Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
དྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
no previousདྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད།next

དྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད།


CMR035_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད་བཞུགས་སོ། །


CMR035_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷ་ནཱ་ཐ་ཡེ། །པད་འབྱུང་ཁྲོ་རྒྱལ་མགོན་པོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་འགྲོ་ལ་ཕན་པའི་དྲག་པོའི་རྫ་འཛབ་གབ་སྦས་གསལ་ཏེ་བཀོད། །ཁྲོ་རྒྱལ་དཔལ་མགོན་བཀའ་གནོངས་བྱིན་གྱིས་རློབས། །སློབ་དཔོན་པདྨ་དང་ནི་ཧཱུཾ་ཀ་རས། །རྡོ་རྗེ་འབར་བའི་རྒྱུད་ནས་བཏུས་པ་ཡི། །རྫ་འཛབ་རྒྱ་གཞུང་དུམ་དུམ་ཁྲིག་གཉིས་པོ། །ཚིག་ཉུང་དོན་མང་འཁྲུགས་ཆེ་ལག་ལེན་དཀའ། །དེ་ཕྱིར་སྔགས་པ་ཕལ་གྱིས་མ་རྟོགས་ནས། །བཅའ་ལུགས་འཁྲུལ་ཏེ་རྫ་མའི་ཁ་ལེབ་ཀྱི། །རྡོ་ལེབ་དེ་ལ་ལིངྒ་བྲི་བ་དང་། །ལིང་ཚེ་ཕྱི་ནང་འཁྲུགས་ནས་ཅི་བྱུང་བྱེད། །འདོན་ལུགས་འཁྲུལ་ནས་གཞུང་ཚིག་ཉུང་ངུ་དང་། །


CMR035_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ལྕགས་འདུལ་བསྐུལ་འདོན་རྡོ་འཛུལ་དང་། །རྫ་མ་བཅག་ཅིང་སྦྱིན་སྲེག་ལོགས་ཁ་སབ། །གདོན་ཆེན་གཟུགས་རྣམས་བསྡུ་ནས་རི་ལ་བསྐྱལ། །དེ་སོགས་གཞུང་དང་འགལ་བ་བྱེད་མཁན་མང་། །འཁྲུལ་མེད་གཞུང་དང་མཐུན་པ་འདི་ལྟ་སྟེ། །སྟ་གོན་བསྙེན་སྒྲུབ་ལས་སྦྱོར་གསུམ་ཡིན་ནོ། ༈ །དང་པོ་འཇིམ་པའི་ར་བ་གྲུ་བཞི་པ། །འདོམ་གང་བར་མེད་ནང་དུ་ས་གཙང་བཀང་། །ལེགས་པར་བཅག་པའི་དབུས་སུ་འཇིམ་པ་ཡི། །ར་བ་གྲུ་གསུམ་རྩེ་མོ་རྒྱབ་ཕྱོགས་བསྟན། །དེ་མདུན་འཇིམ་ར་གྲུ་གསུམ་རྩེ་མདུན་བསྟན། །འཇིམ་ར་དེ་རྣམས་ཕྱི་ནག་ནང་དམར་བྱ། །གྲུ་གསུམ་དབུས་མའི་ནང་གི་ཟུར་ག་སུམ་དུ། །རྡོ་བ་ཁུ་ཚུར་ཙམ་པ་གསུམ་ལ་ནི། །ཁྲག་གིས་ཁ་མིག་བྲིས་པ་སྐྱེད་པའི་ཚུལ། །དེ་སྟེང་བྱིས་སྒྲའི་སྦྱང་རོ་


CMR035_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའམ། །མེད་ན་རྫ་མ་ནག་པོ་གཅིག་བཙུགས་ལ། །དེ་ནང་རོ་སོལ་ལམ་སོལ་བས་གྲུ་གསུམ་བྲི། །དེ་ནང་འབྲུ་སྣའམ་ཟན་གཙང་ལ་བྱས་པའི། །ངར་མི་ཆུང་སྲི་བྱི་བའི་མགོ་ཅན་བཞག །གཞན་ཡང་ཟན་གྱི་ལིངྒ་ཆེ་བ་གཅིག །ཤོག་གུའམ་ནི་གྲོ་ག་ལ་བྲིས་པའི། །བསྲེག་རྒྱུའི་ལིངྒ་མནན་རྒྱུའི་ལིངྒ་གཉིས། །ལྟེབ་ལ་ཁྱི་སྤུ་ར་བལ་སྐུད་པས་བཅིངས་ལ་བཅུག །རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ་ཀྱིས། །རྫ་མའི་ཁ་བཅད་རླུང་ནི་མི་ཐར་བྱ། །རྟ་རྔའི་འགུག་ག་རྫ་མའི་སྐེ་ལ་བཀོན། །ཤིང་ནག་འཕར་ཆུང་བཀུག་པ་དེ་ལ་བཏགས། །རྫ་མའི་རྒྱབ་ཀྱི་གྲུ་གསུམ་གསུམ་པོ་ལ། །འགྲུབ་ན་གནོད་བྱེད་ཆུང་སྲི་ཁུག་ཛཞེས། །ཡི་གེ་སྙིང་ཁར་བཅུག་པའི་ངར་མི་ནི། །སྲེ་མོང་མགོ་ཅན་རྨོང་རྩེའི་མགོ་ཅན་དང་། །ངར་མའི་བྱི་བའི་མགོ་ཅན་དང་ནི་གསུམ་པོ་བཞག །དེ་རྒྱབ་སོལ་བའི་ཕྱེ་མ་མཎྜལ་ལ། །དེ་ཉིད་ལིང་རྩེ་དགུ་རུ་བཅད་པ་ཡི། །དབུས་དང་ཕྱོགས་མཚམས་ལིང་རྩེའི་ནང་བརྒྱད་ལ། །ངར་མི་སྲེ་མོང་མགོ་ཅན་རེ་རེ་བཞག །དབུས་སུ་གང་བདེར་གཅིག་དང་དགུ་ཡིན་ནོ། །དེ་རྒྱབ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས། །མདུན་རྒྱབ་གཉིས་སུ་བྱས་པའི་ཕྱོགས་བཅུ་རུ། །རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ་བཅུ། །ཕུར་ཆུང་བཅུ་ཡིས་བཀར་ནས་རྡོ་འཛུལ་བཙུགས། །རེ་རེའི་ཞབས་སུ་བུད་མེད་ནུ་ཞོའམ། །མེད་ན་ལག་པ་བཀྲུས་པའི་ཁྲུས་ཆུས་སྦྲུས། །ཟན་ལ་བྱིས་སྦའི་ཏིལ་ཆུང་ཕོ་གུ་དང་། །རིལ་ཚེ་སྐྱ་ག་གོ་ཕྲུག་སྲེ་མོང་དང་། །ཁྱི་གུ་དང་ནི་སྦལ་ནག་ལག་བཅུ་པ། །


