Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྟེན་གསུམ་རབ་གནས།


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྟེན་གསུམ་རབ་གནས།no next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྟེན་གསུམ་རབ་གནས།


CMR034_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔


CMR034_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ རྟེན་གསུམ་རབ་ཏུ་གནས་པ་ནི༔ ཧཱུྃ༔ སྒེའི་སྐུ་གཟུགས་འདི་ལ་ནི༔ བར་དུ་གཅོད་དང་འཁྲི་བ་དང་༔ ཐོས་དང་རེག་དང་རྟོག་པ་ཡི༔ གདོན་བགེགས་རྒྱལ་འགོང་ཐམས་ཅད་ཀྱིས༔ མཐེབ་སྐྱ་ཏིང་ལོ་འདི་བཞེས་ལ༔ མ་གནས་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ བདག་ནི་ཁྲོ་རྒྱལ་དབང་ཆེན་ཏེ༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ དེ་བས་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ སུམྦྷ་ནི་སོགས། འདིར་ཡུངས་ཀར་རམ་མེད་ན་ནས་ལྕགས་བྲབ་ཅིང་


CMR034_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷ་ནི་མང་དུ་བརྗོད༔ རོལ་མོ་བྱ་ཡོད་ན་གུ་གུལ་བདུག་གོ༔ ཧཱུྃ༔ སྟེང་ཡང་རྡོ་རྗེའི་གུར་ཁང་ལ༔ འོག་ཀྱང་རྡོ་རྗེའི་ས་གཞི་སྟེ༔ བར་མཚམས་རྡོ་རྗེའི་ར་བར་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ མང་དུ་བརྗོད༔ རོལ་མོ་བྱ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྐུ་འདི་ཉིད༔ ཅེས་སོ་སོ་གང་ཡིན་བསྐྱེད༔ སྐུ་གཟུགས་བསྟན་པའི་བདག་པོ་ནི༔ སྐུ་མདོག་གསེར་གྱི་རི་བོའི་མདོག༔ ཞལ་གཅིག་ཕྱག་གཉིས་གཡས་ས་ནོན༔ གཡོན་པས་མཉམ་བཞག་འོད་ཟེར་འཕྲོ༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས༔


CMR034_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉི་ཟླ་སེང་ཁྲིར་བཞུགས༔ ཨཻ༔ འདི་གནམ་ཆོས་གནས་བཅུ་ནས་སོབ་པ་སྟེ༔ ལྷ་སོ་སོའི་མངོན་རྟོགས་མ་ཐོན་ཀྱང་༔ ཐུབ་པ་བསྐྱེད་པས་ཐམས་ཅད་འཐུས་པར་བཤད་དོ༔ བུམ་པ་ཐོགས་ལ༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས་རྒེའི་སྐུ་ལ་ཁྲུས་གསོལ་ལོ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རས་དཀར་ཐོགས་ལ། ཧཱུྃ༔ རས་དཀར་འཇམ་དྲི་དང་ལྡན་པ་ཡིས༔ རྨེའི་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ གསེར་གྱི་སྤྱན་ཐུར་ཐོགས་ལ༔ གསེར་གྱི་ཐུར་མ་མཛེས་པ་ཡིས༔ རྒྱལ་བ་རྒེའི་སྤྱན་དབྱེའོ༔ སྤྱན་ལ་མ་རིག་མི་མངའ་ཡང་༔ ཡི་དམ་ཞལ་མཐོང་རྟེན་འབྲེལ་བགྱི༔ དངུལ་གྱི་རྣ་བྲུས་ཐོགས་ལ༔ ཧཱུྃ༔ དངུལ་གྱི་སྙན་བྲུས་མཛེས་པ་ཡིས༔ རྒྱལ་བ་རྒུའི་སྙན་བསལ་ལོ༔ སྙན་ལ་མ་ལེགས་མི་མངའ་ཡང་༔ ཆོས་སྒྲས་ཁྱབ་པའི་རྟེན་འབྲེལ་བགྱི༔ གསེར་གྱི་སོ་བྲུས་ཐོགས་ལ༔ ཧཱུྃ༔ གསེར་གྱི་ཚེམས་བྲུས་མཛེས་པ་ཡིས༔ རྒྱལ་བ་ཚེའི་ཚེམས་བསལ་ནས༔ ཚེམས་ལ་དྲི་མ་མི་མངའ་ཡང་༔ བདེ་ལེགས་འབྱུང་བའི་


