་པའི་ཞལ་ཤེས་མཐོང་བ་བརྒྱུད་པ།


CMR034_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གཞུག་བཞག་པའི་ཞལ་ཤེས་མཐོང་བ་བརྒྱུད་པ་ཡོད།


CMR034_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫགྷོ་ཥ་ཡེ། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །ནང་གཞུག་བཞག་ལུགས་མཐོང་བ་བརྒྱུད་པ་བྲི། །སྐུ་གཟུགས་མཆོད་རྟེན་ཆེ་ཆུང་ཁྱད་པར་གྱིས། །ནང་གཞུག་བཞག་ལུགས་གཅིག་ཏུ་མ་ངེས་ཏེ། །དང་པོ་ས་ནས་སྲོག་ཤིང་རིང་པོ་བཙུགས། །དེ་ནས་འོག་ནས་ནང་རྟེན་རིམ་བཞིན་བཞག །ཕྱི་ནས་རིམ་བཞིན་བརྩེགས་ཤིང་ཡར་ལ་བཟོ། །དེ་ནི་སྐུ་གཟུགས་མཆོད་རྟེན་ཆེན་པོའི་ལུགས། །བླུགས་སྐུ་ལྡེར་སོ་མི་ཚད་ཚུན་ཆད་ལ། །དང་པོ་འདག་ཆལ་ཆུ་ཡིས་ཁྲུས་གསོལ་ཏེ། །བླུགས་སྐུ་ཡིན་ན་ནང་རྣམས་ལེགས་པར་བཀྲུ། །ལྡེར་སོ་


CMR034_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་མེ་ལོང་ངོས་ནས་བཀྲུ། །བཟོ་བོའི་མཆིལ་མ་དྲི་མ་བཀྲུ་ཚུལ་ཡིན། །དེ་དང་མཉམ་དུ་གུ་གུལ་གྱིས་ཀྱང་བདུག །སྤོས་སྣ་སྨན་སྣ་སྦྱར་བའི་འདེ་གུ་ཡིས། །ནང་རྣམས་ཐམས་ཅད་འཐུག་པོར་བྱུགས་སྲོལ་གདའ། །གནས་ཡིག་ལ་སོགས་གཟུངས་གཞུག་སྔགས་རྣམས་ཀུན། །ཡིག་འབྲུའི་རྐང་པ་ནོན་ཙམ་ཤར་གྱིས་བྱུག །ལེགས་པར་སྐམ་པའི་གནས་ཡིག་སོ་སོ་ནི། །སྐུ་འདྲའི་ནང་ནས་སྤྱན་ཤངས་སོ་སོའི་ཐད། །ཡིག་ངོ་ཕྱིར་བསྟན་སྦྲང་གིས་སྦྱར་སྲོལ་གདའ། །སྐུ་འདྲ་ཆུང་ནས་ལག་པ་མི་ཐར་ན། །གནས་ཡིག་ཐམས་ཅད་ཤོག་དྲིལ་བྱས་པ་དེ། །སྲོག་ཤིང་སྟོད་དུ་