CMR035_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནག་མགོ་དགུ་པ་རྣམས་འཛུལ་ཞབས་བཀོད། །རྙེད་ན་དེ་དག་ཤ་ཁྲག་སྤུ་ཡང་སྦྱར། །དེ་རྒྱབ་གདོན་ཆེན་བཅོ་ལྔའི་འཇིམ་གཟུགས་ནི། །སྐེམ་བྱེད་བྱི་བའི་མགོ་ཅན་ནག་པོ་ཤར། །བརྗེད་བྱེད་མི་ལུས་ཝ་ཡི་མགོ་ཅན་དམར། །ཛ་མི་ཀ་ནི་རྟ་ཡི་མགོ་ཅན་དམར། །གཉའ་ལག་ཅན་ནི་བྱ་གླག་མགོ་ཅན་སྔོ། །དེ་གསུམ་ལྷོ་ཕྱོགས་གཡས་ངོས་དེ་རུ་བཀོད། །ཁུ་ཚུར་ཅན་ནི་བྱ་རོག་མགོ་ཅན་ནག །མི་ནག་ཞེ་སྡང་སྦྲུལ་གྱི་མགོ་ཅན་དཀར། །བཞིན་རྒྱུན་པོ་ཞེས་འུག་པའི་མགོ་ཅན་སེར། །མིག་འཕྱང་པོ་ཞེས་པ་ཝང་མགོ་ཅན་ན། །སྲུལ་པོ་ཕག་མགོ་ཅན་ནི་ནག་པོ་སྟེ། །དེ་ལྔ་ནུབ་ཕྱོགས་རྒྱབ་ངོས་དེ་རུ་བཀོད། །རི་དྭགས་རྒྱལ་ནི་ཤྭ་བའི་མགོ་ཅན་སེར། །མི་དགའ་བྱེད་ནི་བྱི་བའི་མགོ་ཅན་ནག །དེ་གཉིས་བྱང་སྟེ་གཡོན་གྱི་ཕྱོགས་སུ་བཀོད། །འཇོམས་པ་གླང་མགོ་ཅན་སེར་བྱང་ཤར་མཚམས། །ནམ་གྲུ་ཁྱི་མགོ་ཅན་སེར་ནུབ་བྱང་མཚམས། །བསེན་མོ་བུད་མེད་ནག་མོའི་གཟུགས་ཅན་ནི། །ཤར་ལྷོ་ལྷོ་ནུབ་གཉིས་པོ་གང་བདེར་བཀོད། །རྒྱས་པར་འགྲུབ་ན་གདོན་ཆེན་བཅོ་ལྔ་ཡི། །སྙིང་ཁར་ཏྲི་དང་རང་རང་མིང་ཡིག་བཅུག །དེ་རྒྱབ་རྩང་དམར་མཐོ་གང་ཉི་ཤུ་བརྒྱད། །སྲིན་མོ་འགྲོས་སུ་ལོགས་རེར་བདུན་རེ་བཙུགས། །དེ་དང་མཉམ་པའི་སྐྱེར་པའི་ཕུར་ཆུང་ནི། །གཞུ་ཆུང་མཛུབ་གང་མདའ་ཆུང་དང་སྦྱར་བ། །ཕྱོགས་མཚམས་བརྒྱད་དུ་བཀར་བའི་ཚུལ་གྱིས་བཀོད། །དེ་བཞིན་རྟ་རྔའི་འགུག་ག་འཕར་ཆུང་བརྒྱད། །དེ་རྣམས་འཇིམ་ར་གྲུ་བཞི་རྩེ་ལ་བཙུགས། །རང་


CMR035_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཤར་དུ་བརྩི་བའི་ལྷོ་ནུབ་ཟུར། །རུ་ཏྲའི་མགོ་དང་རྐང་ལག་ཕྱོགས་བཞིར་བཀོད། །གཞོང་ཆེའམ་ནི་སྡེར་ནང་ཤིང་ནག་ཆ་བཅིང་ལ། །དེ་སྟེང་ངར་མི་མཐོ་ཚད་བྱིས་པའམ། །མ་ཡི་གོས་དུམ་དཀྲིས་ལ་བསྙལ་ལ་བཞག །དེ་དང་མཉམ་དུ་བྱིས་པའི་མ་དེ་ཡི། །ཆངས་བུ་དགུའམ་གང་འཛོམ་བླུགས་བྱས་ལ། །སྟེགས་བུའི་ནང་མའི་ཕྱི་ཡི་ལྷོ་ངོས་བཞག །རྫ་མའི་སྟེང་དུ་འཇིམ་པ་གྲུ་གསུམ་པ། །བང་རིམ་གསུམ་ལྡན་རྩང་དམར་མཐོ་གང་པ། །དགུ་བཙུགས་རྩང་ལ་ཤ་ཁྲག་ལིང་ཆུང་བརྒྱན། །དེ་སྟེང་ཨོཾ་བཅིང་སྟེང་དུ་གཏོར་ཟློག་ནི། །གུ་དྲག་རྟ་མགྲིན་ཕུར་པ་མགོན་པོ་སོགས། །རང་གིས་གང་ཤེས་གཞུང་ལྟར་བཅས་ལ་བཞག །དེ་ལ་མདའ་དར་རྒོད་སོགས་བྱ་ཆེན་སྤྲོ། །གཤོག་དར་ཞེས་པ་འཕྲུ་དར་ཡོད་ན་བཙུགས། །བསྐང་རྫས་ཐམས་ཅད་ཡོད་ན་ལེགས་པར་བཙུགས། །གཞན་ཡང་ཕུགས་གཏོར་ཚོགས་དང་གཏོར་འབུལ་སོགས། །རིམ་གྲོ་སྤྱི་ཡི་ལུགས་ལྟར་ཚང་བར་བྱ། །མནན་ཐོད་ཁྱི་གུ་བྱི་ལ་རིལ་ཚེ་དང་། །ཕག་ཕྲུག་ལ་སོགས་ཆུང་གསུམ་ཐོད་པ་གཅིག །ཤ་མེད་གཙང་མ་དཀར་པོ་བྱས་པ་ཡི། །ཐོད་པར་རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །དཔྲལ་བར་གཡུང་དྲུང་རྣ་ལྟག་ཁྲམ་བྲི་འམ། །མཚུལ་བར་རཾ་བྲི་ཁ་ནང་ཤོག་གུ་ལ། །ཆུང་སྲི་ཟ་འདྲེ་བྲུབ་བོ་མནན་ནོ་བྲི། །འགྲམ་པ་གཡས་ལ་ཆུང་སྲི་ཁ་ཐཾ་བྲི། །འགྲམ་པ་གཡོན་ལ་ཤི་ཁ་ཆོད་ཅིག་བྲི། །དུར་རྡོའམ་ནི་གཡའ་མ་གང་རྙེད་ལ། །རྡོ་རྗེ་རྒྱ་གྲམ་བྲིས་པ་ཁྱི་རའི་སྐུད་པས་བཅིང་། །སྔགས་འདི་ཤོག་དྲིལ་ཐོད་པའི་ཀླད་ཁུང་


CMR035_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག །ཨོཾ་ཆུང་སྲི་ཁ་ཐམ་མཱ་ར་ཡ་ཟད། ཆིང་ཆིང་ཐམ་ཐམ། དུལ་དུལ་ནན་ནན་ཛ་ཛཿ ཆུང་སྲི་ཁ་ཐཾ་རྦད་ཆིང་ཆིང་ཐམ་ཐམ་དུལ་ནན། ཞེས་པ་བྲིས་བཅུག་ཐོད་པ་ཚོན་སྐུད་བཅིང་། །ཕོ་ཤིང་མོ་ཤིང་སྟེང་འོག་ཐེམ་བྱས་ལ། །རྫ་མའི་དྲུང་དུ་རྡོ་ལེབ་མནན་ལ་བཞག །དེ་ནི་སྟ་གོན་བཅའ་ཚོགས་རྒྱས་པའོ། ༈ །དེ་བས་བསྡུ་ན་ནམ་མཁའ་འཕྲུ་དེར་སྤྲོ། །བསྐང་འབྲས་རྣམས་ནི་མེད་ཀྱང་ཆོག་པའོ། །དེ་བས་བསྡུ་ན་མདའ་ཆུང་གཞུ་ཆུང་དང་། འགུག་ག་ལ་སོགས་གཅིག་གིས་ཆོག་པ་སྟེ། །གདོན་ཆེན་བཅོ་ལྔ་མེད་ཀྱང་ཆོག་པ་ཡིན། །སྲེ་མོང་མགོ་ཅན་ངར་མི་དགུ་མི་དགོས། །དེ་མིན་སྔར་ལྟར་བཅའ་བ་བསྡུས་པ་ཡིན། །དེ་ནས་སྐྱབས་སེམས་དཀར་བགེགས་ལས་བྱང་འདོན། །ཚོགས་ལ་ཆུང་སྲི་བཀུག་གཞུག་བྱས་ནས་ཀྱང་། །དེ་ཡི་ཤ་ཁྲག་ཚོགས་ཀྱི་འཁོར་ལོ་བསྐོར། ཚོགས་ནི་བཀྱག་དུས་བུད་མེད་དེ་ཡིས་བཀྱག །རྣམ་ཤེས་སྤར་ནས་ནམ་མཁའི་ལྷ་ལ་བསྟིམ། །ལུས་དང་ལུས་གདོན་ཚོགས་འཁོར་དབྱེར་མེད་པ། །ཡི་དམ་ཆོས་སྐྱོང་ཞལ་དུ་བསྟབ་པར་བྱ། །ཚོགས་ཕུད་ཕུལ་ནས་བར་པས་བསྐང་བ་གསོ། །ལས་བྱང་བསྐང་བ་རྒྱས་བསྡུས་ཅི་ལྕོགས་འདོན། ཚོགས་ཀྱིས་བསྒྲལ་ཆོག་ཆུང་སྲི་བཀུག་ལ་བསྒྲལ། །ཞལ་བསྟབ་བཟློག་པར་གསོ་ལ་ལྷ་གང་ཡིན། །སོ་སོའི་གཞུང་ལྟར་འདོན་ཅིང་ཚར་བའི་རྗེས། །གསེར་སྐྱེམས་གཏོར་ཞིང་དཀར་གཏོར་བྲན་བྱས་ལ། །ཧཱུྃ་ལས་རིན་ཆེན་སྣོད་