CMR034_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་བགྱི༔ གསེར་གྱི་སྐྲ་བཞར་ཐོགས་ལ༔ ཧཱུྃ༔ གསེར་གྱི་སྤུ་གྲི་མཛེས་པ་ཡིས༔ རྒྱལ་བ་རྒོའི་དབུ་སྐྲ་བསིལ༔ དབུ་སྐྲ་རིང་བར་མི་ལྡན་ཀྱང་༔ བཀྲ་ཤིས་འབྱུང་བའི་རྟེན་འབྲེལ་བགྱི༔ དུང་གི་སོ་མང་ཐོགས་ལ༔ ཧཱུྃ༔ དུང་གི་སོ་མང་མཛེས་པ་ཡིས༔ རྒྱལ་བ་རྨེའི་དབུ་སྐྲ་བཤད༔ དབུ་སྐྲ་འཛིང་བ་མི་མངའ་ཡང་༔ ཆོས་བསིལ་ཁྱབ་པའི་རྟེན་འབྲེལ་བགྱི༔ གསེར་གྱི་འཇབ་རྩེ་ཐོགས་ལེ། ཧཱུྃ༔ གསེར་གྱི་རྨང་མཛེས་ལེགས་པ་ཡིས༔ རྒྱལ་བའི་སྨྲ་ར་འབྱེད་པར་བགྱི༔ ཞལ་ལ་ངན་རྟོག་སྤུ་མེད་ཀྱང་༔ སེམས་ཅན་དགེ་བའི་རྟེན་འབྲེལ་བགྱི༔ ཆོས་གོས་ཐོགས་ལ༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ རིན་ཆེན་རྒྱན་ཕྲེང་ཐོགས་ལ༔ ཧཱུྃ༔ རིན་ཆེན་རྒྱན་ཆ་མཛེས་པ་འདི༔ རྒྱལ་བའི་སྒེའི་སྐུ་ལ་གསོལ༔ སྐུ་ལ་རྒྱན་གསོལ་མི་མངའ་ཡང་༔ གཟི་བརྗིད་ཆེ་བའི་རྟེན་འབྲེལ་བགྱི༔ ཧཱུྃ༔ དེ་ཡི་གནས་གསུམ་འབྲུ་གསུམ་ལས༔ ཨོཾ་དཀར་ཨཱཿཉྩདམར་ཧཱུྃ་མཐིང་དང་༔ ས་བོན་ལས་ནི་འོད་འཕྲོས་


CMR034_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཆེགེའི་ཡེ་ཤེས་པ་དུང་ཕྱུར༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ སྐུ་དང་གཉིས་སུ་མེད་པར་ཐིམ༔ སྤྲོ་ན་སྐབས་འདིར༔ མ་ལུས་སེམས་ཅན་ཀུན་གྱི་སོགས། ལྷ་སོ་སོའི་སྤྱན་འདྲེན་དང་༔ བྱིན་འབེབས་རྒྱས་བསྡུས་གང་འདོད་སྦྱར༔ མ་སྦྱར་ཀྱང་ཆོག་གོ༔ བུམ་པ་ཐོགས་ལ༔ ཧཱུྃ༔ རྒྱལ་བ་ཚེའི་སྐུ་ལ་ནི༔ བདག་གི་བུམ་པས་དབང་བསྐུར་རོ༔ ལྷ་ལ་དབང་བསྐུར་མི་མངའ་ཡང་༔ ཡོན་ཏན་རྫོགས་པའི་རྟེན་འབྲེལ་བགྱི༔ ཀུམྦྷ་ཨ་བྷི་ཥིཉྩ་ཧཱི༔ གཞུང་འདིས་ཀྱང་ཚང་ལ༔ སྤྲོ་ན་འདིར་ཇི་ལྟར་བལྟམས་པ་སོགས༔ རྗེས་གནང་དུས་ལྟར་བུམ་པས་དབང་བསྐུར་ཚུལ་ལམ༔ ཀུན་རིག་ལྟར་དབུ་རྒྱན་དར་དཔྱངས་མེ་ཏོག་ཕྲེང་དབང་གསུམ་བྱའོ༔ དབུ་རྒྱན། ཧཱུྃ༔ དེ་ཡི་སྤྱི་བོར་ཨོཾ་ཧཱུཾ་དང་༔ ཏྭཾ་ཧཱིཝཨཱཿཋལས་འོད་འཕྲོས་པས༔ རྒྱལ་བ་རིགས་ལྔ་སྤྱན་དྲངས་ནས༔ རྒེའི་དབུ་ལ་བརྒྱན་པར་གྱུར༔ འདིར་དབུ་རྒྱན་བསྐོན་ཚུལ་བྱས་ན་ལེགས་མ་བྱས་ཀྱང་རུང་༔ འདོན་ཡོན་ལྔ༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཆོས༔ བདག་གིས་མཆོད་པ་འབུལ་བར་བགྱི༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག །ཨགྷཾ་སོགས་དང་། རཱུ་པ་སོགས། བཀྲ་ཤིས་རྫས་བརྒྱད༔ ཧཱུྃ༔ བཀྲ་ཤིས་གཙོ་