CMR034_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དཀྲི་བའི་ཕྱག་སྲོལ་གདའ། །སྲོག་ཤིང་ཤུག་པ་རྩ་རྩེ་མ་ལོག་པ། །གྲུ་བཞི་ཐིག་ཤིང་འདྲ་བ་ཅུང་རྩེ་ཕྲ། །རྩེ་མོ་གྲུ་བཞིའི་དབྱིབས་སུ་སོ་བཏོན་པ། །གས་མེད་འཇམ་པར་སྤོས་ཀྱི་ལྡེ་གུས་བྱུགས། །རྩེ་ཡི་ཕྱོགས་བཞིར་ཨོཾ་བྷཾ་སྭཱ་ཧཱ་ནི། །ཕྱོགས་བཞིར་ཡིག་འབྲུ་རེ་རེ་བྲི་བའམ། །ཨོཾ་གྱི་ཐད་དུ་ཐུར་དུ་ཨོཾ་དང་ནི། །ཨཱཿཧཱུྃ་སྭཱ་ཧཱ་གནས་ལྔར་ཐུར་དུ་བྲི། །དེ་ལ་གཟུངས་གཞུག་ཐམས་ཅད་དཀྲི་བྱ་སྟེ། །རྩེ་རུ་བླ་མ་བརྒྱུད་པའི་མཚན་སྔགས་དང་། །དེ་འོག་གཉིས་མེད་རྒྱུད་དང་ཨ་ཏིའི་རྒྱུད། །དེ་འོག་ནང་རྒྱུད་ཨ་ནུ་ཡོ་གའི་རྒྱུད། །དེ་འོག་མ་རྒྱུད་མ་ཧཱ་ཡོ་གའི་རྒྱུད། །དེ་འོག་རྣལ་འབྱོར་རྒྱུད་སྡེའི་སྔགས་རྣམས་དང་། །དེ་འོག་བྱ་སྤྱོད་རྒྱུད་དང་གཟུངས་ཀྱི་རིགས། །དེ་ཡང་ཕ་རྒྱུད་དང་ནི་ཕོ་ཡི་རིགས། །ཡིག་ངོ་ཕྱི་ལ་བསྟན་ནས་མཇུག་ནས་དྲིལ། །བདེ་མཆོག་ལ་སོགས་མ་རྒྱུད་མོ་ཡི་རིགས། །ཡིག་ངོ་ནང་དུ་བསྟན་ནས་མཇུག་ནས་དྲིལ། །ཤོག་བུས་བཏུམས་ནས་དར་རས་སྐུད་པས་བཅིངས། །སྲོག་ཤིང་ནང་དུ་བཅུག་དུས་འདི་སྐད་བརྗོད།། ༈ སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་ལྡན་པ་ཡིས།


CMR034_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་སྨོན་ལམ་ལ་འཇུག་ཤོག །ཨོཾ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ། ཞེས་བརྗོད་སྲོག་ཤིང་ནང་དུ་བཅུག་པར་བྱ། །འདི་ནི་སྤྱི་ཙམ་ཡིན་གྱི་ཞིབ་པར་ནི། །གཟུངས་པར་མ་སོ་སོའི་ཁ་ཡིག་གསལ། །དེ་ལ་མི་གསལ་ཁྱད་པར་གདམས་ངག་ནི། །རང་གི་ཡི་དམ་གཙོ་བོ་གང་ཡིན་གྱི། །སྙིང་པོ་གསེར་དངུལ་མཚལ་སོགས་རིན་ཆེན་གྱིས། །ལ་རབ་ཏུ་བརྒྱ་ཚར་ཐ་ནའང་། །བདུན་བས་མི་ཉུང་བཞག་ན་བྱིན་རླབས་ཆེ། །བླ་མའི་མཚན་སྔགས་རྡོ་རྗེ་འཆང་ནས་བཟུང་། །ཟུང་འཇུག་བརྒྱུད་པའི་མཚན་སྔགས་ཚང་མ། །དེ་མིན་ས་ཐོབ་མིན་པའི་བླ་མ་ཡི། །མཚན་སྔགས་བཅུག་པས་བྱིན་རླབས་མི་འབྱུང་ཞིང་། །ཕྱག་སྐོར་འགྲོ་བས་བླ་མ་ཉིད་ལ་གནོད། །བླ་བརྒྱུད་ཚང་མ་ཀུན་གྱི་མཚན་སྔགས་ནི། །ཨོཾ་ཨཱཿསརྦ་གུ་རུ་ཧཱུྃ་སྭཱ་ཧཱ། དེ་ལ་མཚན་སྔགས་ཐམས་ཅད་འདུས་པ་ཡིན། །ས་ཐོབ་འཕགས་པ་ཡིན་ངེས་བླ་མ་ཡི། །གདུང་རུས་ཐམས་ཅད་སྐུ་གདུང་རིང་བསྲེལ་ཡིན། །དབུ་ལོ་ཕྱག་སེན་ན་བཟའ་ལ་སོགས་པ། །སྐུ་བལ་རིང་བསྲེལ་ཞེས་ནི་བྱ་བ་སྟེ། །རང་བྱོན་ལ་སོགས་ཡོད་མེད་ཁྱད་པར་མེད། །དབུ་ལོ་ན་བཟའ་བཞུགས་གདན་སྐུ་ཆས་