CMR035_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནང་། །འབྲུ་བཅུད་སྙིང་པོ་ཛ་གད་མཚོ། །འདོད་ཡོན་ལྔ་ཡི་རྦ་རླབས་འཁྲུགས། །རིན་ཆེན་གསེར་གཡུའི་དམ་རྫས་ཅན། །།དཀར་གསུམ་བདུད་རྩིའི་གཏོར་མ་མཆོད། །སྣང་སྲིད་ལྷ་འདྲེའི་མཐུན་རྫས་འདིས། །འཇིག་རྟེན་མཐུ་ཆེན་ཐམས་ཅད་བརྔན། །ཕྱོགས་མཚམས་སྟེང་འོག་གནས་པ་དང་། །ས་ཆ་ཡུལ་རིས་འདིར་གནས་པའི་། །ལྷ་ཀླུ་གཞི་བདག་གཉན་པོ་རྣམས། །གསེར་སྐྱེམས་གཏོར་མ་འདི་བཞེས་ལ། །བདག་གི་དྲག་པོའི་རྫ་འཛབ་ལ། །རུ་ང་ཕྲག་དོག་མ་མཛད་ཅིག །བདག་གི་ཁ་ཚེའཛིན་སྡོང་གྲོགས་དང་། །ཆུང་སྲི་འདུལ་བའི་མཐུ་དཔུང་མཛོད། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཛ་གད་རཏྣ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཀའ་བསྒོ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་སྲས། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཅས། །ཡེ་ཤེས་སྤྱན་ལྡན་སྲུང་མ་རྣམས། །མཁྱེན་པའི་ཐུགས་ཀྱིས་དགོངས་སུ་གསོལ། །མངོན་ཤེས་


CMR035_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གྱིས་གཟིགས་སུ་གསོལ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་གཤེགས་ལ། །རྣལ་འབྱོར་བདག་གི་མཐུ་དཔུང་མཛོད། །ཉེར་སྤྱོད་ལྔ་ཡི་མཆོད་པ་འབུལ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །སྨན་གཏོར་རཀྟའི་མཆོད་པ་འབུལ། །དུག་ལྔ་དུག་གསུམ་མཆོད་པར་བཞེས། །དགྲ་བགེགས་འབྱུང་པོ་མཆོད་པར་བཞེས། །ཆུང་སྲི་རྨོངས་འདྲེ་མཆོད་པར་བཞེས། །ལན་ཆགས་ཆུང་བདུད་མཆོད་པར་བཞེས། །སྒབ་སྲི་རབས་འདྲེ་ཚར་ཆོད་ཅིག །དགོངས་ཤིག་གཟིགས་ཤིག་སྲུང་མའི་ཚོགས། །དམ་་ཉམས་ཆུང་སྲི་ལས་ངན་འདིས། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །མི་དགེ་བཅུ་པོ་སྤྱད་སྤྱད་ནས། །ཞེ་སྡང་དུག་ལྔ་རབ་ཏུ་རྒྱས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བསད་པའི་ཤ་ནི་སྟོང་གསུམ་ཙམ། །བསད་པའི་ཁྲག་ནི་རྒྱ་མཚོ་ཙམ། །སངས་རྒྱས་བསྟན་ལ་གནོད་པ་བསྐྱལ། །དམ་ཚིག་གཉན་པོ་ཁྱད་དུ་བསད། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེའི་མཆེད་ལ་དགྲ་རུ་བཟུང་། །དེ་ཕྱིར་ལས་ངན་དམ་སྲིར་སྐྱེས། །འགྲོ་བ་ཡོངས་ཀྱི་སྲོག་ལ་གནོད། །ཁྱད་པར་བྱིས་སྦ་ཆུང་ལ་འཚེ། །ཡོན་


CMR035_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདི་ཡི་སྲི་སྒབ་འཕྲོག །དེ་ནས་བསྒྲལ་བའི་ཞིང་དུ་གྱུར། །དམ་ཉམས་ཆུང་སྲི་འདུལ་བའི་ཕྱིར། །ཁྲོ་བོ་ཁྲོ་མོ་བསྟན་སྲུང་ཚོགས། །སྲ་བརྟན་རྡོ་རྗེའི་གོ་ཆ་གྱོན། །རྣོ་དབལ་མཚོན་ཆ་ཕྱག་ན་ཕྱིར། །མ་གཡེལ་མ་གཡེལ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཅེས་མཁྱེན་དཔང་གསོལ་ལོ། །ཧཱུཾ། རང་ཉིད་ཡི་དམ་ལྷར་གསལ་བའི། །མདུན་དུ་མ་ཏྲཾ་རུ་ཏྲ་ལ། །འགྲོ་དྲུག་དུག་ལྔ་ཀུན་ཐིམ་ནས། །བསྒྲལ་ཞིང་དུག་ལྔ་རྒྱས་པ་ལ། །བདག་ཉིད་དཔལ་གྱི་སྐུ་ལུས་ལས། །མཚོན་ཆའི་ཆར་བབ་རུ་ཏྲ་བསྒྲལ། །ཕུང་པོ་ཁྲོལ་གྱིས་ཞིག་པ་ལས། །ཕྱི་ལྟར་རུ་ཏྲའི་གཡང་གཞི་ལ། །བར་དུ་དུར་ཁྲོད་འདྲེ་སྲིན་གནས། །ནང་ལྟར་དྲག་པོའི་ཕོ་བྲང་གནས། །རྩང་རྣམས་སྲིན་མོ་ཉི་ཤུ་བརྒྱད། །མདའ་གཞུ་གིང་ཕོ་གིང་མོའི་ཚོགས། །འཆོར་མེད་འགག་ལ་འགུག་ག་བཙུགས། །ཆུང་སྲི་བྲོས་ཀྱང་ཐར་ས་མེད། །དེ་ནང་གདོན་ཆེན་བཅོ་ལྔ་དང་། །རི་རབ་གནམ་རྡོའི་འཛུལ་འོག་ན། །ཆུང་སྲི་ཐམས་ཅད་དངོས་སུ་གསལ། །ལིང་ཚེ་བརྒྱད་པོ་དབུས་དང་དགུར། །ཆུང་སྲི་སྲེ་མོང་མགོ་ཅན་དགུ། །དེ་ནང་གྲུ་གསུམ་གསུམ་པོ་


CMR035_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རྨོང་ཚེ་བྱི་བ་སྲེ་མོང་མགོ །རྫ་མ་དམྱལ་ཟངས་མུན་པའི་གླིང་། །ཁྲོ་ཆུ་ཁོལ་མའི་དབུས་ཉིད་དུ། །ཏྲི་ཡིག་ཡོངས་སུ་གྱུར་པ་ལས། །ཆུང་བདུད་བྱི་བའི་མགོ་ཅན་དང་། །ལིངྒ་ཆུང་སྲི་སྐེམ་ཞིང་རེད། །ཤི་མིག་སྐྱ་གཟིང་འདར་ཞིང་བསྔང་། །ཡན་ལག་ལྕགས་སུ་བཅུག་པ་གསལ། །ཅེས་བསྐྱེད་རྫ་མ་ཁ་ཕྱེ་ལ། ཧཱུྃ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས། །ཆོས་ཉིད་རྒྱུ་འབྲས་བསླུ་མེད་དང་། །མ་ཧཱ་ཀཱ་ལའི་བདེན་པའི་མཐུས། །གནོད་བྱེད་ཆུང་སྲི་ཆུང་བདུད་རྣམས། །ལིངྒ་འདི་ལ་མྱུར་དུ་ཁུག །ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཕྱོགས་བཅུའི་གདོན་ཚོགས་ཚར་གཅོད་ཕྱིར། །དབང་བཅུའི་ལས་ལ་ཁྲོ་བཅུ་སྤྲུལ། །ཕར་ཕྱིན་བཅུ་ལ་ཁྲོ་མོ་སྤྲུལ། །ཡང་སྤྲུལ་ཁྲ་ཐབས་ཉི་ཤུ་སྤྲུལ། །ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་བཅས། །ཆུང་སྲི་འདུལ་བའི་གྲོགས་ལ་བྱོན། །ཧཱུཾ། ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཁྲོ་མོ་རྡོ་རྗེ་སྙེམས་མ་སྟེ། །སྤྲུལ་པ་སྟག་དང་བྱ་རྒོད་མགོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་