CMR034_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་ཀར་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྦ་སིདྡྷི་ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གིས་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ རྒྱལ་སྲིད་སྣ་བདུན༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གིས་ལྷ་ལ་མཆོད་པར་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་མ་ཎི་རཏྣ་ཧཱུྃ༔ རི་རབ་གླིང་བཞི༔ ཀུན་གྱི་གཙོ་བོ་རི་རབ་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གིས་ལྷ་ལ་མཆོད་པར་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ འདིར་མཎྜལ་རྒྱས་པ་ཕུལ་ན་རུང་མེད་ཀྱང་ཆོག༔ དེ་ནས་མེ་ཏོག་ག་ཏོར་བྱ་ཞིང༔ ཨོཾ་ཡེ་དྷརྨཱ༔ ཧེ་ཏུ་པྲ་བྷ་ཝཱ༔ དུན་ཏེ༔ ཥཱནྟ་ཐཱ་ག་ཏོ༔ རྒྱ་ཝ་དཏཿ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི༔ མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱཿ ཚར་གང་མང་དང་༔ ཨོཾ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ རྒྱས་པར་སྤྲོ་ན༔ ཨོཾ་སུ་པྲ་ཏིཥྛ་བཛྲ་


CMR034_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྭཱ་ཧཱཿ ཞེས་མང་དུ་བརྗོད་ལ་ནས་གཏོར༔ ཨོཾ༔ ཧཱུྃ༔ རྒྱལ་བ་རྒེ་ཡེ་ཤེས་པ༔ སྐུ་གཟུགས་འདི་ལ་བཞུགས་སུ་གསོལ༔ མེས་བསྲེགས་ཆུས་ཁྱེར་གྲུམ་ཞིང་ཆག༔ འབྱུང་བས་མ་ཞིག་བར་དུ་བཞུགས༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ བཀྲ་ཤིས་བརྗོད༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆོ་འཕྲུལ་ཆེན་པོའི་བཅུ་བདུན་ཉིན་ཨོ་རྒྱན་ཆེན་པོས་དངོས་སུ་གསུངས་སོ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་གནམ་ཆོས་ནས་བྱུང་བའི་བཀྲ་ཤིས༔ ཞལ་གདམས་ལ༔ གནམ་ཆོས་རབ་གནས་ལ་པདྨ་འོད་འབར་སོགས་ཡི་དམ་ཞིག་འདོན་ཅིང་༔ བུམ་པ་དང་མཆོད་པ་རྣམས་འཛོམས་ན་བཤམས༔ མེད་ན་ཡང་ཙཀ་ལི་སྟོན་ཅིང་དམིགས་པ་བསྒོམ་པ་ཁོ་ནས་རྒྱས་པར་ཚང་བའོ༔ ༈ གལ་ཏེ་རྒྱས་པར་འདོད་ན་རང་གིས་ཡི་དམ་རྒྱལ་བ་རྒྱ་མཚོའི་བདག་མདུན་རྒྱས་པར་བྱ༔ དེ་ནས་ཆ་གསུམ་བཏང་ལ༔ ཙཀ་ལི་རྫོགས་པར་བྱས་རྗེས་ཚོགས་བྱ༔ ཚོགས་ཕུད་གཏོར་མར་བླུག་པ་ལྷ་མདུན་དུ་བཞག་ལ་གཏོར་བསྔོས་དང་༔ དེ་ཡང་སྔོན་དུ་ཀུན་རིག་ལྟར་ཁྲུས་གསོལ་རྒྱས་པ༔ མཎྜལ་རྒྱས་པ༔ རབ་འབྱམས་སོགས་མཆོད་པ་


CMR034_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཕྱག་རྒྱ་དང་བཅས་པས༔ ཡོད་ན་དངོས་སུ་ཕུལ༔ རྗེས་ནས་རྒྱལ་བ་རྒྱ་མཚོ་ལྟར་རམ་ཆོས་སྤྱོད་ལྟར་བཀྲ་ཤིས་གང་ཤེས་ཐམས་ཅད་རྒྱས་པར་བྱའོ༔ དེ་ནས་གཏོར་འབུལ་བྱས་ལ་བཀའ་སྲུང་དུ་བཀའ་བསྒོ་བ་ཡིན་ནོ༔ ཞག་བདུན་དུ་མཆོད་པ་ཅི་ཙམ་འབྱོར་པ་རྒྱས་པར་ཕུལ་བཅུག་པ་ནི་རྟེན་ཞལ་བསྲོ་ཞེས་གསུངས་ཏེ་གལ་ཆེ༔ སྙན་དར་ཡོད་ན་འབུལ་བ་དང་༔ དེ་ཉིན་གནམ་འཇམ་རྩུབ་དང་ཁ་ལྟས་བཟང་ངན་ལ་རྟེན་འབྲེལ་ཆེན་པོ་ཡོད་པར་གསར་རྙིང་ཐམས་ཅད་ནས་རྒྱ་ཆེར་གསུངས་སོ༔ འཇའ་དང་ཉི་སྤྲིན་འཛོམ་པ༔ སེམས་བདེ་ཉམས་ལེན་གསལ་ན་བཟང་བར་གསུངས་སོ༔ ཨ་རཱ་གས་བྲིས་པའོ༔ མངྒ་ལཾ། བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྟེན་གསུམ་རབ་གནས།no next