CMR034_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །གོ་རིམ་མ་འཆུགས་སྤྱི་སྲོལ་བཞིན་དུ་བཞག །ས་ཐོབ་མིན་ན་བླ་མ་བཟང་ནའང་། །ཐུགས་ལྗགས་རིང་བསྲེལ་སྐུ་གཟུགས་ཡིག་འབྲུ་སོགས། །བྱོན་པ་རྣམས་ནི་དར་གྱིས་བཏུམས་ལ་བཞག །དེ་མིན་གདུང་རུས་རྩིང་ཞིབ་ཐམས་ཅད་ཀུན། །ཉེ་ཐག་མིན་ཅིང་སྡིག་ཅན་མིན་པའི་མིས། །བྱིན་རླབས་རྟེན་དང་བསྲེས་ནས་ཞིབ་པར་བཏགས། །ཆུ་ལ་སྤྱོས་པས་སྤར་སྐུ་ཚ་ཚ་བཏབ། །སྐམ་ཐག་ཆོད་པར་བྱས་ནས་ནང་གཞུག་བཞག །སྐུ་འདྲ་ཆུང་ངུ་མཐོ་རེ་ཚུན་ཆད་ལའང་། །གནས་ཡིག་གཟུངས་གཞུག་གཞན་རྣམས་མི་དགོས་ཏེ། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་ཡི་དམ་སྔགས། །གང་ཡིན་ལྷ་དེའི་སྙིང་པོ་ཙམ་གྱིས་ཆོག །སྲོག་ཤིང་བྱིན་རླབས་རྫ་ས་སོགས་སྔོན་དང་འདྲ། །ཁྱད་པར་རིལ་བུ་རིང་བསྲེལ་ནང་ཐིག་སོགས། །དར་རམ་རྒྱ་ཤོག་སོགས་སུ་དམ་པར་དྲིལ། །མྱུ་གུས་སག་ལ་དམ་དུ་བརྫོང་བྱ་སྟེ། །ལག་པས་གཡུགས་ན་ཁྲོག་སྒྲ་མི་གྲག་བྱ། །ཁྲོག་སྒྲ་གྲག་ན་ནང་འཁྲུག་འོང་ཞེས་ཟེར། །དེ་ནས་སྐུ་ལུས་དང་ནི་པད་གདན་གཉིས། །པད་གདན་ལ་ཡང་སྟོད་སྨད་རྣམ་གཉིས་ཏེ། །སྟོད་ཆར་ཆོས་སྐྱོང་ཡེ་ཤེས་པ་རྣམས་དང་། །དེ་འོག་འཇིག་རྟེན་


CMR034_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ཆོས་སྐྱོང་རྣམས། །རྒྱལ་ཆེན་ཆོས་སྐྱོང་ལ་སོགས་སྔགས་རྣམས་གཞུག། ༈ དེ་ནས་འཛམ་ལྷ་ཕོ་དགུ་མོ་དགུ་ཡི། །ཕོ་དགུ་སྟེང་དང་མོ་དགུ་འོག་ཏུ་བྱ། །སྦྲང་དང་བུ་རམ་མར་དཀར་བསྲེས་པ་ཡིས། །ཡབ་ཡུམ་འཁོར་ལོ་མ་འཆུགས་འཕྲོད་པར་སྦྱོར། ་མི་གཅིག་སོ་སོ་ཡིན་པའི་མཚོན་བྱེད་དུ། །རས་སམ་ཤོག་བུས་བར་ལ་ཆོད་བྱ་ཞིང་། །པད་གདན་ལ མཆན། །དར་སེར་གྱིས་བཏུམ་སྐུད་པ་སེར་པོ་ཡིས། །རྒྱ་གྲམ་བཅིངས་པའི་ཁུག་སོ་སྟེང་དུ་བྱ། །ཤར་ངོས་མདུན་དུ་འོང་བར་བྱས་ལ་གཞུག །དེ་ཡི་འོག་དང་གཡས་གཡོན་གར་བདེ་རུ། །རུ་རམ་རས་ནི་སེར་པོའི་ཁུག་མའི་ནང་། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །གསེར་དངུལ་ལ་སོགས་མར་ཆ་གང་ཡོད་བཅུག །ཁྱད་པར་གནོད་སྦྱིན་འཁོར་ལོའི་འོག་དེ་རུ།།གྲི་དང་མདེའུ་མཚོན་ཆའི་རིགས་རྣམས་བཞག །མཚོན་གྱི་བསྐལ་པ་ཞི་བའི་རྟེན་འབྲེལ་ཡིན། །སྐུ་འདྲ་ཆུང་ཆུང་ལ་སོགས་ཡིན་ན་ནི། །ཞབས་སྡོམ་ལེགས་པར་བཙུད་པའི་ཕྱི་དེ་རུ། །བབ་བླ་སོགས་ཀྱིས་རྡོ་རྗེ་རྒྱ་གྲམ་བྲི། །མཆོད་རྟེན་ཆེན་པོ་ལ་སོགས་ཡིན་ན་ནི།། །པད་གདན་ནང་གི་དེ་དག་སེང་ཁྲིར་བཅུག །བླ་མ་ཕལ་པའི་གདུང་རུས་མ་འདྲེས་