CMR035_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ཤར་ལྷོའི་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཁྲོ་མོ་རྡོ་རྗེ་སྡེར་མ་སྟེ། །སྤྲུལ་པ་གཡག་དང་བྱ་རོག་མགོ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ལྷོའི་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུཾ། ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཁྲོ་མོ་རྡོ་རྗེ་དུར་ཁྲོད་བདག །སྤྲུལ་པ་ཤ་བ་འུག་པའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་


CMR035_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་ཐཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོ་ཧཱུྃ། ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཁྲོ་མོ་རྡོ་རྗེ་གཏུན་ཁུང་མ། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷོ་ནུབ་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ནུབ་ཕྱོགས་ཁྲོ་རྒྱལ་རྟ་མགྲིན་དཔལ། །ཁྲོ་མོ་རྡོ་རྗེ་གཏུམ་མོ་སྟེ། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་ཕྱོགས་གནོད་བྱེད་ཆུང་


CMR035_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །།སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །ཁྲོ་མོ་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནུབ་བྱང་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛ་།ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུཾ། བྱང་ཕྱོགས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཁྲོ་མོ་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཕྱོགས་གནོད་བྱེད་


CMR035_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ ཧཱུྃ། བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ། །ཁྲོ་མོ་ཁམས་གསུམ་གསོད་བྱེད་མ། །སྤྲུལ་པ་དོམ་དང་སྲེ་མོང་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྱང་ཤར་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུྃ། སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །ཡུམ་ནི་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྒྲིག་བུའི་མགོ །ཁྱོད་ཀྱི་ཐུགས་དམ་


CMR035_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ། །སྟེང་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག །ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤ་ཧཱུཾ། །སྡོམས་ཤིག་བཛྲ་སྤོ་ཊ་བི། །སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཧཱུྃ། འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཁྲོ་མོ་རྡོ་རྗེ་བསྐུལ་བྱེད་མ། །སྤྲུལ་པ་དྲེད་དང་བྱི་བའི་མགོ །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །འོག་ཕྱོགས་གནོད་བྱེད་ཆུང་སྲི་རྣམས། །རང་དབང་མེད་པར་ཁུག་ལ་ཤོག །ལྕགས་ཀྱུས་སྙིང་ནས་ཟུངས་ལ་ཤོག །ཞགས་པས་སྐེ་ནས་ཆིངས་ལ་ཤོག་་ལྕགས་སྒྲོག་ཡན་ལག་སྡོམས་ལ་ཤོག །དྲིལ་བུས་མྱོས་སུ་ཆུག་ལ་ཤོག །ལས་རླུང་དྲག་པོས་དེད་ལ་ཤོག །ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ །ཆིངས་ཤིག་བཛྲ་པཱ་ཤོ་ཧཱུྃ་།སྡོམས་ཤིག་བཛྲ་སྤོ་ཊ་བཾ། །སྙིམས་ཤིག་ཨཱ་ཝེ་ཤ་ཡ་ཧོཿ །ཨོཾ་བཛྲ་ཀྲོ་དྷ་གནོད་བྱེད་ཆུང་སྲིའི་ལུས་ངག་ཡིད་གསུམ་བླ་ཤ་རེ་མ་ཏིས་འགྲིམ་འགྲིམ། ཤ་མ་རུ་ཏི་ཁུག་


CMR035_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་མྱོག་ལིང་། ཤ་ལིང་རྩ་མུན་ཏྲ་ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་ལ་རང་དབང་མེད་པར་བཅུག་ནས་ཐིམ་པར་བསམ་མོ།། ཀྱཻ། སྔོན་གྱི་བསྐལ་པ་གྲངས་མེད་དེར། །ཡབ་ནི་སོག་སྐྱ་དེ་བ་དང་། །ཡུམ་ནི་སྲས་མོ་རྒྱལ་མོ་གཉིས། །དེ་གཉིས་འཚོགས་ཤིང་བཤོས་པ་ལས། །ལྷ་བུ་མི་བདུན་སྲིད་པ་ལ། །སྲིན་པོ་གདུག་བྱེད་རྒྱལ་པོ་དེ། །ཆུང་སྲི་སྤུན་དགུར་བརྫུས་ནས་ནི། །ལ་ལ་ཁུ་ཚུར་བཅང་བར་བསད། །ལ་ལ་རྐུ་ཐོབས་བཅིང་བར་བསད། །ལ་ལ་བླུན་ཞིང་ཁ་མཆུ་འོང་བར་བསད། །ལ་ལ་ནུ་ཞོ་སྐྱུག་པར་བསད་། །ལ་ལ་འགྲང་ཤིང་འཁྲུ་བར་བསད། །ལ་ལ་འགུལ་པ་འགག་པར་བསད། །དེ་ལྟར་གདུག་པའི་སེམས་ནི་མེ་ལྟར་འབར། །ངན་པའི་ཞེ་ལྡང་ཆུ་ལྟར་ཁོལ། །དུས་དང་བསྐལ་པ་དེ་ཙམ་ནི། །ཡབ་ནི་སོག་སྐྱ་དེ་བ་ཡིས། །ངུས་སམ་མ་ངུས་ན། །མཆི་མ་ཁྲག་ཏུ་བྱུང་། །འཆོས་སམ་མ་འཆོས་ན། །རལ་གྲི་སོ་ལ་འཆོས། །ཐང་ཀ་ལྷ་ལ་བྱས་། །ཡུས་རྡོ་སྲིད་ལ་བཅིངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །བདག་གི་མགོན་དང་སྐྱོབས་ལ་བྱོན། །ཕྱོགས་བཅུ་ནམ་མཁའི་ཁམས་བོས་སོ། །བཅོམ་


CMR035_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མགོན་པོའི་ཞལ་ན་རེ། །དེ་ཡི་མགོན་སྐྱབས་ང་ཡོད་ཟེར། །སྔོན་ཚེ་ཞལ་གྱིས་བཞེས་པའི་ལྷ། །ཁྲོ་རྒྱལ་དཔལ་ལྡན་མགོན་པོའི་ཚོགས། །འཁོར་གྱི་དམག་ཚོགས་མང་པོ་དང་། །སྤྲུལ་པའི་འཕྲོ་འདུ་མང་པོ་དང་། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །གནོད་བྱེད་རྨོངས་འདྲེ་ཆུང་སྲིའི་གཤེད་དུ་ཆེ། །སྲུང་མ་ལྷ་ཡི་ཕོ་ཉ་ཆོས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཡི་དམ་ལྷ་ཡི་བྱིན་རླབས་དང་། །ཁྲོ་རྒྱལ་རྣམས་ཀྱི་མཐུ་སྟོབས་དང་། །མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས། །གནོད་བྱེད་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །སྒབ་འདྲེ་འདུལ་བའི་ཕྲིན་ལས་མཛོད། །རབས་འདྲེ་འདུལ་བའི་ཕྲིན་ལས་མཛོད། །གསོན་འདྲེ་འདུལ་བའི་ཕྲིན་ལས་མཛོད། །མི་ལ་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཡི་དམ་གང་འདོད་ཀྱི་སྔགས་ཤམ་ལ་སྦྱར་ཏེ། །འགུ་དྲག་ཡིན་ན་འདི་ལྟར་རོ། །ཨོཾ་ཨཱཿཧཱུྃ་ཨརྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ། ཡཀཱ་ཧཱུཾ་རཀྵ་ཧཱུྃ། ཨ་ཡ་མ་དུ་རུ་ཙ་ཤ་ན། སརྦ་ན་ཏྲི་ནི་ཧཱུྃ་ཛཿ ནི་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ དམ་སྲི་ཆུང་སྲིའི་སྲོག་ལ་མཱ་ར་ཡ་ཧཱུྃ་ཛནན། རྫ་མ་ནང་གི་ཆུང་སྲིའི་


CMR035_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་སྤུ་གྲི་ལྟར་རྣ་བ་གཡོན་དུ་དྲག་ཏུ་འཁོར་བའི་བླ་སྲོག་སྟོབས་ནུས་ཤ་ཁྲག་ཐམས་ཅད་དམར་ཉི་ལི་ལི་གཏུབ་པར་བསྒོམ་སྟེ།་གནོད་བྱེད་ཆུང་སྲིའི་སྙིང་ནང་གནམ་ལྕགས་ཀྱི། འཁོར་ལོ་རྩིབས་བརྒྱད་སྤུ་གྲི་ལྟར་རྣོ་བ། །གཡོན་དུ་འཁོར་བས་བླ་སྲོག་གཏུབ། །སེམས་ཉིད་ཨ་ཡིག་གྱུར་པ་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་མངོན་པར་སངས་རྒྱས་ཤོག །སྔགས་རིང་དེ་ཐུན་རེ་ལ་རབ་ལྔ་བརྒྱ་འབྲིང་སུམ་བརྒྱ་ཐ་མ་བརྒྱ་བཟླས་ལ། ཐུན་ལ་མཆིལ་མ་མ་སོང་བར་ཕུ་བཏབ་ནས། ཧཱུྃ་ཛཿ ཐུན་རྫས་གནམ་ལྕགས་མེ་ཡི་ཐོག་སེར་ནི། །གར་ཕོག་རླག་བྱེད་དུག་རླངས་ཁྲོ་ཆུའི་ངད། །ཆུང་སྲིའི་སྟེང་དུ་དྲག་པོའི་སེར་ལྟར་བབས། །ལུས་ངག་ཡིད་གསུམ་བྱ་སྒོ་མེས་བསྲེགས་ལྟར། །སྲེག་གཏུབ་ཐལ་བ་རྡུལ་ཕྲན་བཞིན་དུ་རྨོགས་། །གོང་གི་སྔགས་ཤམ་དུ་འདི་བརྗོད་ཅིང་ཐུན་གྱིས་བྲབ་བོ། །ཧེ་ཧེ་རཾ་རཾ༔ ཧེ་ཏྲི་རཾ་རཾ༔ ཏྲི་རཾ་རཾ༔ ཀུ་ཀུ་རཾ་རཾ༔ མུ་མུ་རཾ་རཾ༔ དགྲ་བགེགས་རཾ་རཾ༔ ཧ་ཧ་རཾ་རཾ༔ ཡཾ་ཡཾ་རཾ་རཾ༔ ཁཾ་ཁཾ་རཾ་རཾ༔ སཾ་སཾ་རཾ་རཾ༔ སག་ཏ་རཾ་རཾ༔ ཀ་ཀ་རཾ་རཾ༔ ང་ང་རཾ་རཾ༔ བ་བ་རཾ་རཾ༔ ཨ་ཨ་རཾ་རཾ༔ ཆུང་སྲི་གནོད་བྱེད་མཱ་ར་ཡ་རཾ་རཾ༔ བྱིས་སྔའི་གདོན་ཆེན་


CMR035_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔའི་གདུག་པ་མཱ་ར་ཡ་རཾ་རཾ༔ གནོད་བྱེད་འབྱུང་པོ་དམ་སྲི་མཱ་ར་ཡ་རཾ་རཾ༔ ཆུང་སྲི་རྨང་སྲི་མངལ་སྲི་སྒབ་སྲི་རྨང་འདྲེ་གནོད་བྱེད་མཱ་ར་ཡ་རཾ་རཾ༔ ཞེས་ཐུན་བྲབ་ཚར་ནས་རྫ་མ་ཁ་ལེབ་བྱ། ས་གྲུ་གསུམ་རི་རབ་རྩང་བཙུགས་པ་དེས་མནན་ལ་བཞག་གོ །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། །སླར་ཡང་སྔོན་ལྟར་ལས་བྱང་ཚར་གཅིག་བཏང་། སྲོད་ཐུན་དཀར་གཏོར་གཞི་བདག་ལ་བསྔོ་དུས། །ཡོན་བདག་རིགས་རྒྱུད་འཕེལ་བའི་ཕྲིན་ལས་བཅོལ། །འབུལ་གཏོར་དམར་གཏོར་ལ་ཆུང་སྲི་བཀུག་གཞུག་བྱ། །རང་གི་ཆོས་སྐྱོང་རྣམས་ལ་སྤྱི་ལྟར་འབུལ། །ཟབ་མདོ་བདུད་བཟློག་སྟོང་ཉིད་བསྒོམ་ལ་ཉལ། །ཕྱིར་ནངས་སྔར་ཉིན་ལྟར་དུ་ཐམས་ཅད་འདོན། །དེ་ཡན་རྫ་འཛབ་བསྙེན་པའི་རིམ་པའོ། །དེ་ལྟར་ཞག་གྲངས་གསུམ་ལྔ་བདུན་དགུ་སོགས། །འཆི་གྲངས་ཇི་ལྟར་མང་བཞིན་ཞག་མང་བྱ། །སྔ་དྲོ་ཕྱི་དྲོ་མཚན་མོ་ཐུན་གསུམ་དུས། །དཀར་གཏོར་གསེར་སྐྱེམས་ནས་བཟུང་རྫ་འཛབ་གཞུང་། །ཚར་རེ་བཏང་ཞིང་སྔགས་དེ་བརྒྱ་རེ་བཟླས། །བསད་སྔགས་ཚར་རེས་ཐུན་བརྒྱབ་དེ་ལྟར་བྱ། །རྨི་ལམ་བྱིས་སྦ་རི་བོང་སྲེ་མོང་དང་། །ཁྱི་གུ་སྲེག་པ་ལ་སོགས་ཆུང་གསུམ་དང་། །ཁྱི་དང་བུད་མེད་བརྗེ་ལ་སོགས་པ། །མནན་དང་བཀྱིག་དང་ཁ་བཅིང་བསད་དང་མནན། །དེ་འདྲ་རྨིས་ན་རྫ་འཛབ་འགྲུབ་པའི་རྟགས། །རྟགས་མཚན་ངེས་ཤེས་བྱུང་ན་ལས་ལ་སྦྱར། །རྟགས་མཚན་གསལ་ན་ཞག་གྲངས་ཉུང་ཡང་ཆོག །ཚུར་ལ་རྒོལ་བ་རྨིས་


CMR035_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྐྱེད་རིམ་དང་། །སྟོང་ཉིད་ལྟ་བའི་རྫོང་བཅའ་ཡང་ན་ནི། །གསུང་རབ་བཀླག་སོགས་རྒྱབ་རྟེན་གང་འགྲུབ་བྱ། །དེ་ནི་སྒྲུབ་པའི་གནད་འགག་གསལ་བའོ། ༈ །དེ་ནས་ལས་ལ་སྦྱར་ལུགས་འདི་ལྟར་རོ། །ལིང་ཆུང་སྤུར་མ་བརྒྱ་དང་བཅོ་ལྔ་དང་། །ཤ་དུམ་གང་མང་གལ་ཏེ་རྙེད་ན་ནི། །ལུག་གི་ཚང་རའི་ཤ་ཚིལ་ར་ཕག་ཤ །འབྲུ་ནག་གང་འཛོམ་སྲེག་རྫོས་སྡེར་གང་བཞག། །དཀར་གཏོར་གཅིག་དང་དམར་གཏོར་ལྷ་གྲངས་དང་། །མེ་ལྷའི་གཏོར་ཆུང་ཟུར་གསུམ་གཉིས་ཀྱང་བཅའ། །ལས་བྱང་རྫ་འཛབ་ཡན་ཆོད་ཚར་གཅིག་འདོན། །དཀར་གཏོར་གསེར་སྐྱེམས་ཕུལ་ལ་བཀའ་བསྒོ་བྱ། །བུ་ཚ་ཤི་བའི་ཕ་མ་གཉིས་པོ་དེ། །མདུན་དུ་ཉལ་བཅུག་རྣམ་ཤེས་ནམ་མཁར་སྤར། །ཡི་དམ་ལྷ་ཡི་ཐུགས་ཀར་རེ་ཞིག་བསྟིམ། །ཆད་མདོ་བརྟན་སྐྱོང་སྤུ་གྲི་སྨྱོ་ཁ་དང་། །ཞིང་སྐྱོང་མ་ནིང་རྟ་མགྲིན་ལ་སོགས་པ། །ཆོས་སྐྱོང་གཏོར་མ་འཇུག་ནས་རིམ་པ་ལྟར། །འདོན་ཅིང་ཡོན་བདག་གཉིས་ལ་བརྒྱབ་པར་བྱ། །ལྷ་ཡི་གསོལ་འཕྲོ་གཏོར་མ་མེའི་ཕུང་པོ། །བརྒྱབ་པས་ལུས་གདོན་ཆུང་སྲི་ལུས་དང་བཅས། །བྱ་སྒྲོ་མེ་ལ་སྲེག་པ་ལྟ་བུར་བསྒོམ། དེ་ནས་གཏོར་ཟློག་རྣམ་རྒྱལ་འབར་བ་སོགས། །གང་ཡིན་བསྐུལ་པ་བཏོན་ནས་སྟེང་དུ་བརྫོག །དེ་ནས་རྣམ་ཤེས་མར་ཕབ་སྲུང་འཁོར་བསྒོམ། །དེ་ནི་ཆུང་སྲིར་གཏོར་ཟློག་བརྒྱབ་པ་ཡིན། །དེ་ནས་རྩང་དང་མདའ་གཞུ་འགུག་ག་བསྡུ། །ངར་མི་སྲེ་མོང་མགོ་ཅན་དགུ་པོ་སྣོད་གཅིག་བསྡུ། །དེ་ནས་སྲེ་མོང་མགོ་སོགས་