CMR034_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པའི་། །ཐལ་སོལ་མེ་དྲག་ཕོག་པའི་ས་རྣམས་ཀུན། །ཚ་ཚ་གྲུབ་ལེགས་གལ་ཏེ་མ་གྲུབ་ཀྱང་། །སེང་ཁྲི་ནང་དུ་བླུགས་པར་བྱ་བ་ཡིན། །མཆོད་རྟེན་སྐུ་འདྲ་ཆེན་པོ་ལ་སོགས་པ། །ནང་གཞུག་བཞག་ཁ་ཁྲུས་གསོལ་མེད་ནའང་། །རབ་གནས་དུས་སུ་བྱས་པར་ཆོག་པར་བརྩི། ༈ ཐང་སྐུའི་རྒྱབ་ཏུ་མཆོད་རྟེན་བྲི་བ་དང་། །དེའི་ནང་སངས་རྒྱས་རབས་བདུན་གསོ་སྦྱོང་བྲི། །ཨཱཿ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི། །གཞན་ཡང་ལྷ་མགྲོན་དེ་དག་ཐམས་ཅད་ཀྱི། །གནས་གསུམ་ཡིག་འབྲུ་གསུམ་པོ་བྲི་བར་བྱ། །གནས་ཡིག་གཟུངས་གཞུག་འོག་མིན་ཀརྨ་སོགས། །དགོན་སྡེ་རྣམས་སུ་རྒྱས་འབྲིང་བསྡུས་སོགས་ཀྱི། །པར་ཤིང་བཞུགས་པས་པར་ལ་འདེབས་པར་གྱིས། །བྲིས་ཀྱང་མི་དག་མང་པོ་བྲི་མི་གྲུབ། །མཐོང་བ་བརྒྱུད་པར་པར་མ་བཞག་པ་མཐོང་། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་ཞིང་བརྗེས་ནས། །སྐུ་ཚབ་སྐུ་འདྲ་གསེར་སྐུ་སྐུ་ཚད་བཞེངས། །གྲྭ་ཚང་ནམ་མཁའི་དབོན་པོ་ཀུན་མཁྱེན་གྱིས་། །གནས་ཡིག་གཟུངས་གཞུག་འཛམ་ནག་སྲོག་འཁོར་བཅས། །ཟླ་དུམ་ཙམ་དུ་བྲིས་ནས་བཞག་རན་ཛ། །དེ་ལ་ཡིན་མིན་རྩོད་གཞི་མང་པོ་བྱུང་། །རྒྱལ་བ་ཆོས་ཀྱི་དབང་