CMR035_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དེ། །སྡེར་གཅིག་ནང་དུ་བསྡུ་ལ་སོ་སོར་བཞག །དེ་ནས་ཐོ་བ་ཐོགས་ལ་ཁྲོ་བཅུའི་བསྐུལ། །སྔགས་ཆས་གྱོན་ལ་རང་ཉིད་གཟི་བྱིན་བསྐྱེད། །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །དབུ་ནི་སྲིད་པའི་རྩེ་ལ་སླེབས། །ཞབས་ནི་དམྱལ་ཁམས་གནས་སུ་བསྒད། །ཉི་ཟླ་ལྟེ་བའི་ཐད་ནས་འཆར། །ལྷ་ཆེན་བརྒྱད་པོ་ང་ཡི་གཡོག །ཀླུ་ཆེན་བརྒྱད་ནི་རྒྱན་དུ་བྱས། །ཁམས་གསུམ་སྲིད་གསུམ་ང་ཡི་ཟས། །ང་ཡི་ཐུགས་ལས་སྤྲུལ་པ་ནི། །ཁྲོ་རྒྱལ་བཅུ་ཡིས་ཕྱོགས་བཅུ་གང་། །སྟོང་གསུམ་ཧཱུཾ་སྒྲ་དི་རི་རི། །རི་རབ་གཡོ་ཞིང་རྒྱ་མཚོ་ཁོལ། །སྟོང་གསུམ་འཇིག་རྟེན་ཁྱོམ་ཞིང་རྡེབ། །ཡེ་ཤེས་མེ་རིས་ནམ་མཁའ་ཁྱབ། །སྤྲུལ་པའི་ཁྱུང་གིས་བུ་ཡུག་འཚུབ། །རྡོ་རྗེའི་སེར་བ་རླུང་ལྟར་འཚུབ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །ནམ་མཁའི་སྤྲིན་ཕུང་བཞིན་དུ་གཏིབས། །གང་གིས་ཞི་བས་མི་འདུལ་བ། །ཤིན་ཏུ་མ་རུངས་གདུག་པ་ཅན། །དྲག་པོའི་ཐབས་ཀྱིས་ཐུལ་གསུངས་ནས། །བཀའ་ཡིས་གནང་སྟེ་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་མཚུངས་མེད་གྱུར། །ཅེས་ཆེ་བའི་ང་རྒྱལ་བསྐྱེད་ལ། ཧཱུྃ། ཤར་ཕྱོགས་དྲི་ཟ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །


CMR035_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དྲི་ཟ་ལས་གྱུར་ཆུང་སྲི་དང་། །ཤར་ནས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་བྷི་ཛ་ཡ་ཧཱུྃ། ཤར་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཤར་གྱི་རྫ་འཛབ་བརྡུང་། ཀུན་ལ་དེས་འགྲེས་སོ། །དེ་ནས་ཕྱོགས་ཀྱི་གདོན་ཆེན་རྣམས་ཀྱང་བརྡུང་། ཧཱུྃ། ཤར་ལྷོ་མེ་ལྷ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མེ་ལྷ་ལས་གྱུར་ཆུང་སྲི་དང་། །ཤར་ལྷོའི་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ཤར་ལྷོ་མཚམས་ཀྱི་ཆུང་སྲི་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ། །ལྷོ་ཕྱོགས་གཤིན་རྗེ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གཤིན་རྗེ་ལས་གྱུར་ཆུང་སྲི་དང་། །ལྷོ་ཕྱོགས་གནོད་བྱེད་


CMR035_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ། ལྷོ་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ། ལྷོ་ནུབ་སྲིན་པོ་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྲིན་པོ་ལས་གྱུར་ཆུང་སྲི་དང་། །ལྷོ་ནུབ་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལེ་ཧཱུཾ། ལྷོ་ནུབ་ཀྱི་ཆུང་སྲི་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ། ནུབ་ཕྱོགས་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཀླུ་དབང་ལས་གྱུར་ཆུང་སྲི་དང་། །ནུབ་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་


CMR035_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དུས་ལ་བབ། རླུང་ལྷ་ལས་གྱུར་ཆུང་སྲི་དང་། །ནུབ་བྱང་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙི་ཏ་ཧཱུཾ། ནུབ་བྱང་གི་ཆུང་སྲི་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཧཱུྃ། བྱང་ཕྱོགས་གནོད་སྦྱིན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །གནོད་སྦྱིན་ལས་གྱུར་ཆུང་སྲི་དང་། །བྱང་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། བྱང་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་ཚིནྡྷ་ཚིན་ཧཱུྃ་ཕཊ༔ ཧཱུྃ། བྱང་ཤར་བགེགས་ཚོགས་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །ཁྱེད་ཀྱི་


CMR035_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དུས་ལ་བབ། །བགེགས་ལས་གྱུར་པའི་ཆུང་སྲི་དང་། །བྱང་ཤར་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ། བྱང་ཤར་གྱི་ཆུང་སྲི་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ། སྟེང་ཕྱོགས་ལྷ་གདོན་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ལྷ་གདོན་ལས་གྱུར་ཆུང་སྲི་དང་། །སྟེང་ནས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུཾ། །སྟེང་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ། འོག་ཕྱོགས་ས་བདག་འདུལ་མཛད་པའི། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ས་བདག་ལས་གྱུར་ཆུང་སྲི་དང་། །འོག་ཕྱོགས་གནོད་བྱེད་ཆུང་སྲི་ལ། །རི་རབ་འབར་བའི་གནམ་རྡོ་རྒྱོབས། །རྡོ་རྗེའི་ཐོ་བས་ཀླད་ཁྲག་


CMR035_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམས། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། འོག་ཕྱོགས་ཀྱི་ཆུང་སྲི་ཐམས་ཅད་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ༔ ཅེས་རྡོ་ལེབ་བཅུ་པོ་བཅག་གོ །དེ་ནི་ཆུང་སྲི་རྡུང་ཕྱིར་ཆུང་རྡུང་ཟེར། དེ་ནས་མནན་རྒྱུའི་ཤོག་ལིང་རྫ་མ་ནང་ནས་བཏོན། །ཆུང་གསུམ་ཐོད་པའི་ཀླད་ཁུང་ནང་ན་བཅུག །གོ་གསུམ་ཐལ་བའི་འཇིམ་པས་ཁུང་རྣམས་བཅད། །ཕོ་ཤིང་མོ་ཤིང་ཐེམ་བར་མཆུ་དེ་བཅིངས། །སྔོ་དམར་ཐག་པས་བཅིངས་ལ་རེ་བས་དྲིལ། །ཡུགས་སྐྲའམ་ནི་ཁྱི་རའི་སྐུད་པས་བཅིངས། །སྐྱེར་ཕུར་སོར་བཞི་པ་གཅིག་ཀླད་ཁུང་བཅུག །དེ་ནས་མནན་པའི་ཁྱད་པར་འདི་ལྟ་སྟེ། །ཟླ་སྡིབ་ཁོག་ནས་ཤི་འམ་སྐད་མེད་ཤི། །མ་ཡི་སྟན་མང་འོག་ཏུ་མནན་པར་བྱ། །དབུགས་ནི་ལྷབ་ལྷབ་ཤི་ན་སྔས་འོག་མནན། །ཙོག་ཐུབ་ཤི་ན་མ་ཡི་ཉལ་འོག་མནན། །འགྲོ་ཐུབ་ཤི་ན་ཕྱི་སྒོའི་ཐེམ་འོག་མནན། །གོག་ཐུབ་ཤི་ན་ར་བའམ་སྐས་ཀྱི་འོག །ཕུ་རྒྱུག་མདའ་རྒྱུག་ཤི་ན་ཕྱི་སྒོ་ཡི། །ཐེམ་རྒྱབ་གོམ་པ་བདུན་གྱི་ལམ་དཀྱིལ་མནན། །ཅུང་ཟད་རྒྱུག་ཐུབ་ཤི་ན་རྟ་བྲེའུ་ཞབས། །རྟ་འཚོ་ཐུབ་དུས་ཤི་ན་ལམ་རྒྱ་གྲམ། །དེ་དག་གར་མནན་ས་དེར་ལྟོ་འཕྱེ་བརྩི། །དབྱར་གསུམ་ཤར་གྱུ་སྟོན་གསུམ་ལྷོ་རུ་གྱུ། །དགུན་གསུམ་ནུབ་དང་དཔྱིད་གསུམ་བྱང་ཕྱོགས་སུ། །སྔགས་པས་ཁ་རྒྱུ་ས་ལ་སྐག་ལེ་བརྒྱབ། །དེ་ནས་ཅི་བདེར་གྲུ་གསུམ་གྲུ་གང་ནོ། །དེ་ནང་ཐོད་པ་ཁ་ནི་ཐུར་བསྟན་


CMR035_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ནས་འགུགས་གཞུག་ལན་གསུམ་བྱས་ནས་ཀྱང་། །ས་ཡིས་ནུབ་པར་བཀབ་སྟེང་དུར་རྡོ་ལ། །རྒྱ་གྲམ་བྲིས་པས་མནན་སྟེང་མེ་ཆུ་བླུགས། །ས་རིམ་དགུ་ལ་རྒྱ་གྲམ་བྲི་ཞིང་མནན། །ཧཱུྃ། དམ་སྲི་ཆུང་སྲི་ཆུང་བདུད་ཁྱོད། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ད་ལྟ་སེམས་ཅན་ཡོངས་ལ་འཚེ།། །ཞེ་སྡང་སེམས་ཀྱིས་མི་མནན་ཏེ། །བྱམས་དང་སྙིང་རྗེས་མནན་པར་བྱ། །མ་འོངས་བྱམས་པའི་བསྟན་པ་ལ། །ལོང་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་སྟེང་དུ་མ་ལྡང་ཞིག །མནན་པ་ཡིན་ནོ་མ་ལྡང་ཞིག །བཅད་པ་ཡིན་ནོ་མ་སྐྱེད་ཅིག །མནན་ནོ་རི་རབ་འོག་ཏུ་མནན། །རྒྱ་མཚོ་ཆེན་པོའི་ཞབས་སུ་མནན། །ཆུ་སྲིན་ཆེན་པོའི་གྲེ་བར་བྲུབ། །ཁྲུབ་བོ་མནན་ནོ་མ་ལྡང་ཞིག །ཨོཾ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན། ཞེས་བརྗོད་རྐང་པ་གཡོན་པས་རྒྱ་གྲམ་མནན། །ལེགས་པརས་བཅགས་མི་མངོན་པར་བྱས་ནས། །ཐུགས་སྒྲུབ་བམ་ནི་ཡི་དམ་གང་རུང་གི །རྟ་བྲོ་བརྡུང་ལ་ཕྱི་མཚམས་ཁྱུང་ནག་གིས། །ཁ་ཕྱིར་གྱུས་བཅད་ཕྱི་མིག་མི་ལྟ་ལོག །དེ་ནི་ཆུང་སྲི་མནན་པས་སྲི་མནན་ཟེར། །དེ་ནས་རྫ་འཛབ་བླུག་ལུགས་འདི་ལྟ་སྟེ། །རྫ་མའི་ནང་གི་བསྲེག་རྒྱུའི་ལིངྒ་དེ། །ཚུར་བླངས་ཟན་ལིང་བརྒྱ་རྩའི་ནང་དུ་བཞག །རྫི་མའི་ཟན་ལིང་བྱི་བའི་མགོ་ཅན་


CMR035_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །ཚུར་བླངས་སྡེར་མ་གཅིག་ཏུ་སོ་སོར་བཞག །རྡོ་ལེབ་གཅིག་ལ་སོལ་བས་ཟུར་གསུམ་བྲི། །དཀྱིལ་དུ་ཡི་གེ་རཾ་བྲིས་རྫ་མར་བཞག །རྡོ་ལེབ་སྟེང་དེར་ཚེར་མ་གྲུ་གསུམ་བརྩེགས། །རྫ་མའི་ཁ་ནང་མེ་ཧོམ་གྲུ་གསུམ་བསྒོམ། །རྫ་མའི་ཕྱི་ནས་ཤིང་ནགས་མགལ་པ་གསུམ། །གྲུ་གསུམ་ཚུལ་དུ་བྲིས་ནས་བཞག་པར་བྱ། །རྩང་དང་མདའ་གཞུ་འགུག་ག་ཐམས་ཅད་ནི། །མེ་ཧོ་གསེབ་ཏུ་ཐམས་ཅད་བླུག་པར་བྱ། །གྲུ་གསུམ་རྩང་ཐུར་བཙུགས་པའི་ས་དེ་ཡང་། །མེ་ཧོམ་དེ་ཡི་དབུས་སུ་བཞག་པར་བྱ། །རང་གི་གཡོན་ངོས་གཞི་མ་ནག་པོའི་སྟེང་། །གཡང་གཞིའི་སྟེང་དུ་ལིང་ཆུང་བརྒྱ་རྩ་བཤམས། །ཤ་དུམ་ར་ཤ་ལུག་གི་ཚང་རའི་དུམ། །གྲོ་སྲན་བྲ་བོ་གང་འཛོམ་སྡེར་མ་གང་། །ཆུ་ཆང་ཁྲག་གསུམ་བསྲེས་པ་བྷན་དྷ་གང་། །ཚིལ་མར་བསྲེས་པའི་སྲོ་རྡོག་ཆེན་པོ་གཅིག །ཡམ་ཤིང་འདྲ་བའི་ཚེར་དུམ་བཅུ་ཙམ་གཅིག །མདའ་དར་ནག་པོ་གཏོར་ཆུང་ཟུར་གསུམ་གཉིས། །དེ་རྣམས་འཛོམས་བྱས་རང་ཉིད་སྔགས་ཆས་གྱོན། །གདོང་དང་མཁུར་ཚོས་ཁྲག་གིས་ཐིག་ལེ་བྱ། །ལིངྒ་ལ་སོགས་རྫས་རྣམས་ཐམས་ཅད་ལ། །ཆང་རྒོད་དམ་ནི་ཆུ་གཙང་དག་གིས་བྲན། །ཡོད་ན་དགང་གཟར་མེད་ན་དེ་ཡི་ཚབ། །ཕྱེ་ཁག་ཕུད་སྐྱོགས་ལྕགས་ཁེམ་ལ་སོགས་ལ། །ཤིང་གི་ཡུ་བ་རིང་པོ་སྐུད་པས་བསྡམ། །ལྔ་སེར་དང་ནི་མཁའ་འགྲོ་རྒྱུ་ལྡོག་ལ། །རང་ཉིད་གདོང་མ་ཐུག་པར་ཁ་རྒྱུས་ལ། །མ་ཚར་བར་དུ་ངག་བཅད་དམ་པར་བྱ། །ན་མོ་དཀོན་མཆོག་གསུམ་དང་