CMR034_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཁོང་རང་གིས། །ཕྱག་ཁྲིད་ཕྱག་གཡོག་ལན་མང་བྱས་པ་ཡིས། །ཆོས་རྗེ་ཁྲ་ཚང་པ་དེ་སྒར་ཆེན་ན། །བཞུགས་པ་སྤྱན་དྲངས་དེ་ཡིས་ཕྱག་ཁྲིད་བྱས། །སྔོན་དུ་བྲིས་པ་ཕལ་ཆེར་གཞུག་མ་ཉན། །དེ་ཚེ་ཀུན་མཁྱེན་ཁོང་ལ་ཀུན་གྱིས་འབར། །འདི་ཡིས་མི་ཤེས་པ་དེ་མཁས་འདོད་ཆེ། །གྲྭ་ཚང་བརླགས་ཤོམ་བྱས་པ་རེད་ཅེས་འབར། །དེ་དུས་གཟུངས་གཞུག་བཞག་ལུགས་དེ་རྣམས་ལ། །གྲྭ་པ་ཀུན་གྱིས་རྟོགས་དཔྱོད་ལེགས་པར་བཞག །སློབ་དཔོན་སྐུ་འདྲ་པར་མ་མཐོ་གང་ཙམ། །པར་བཏབོ་གྲྭ་པ་མི་རེས་རེ་རེ་བཞེངས་། །ཁམས་སུ་གདན་དྲངས་དད་པའི་རྟེན་དུ་བྱས། །ཞལ་གྱི་མཁུར་ཚོས་འབུ་རུ་བུད་པ་ལྟར། །རིང་བསྲེལ་རྡོལ་ལ་ཁད་པ་གཅིག་ཀྱང་བྱུང་། །ཕྱིས་སུ་མགྲིན་པ་ཅུང་ཟད་གས་བྱུང་བས། །དེ་དུས་སྐབས་སུ་གྲྭ་ཚང་དུས་ལོག་ཟིན། །ད་ལྟ་ཨོ་རྒྱན་གསེར་སྐུའི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ནས་ཡོད། །དེ་ལྟར་གཟུངས་གཞུག་དེ་དག་རྣམས་ཀྱི་མཇུག །བཀྲ་ཤིས་བསྔོ་སྨོན་གང་འདོད་བྲི་ཆོག་སྟེ། །ཀཾ་པོ་གནས་སུ་མར་མེ་མཛད་ཀྱི་སྐུ། །ཆོས་ཀྱི་དབང་ཕྱུག་ཉིད་ཀྱིས་བཞེངས་པ་ཡི། །ནང་གཞུག་བཀྲ་ཤིས་


CMR034_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་མཇུག་ཏུ་ནི། །ཆོས་ཀྱི་དབང་ཕྱུག་ཉིད་ཀྱི་མཚན་བྲིས་ཀྱང་། །དེ་དང་རང་རེ་ཕལ་པ་མི་འདྲ་བས། །རང་དང་ཡོན་བདག་རྣམས་ཀྱི་མིང་ཡིག་ཀྱང་། །བྲི་བར་བཤད་ཀྱང་བྲི་བར་མི་རུང་སྟེ། ༈ །དེ་ནས་གསུང་རྟེན་ཆོས་ཀྱི་དཀར་ཆག་ལའང་། །མིང་ནི་བྲི་སྲོལ་འདུག་ཀྱང་བྲི་མི་རུང་། །ཅི་ཕྱིར་ལྷ་ཆེན་མཆོད་རྟེན་ཆོས་བརྩེགས་ཀྱི། །ཞབས་སུ་མིང་ཡིག་མནན་པ་མཐུ་རུ་འགྱུར། །བཀའ་འགྱུར་བྲིས་པ་མི་འཕག་ཟེར་ན་ཡང་། །དེ་ཡི་ཉེས་སྐྱོན་ཡིན་པར་ཁོ་བོས་གོ །རང་དང་སྦྱིན་བདག་བསྔོ་དགོས་གང་ཡོད་རྣམས། །རབ་གནས་སྐབས་སུ་བསྔོ་བ་བྱས་པས་འཐུས། །ཐ་མལ་པ་ཡི་མིང་དང་རུས་ཚིག་སོགས། །ས་ཐོབ་རྣམས་ཀྱི་ཕྱག་སྲོལ་བྱས་པ་ན། །མི་ཁྱག་ཚེ་འདས་དེ་ལ་གནོད་པ་སྟེ། །མུ་སྟེགས་སྟོན་པ་འོད་སྲུང་རྫོགས་བྱེད་ཀྱི། །སྐུ་གདུང་མཉན་ཡོད་གྲོང་ཁྱེར་བཞི་མདོ་རུ། །མཆོད་རྟེན་བྱས་ནས་ལོ་མང་སོང་བའི་རྗེས། །ཐུབ་པའི་ཉན་ཐོས་མོའུ་འགལ་གྱི་བུ། །རྫུ་འཕྲུལ་ཆེ་ནས་ཉིན་རེ་ལན་རེ་ལ། །འགྲོ་བ་རིགས་དྲུག་གནས་སུ་གཟིགས་སུ་བྱོན། །འོད་སྲུང་རྫོགས་བྱེད་དམྱལ་བར་སོང་ནས་འདུག །དེ་ཡིས་མོའུ་འགལ་བུ་ལ་ཆ་བཏང་ནས། །ང་ཡི་


CMR034_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གྲོང་ཁྱེར་མདོར་བརྩེགས་སར། །ཕལ་པས་བསྐོར་བ་བྱས་ཀྱང་མི་གནོད་དེ། །ང་བས་ཐེག་པ་མཐོ་བ་ཐུབ་པའི་འཁོར། །རྣམས་ཀྱིས་འབྱོན་ཞོར་བསྐོར་བ་ཤུགས་ལ་འགྲོ། །དེ་ཡིས་ང་ལ་གནོད་པ་ཆེན་པོ་བྱུང་། །འཕགས་པ་ཁྱེད་ཀྱིས་ང་ཡི་རྗེས་འཇུག་ལ། །མཆོད་རྟེན་ཤིག་ལ་དབེན་པར་བརྩེགས་གསུངས་ཟེར། །དེ་ནས་མུ་སྟེགས་པ་ཀུན་འཚོགས་པའི་སར། །ཆ་འཕྲིན་དེ་ཉིད་གསུངས་པས་མུ་སྟེགས་ཁྲོས། །མོའུ་འགལ་གྱི་བུ་བརྡུང་ལང་ཉམས་མེད། །ཉན་ཐོས་རྣམས་ཀྱིས་ཆ་བཅིངས་ཁུར་དགོས་བྱུང་། །ཁྱེད་ནི་རྫུ་འཕྲུལ་ཆེ་བའི་མཆོག་ཡིན་པས། །རྫུ་འཕྲུལ་མ་བསྟན་འདི་ཙམ་བརྡུངས་བཅུག་ཞུས། །འཕྲུལ་བ་ཕར་སྐྱུར་རྫུ་བའང་མ་དྲན་གསུངས། །དེ་དོན་ཅི་ཡིན་སྟོན་པ་ལ་ཞུས་པས་། །བསྐལ་པ་དཔག་མེད་གོང་རོལ་མོའུ་འགལ་བུས། །མུ་སྟེགས་དེ་རྣམས་ཕར་ལ་བརྡུངས་བ་ཡི། །ལས་ཀྱི་རྣམ་སྨིན་ཡིན་ཚུལ་སྐྱེས་རབས་གསུངས། །དེ་ལྟར་ལས་ཀྱི་རྣམ་པར་སྨིན་པ་ནི། །རྫུ་འཕྲུལ་ཐོབ་ཀྱང་བཟློག་ཏུ་མེད་པའི་ཚུལ། །རྒྱས་པར་གསུངས་པའི་ལོ་རྒྱུས་འབྱུང་ཕྱིར་རོ། །དེ་ལྟར་ནང་གཞུག་བཞག་ཚུལ་ཞལ་གདམས་འདི། །རབ་གནས་


CMR034_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའི་བུ་ཡིག་ཚུལ་དུ་བཀོད། ༧ །རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར། །དགེ་སློང་བརྩོན་འགྲུས་བརྩོན་འགྲུས་ཆེ་ཕྱིར་བྲིས། །འགལ་འཁྲུལ་མཆིས་ན་མཁས་པ་རྣམས་ལ་བཤགས། །དགེ་བས་མ་འོངས་འབྱོར་ལྡན་སྐྱེས་བུ་རྣམས། །སྐུ་གསུང་ཐུགས་རྟེན་ཆེ་ཕྲ་ཅི་བཞེངས་ཀྱང་། །འགལ་འཁྲུལ་མེད་ཅིང་ལམ་དུ་འགྲོ་བ་དང་། །རབ་གནས་ཆགས་ཤིང་ཡུལ་ཕྱོགས་བཀྲ་ཤིས་དགེ །སྦྱིན་བདག་རྣམས་ཀྱི་རིགས་རྒྱུད་ཆོས་བརྒྱུད་ཀྱང་། །རྒུད་ཅིང་ཉམས་པར་མི་འགྱུར་འཕེལ་རྒྱས་ཤོག །མངྒ་ལཾ། བཀྲ་ཤིས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousནང་གཞུག་བཞག་པའི་ཞལ་ཤེས་མཐོང་བ་བརྒྱུད་པ།next