CMR035_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་ཆུང་སྲི་ཐམས་ཅད་གཟུགས་ལིང་འདི་ལ་ཁུག་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་པས་བཀུག་གཞུག་ལན་བརྒྱའམ་དགུ་བྱའོ། །དེ་ནས་ཕུར་པ་ཐོགས་ལ། ཧཱུྃ། བདག་ཉིད་དཔལ་ཆེན་ཧེ་རུ་ཀའི། །ཕྱག་གཡས་སོར་མོ་ཁྲག་འཐུང་ལྔ། །གཡོན་སོར་ཀྲོ་དྷི་ཤྭ་རི་ལྔ། །གཉིས་མེད་སྤྲུལ་སྲས་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་ཆེན་འབར་བའི་ཞལ། །སྐེད་པ་ཆུ་སྲིན་རྔམ་ཞལ་ཅན། །སྐུ་སྨད་ལྕགས་ཕུར་མེ་དཔུང་འབར། །ཕྱར་བ་ཙམ་གྱིས་ཁམས་གསུམ་བསྔངས། །བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར། །བཏབ་ན་ལྷ་ཡང་རླག་པར་བྱེད། །གཡས་སུ་བསྒྲིལ་བས་ཕོ་རྒྱུད་འདུལ། །གཡོན་དུ་བསྒྲིལ་བས་མོ་རྒྱུད་འདུལ། །ཀླད་ལ་བསྐོར་བས་སྲུང་བར་བྱེད། །སྐེད་ལ་བསྐོར་བས་ཟློག་པར་བྱེད། །སྲས་མཆོག་བཛྲ་ཀཱི་ལ་ཡ། །རྒྱལ་བ་ཀུན་གྱིས་བྱིན་བརླབ་ཅིང་། །གདུག་པ་འདུལ་བར་རབ་བསྔགས་ཤིང་། །ཁྲོ་རྒྱལ་ཀུན་གྱི་སྟོབས་འདུས་པས། །གང་ལ་བཏབ་ཀྱང་རླག་པར་བྱེད། །གནོད་བྱེད་ཆུང་སྲི་ལས་ངན་ཁྱོད། །ལུས་ཀྱི་སྟོབས་ནུས་བརླག་པའི་ཕྱིར། །དཔྲལ་བའི་དཀྱིལ་དུ་ཀཱི་ལ་ཡ། །ངག་གི་ནུས་པ་བཅོམ་པའི་


CMR035_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །ཡིད་ཀྱི་རྣམ་ཤེས་རྒྱུན་གཅོད་ཕྱིར། །སྙིང་གི་དཀྱིལ་དུ་ཀཱི་ལ་ཡ། །སྤྲུལ་པའི་སྐྱེ་རྒྱུད་གཅོད་པའི་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །གནོད་འཚེའི་ལས་རྣམས་རྒྱུན་གཅོད་ཕྱིར། །གསང་བའི་གནས་སུ་ཀཱི་ལ་ཡ། །བསྙབ་ཅིང་བཟུང་ལ་རྒྱུན་གཅོད་ཕྱིར། །ལག་པ་གཉིས་ལ་ཀཱི་ལ་ཡ། །ཆུང་སྲི་འོང་བ་རྒྱུན་གཅོད་ཕྱིར། །རྐང་པ་གཉིས་ལ་ཀཱི་ལ་ཡ། །མཐོང་བའི་མིག་དབང་རྒྱུན་གཅོད་ཕྱིར། །མིག་འབྲས་གཉིས་ལ་ཀཱི་ལ་ཡ། །བླ་སྲོག་ཏྲི་ལ་ཀཱི་ལ་ཡ། །ཆུང་སྲི་སྲོག་གི་རྒྱུན་གཅོད་ནས། །རྣམ་ཤེས་ཨ་ཡིག་དཀར་པོ་དེ། །ཕུར་པའི་ཁོང་གསེང་ནས་བརྒྱུད་དེ། །བདེ་ཆེན་ཞིང་དུ་རྒྱང་གིས་སོང་། །བླ་མེད་བྱང་ཆུབ་གོ་འཕང་ཐོབ། །ཆུང་སྲིའི་མཐུ་སྟོབས་གཟི་བརྗིད་རྣམས། །ཀྲྀ་ཡིག་བཀྲག་མདངས་གཟི་བརྗིད་ཅན། །བདག་ལ་ཐིམ་པས་ཚེ་བསོད་རྒྱས། །ཆུང་སྲིའི་བླ་སྲོག་ངོ་བོ་དེ། །ཏྲི་ཡིག་འོད་དང་བཅས་པ་དེ། །ཕུར་པའི་རྩེ་མོས་ནག་ཐུམ་བསད། །ཐལ་བ་རྡུལ་དུ་བརླག་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཕུར་བུས་བཏབ། གྲི་རྣོན་


CMR035_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐོགས་ལ། ཧཱུཾ། ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད། །ཐབས་ཀྱི་ངོ་བོ་རལ་གྲིའི་གཟུགས། །ཡུ་བ་ཨོཾ་ལ་ཆང་ཟུང་ཧཱུྃ། །སྙི་རྩ་ཏྲ་ལ་སྐེད་པ་ཧྲཱིཿ །རྩེ་མོ་ཨཱཡི་ངོ་བོ་སྟེ། །ཤེས་རབ་ཆེན་པོའི་མེ་ལྕེ་འཕྲོས། །འཁོར་བའི་སྐྱེ་རྒྱུད་མ་རིག་ཆོད། །དུག་ལྔ་ཡེ་ཤེས་ལྔ་རུ་ཆོད། །ང་བདག་ཆོས་ཉིད་ངང་དུ་གཅོད། །བཏབ་ན་ཁམས་གསུམ་རླག་པར་བྱེད། །འབྱུང་པོ་ཕོ་གཏུབ་གཡས་སུ་གཏུབས། །འབྱུང་མོ་མོ་གཏུབ་གཡོན་དུ་གཏུབས། །གནོད་བྱེད་ཆུང་སྲིའི་མགོ་ལུས་གཏུབས། །ཨོཾ་ཡ་མཱནྟ་ཀ་བཛྲ་ཏིཀ་ཀ་མ་ལ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཤོག་ལིང་རྐང་མཐིལ་གཡོན་ནས་གཏུབས། དེ་ནས་སྲེག་རྫས་མེ་ཐབ་ཐམས་ཅད་བདུད་རྩིས་བྲན་བྱས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། ཐབ་དང་སྲེག་རྫས་མི་དམིགས་སྟོང་ཉིད་ལས། །ལྕགས་དང་ཐོད་སྣོད་ནང་དུ་ཆུང་སྲི་ཡི། །ཤ་ཁྲག་ལས་གྲུབ་བདུད་རྩིའི་རང་བཞིན་གྱུར། །ཨོཾ་ཨཱསརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། མེ་ཐབ་དྲག་པོའི་ཐབ་ཁུང་གྲུ་གསུམ་དབུས། །པད་ཉིར་རཾ་ལས་དྲག་པོའི་མེ་ལྷ་ནི། །མདོག་ནག་ཞལ་གཅིག་ཨག་ཚོམ་དྲང་སྲོང་ཆས། །ཕྱག་གཉིས་ཐུགས་ཀར་བསྒང་ཕྲེང་རིལ་བ་


CMR035_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ར་སྐྱེས་ཆིབས་པའི་ཐུགས་ཀར་རཾ་གྱིས་མཚན། །དེ་ནས་མེ་རུ་སྦར་ལ། ཧཱུྃ། སྔོན་ཚེ་ལྷ་མོ་བལ་བཟའ་ཁྲི་བཙུན་ལ། །སྲས་གཅིག་བལྟམས་པ་ནད་མང་བར་ཆད་མང་། །དེ་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །བལ་པོ་སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ཡིས། །རྡོ་རྗེ་འབར་བའི་རྒྱུད་ཆེན་ལ་བརྟེན་ནས། །རྫ་འཛབ་འདི་མཛད་རྒྱལ་བུའི་བར་ཆད་ཞི། །སྔོན་གྱི་ལུང་བཞིན་ད་ལྟ་དུག་ཤིང་བརྩེགས། །གོས་དཀར་ལྷ་མོའི་ངོ་བོ་མེ་དཔུང་འབར། །འབྲུ་སྣ་ཤ་སྣ་ལིངྒ་ངར་མི་སྲེག །བསྲེག་གཞིས་སྲེག་གཞི་ངན་པ་བསྒྱུར་དུ་གསོལ། །སྒྲོན་མེས་སྒྲོན་མེ་ངན་པ་བསྒྱུར་དུ་གསོལ། །གཟིག་མོས་ས་མིག་ངན་པ་བསྒྱུར་དུ་གསོལ། །དུད་པས་དུད་པ་ངན་པ་བསྒྱུར་དུ་གསོལ། །རྡོ་ཁྲིས་རྡོ་ཁྲི་ངན་པ་བསྒྱུར་དུ་གསོལ། །ཤིང་ཁྲིས་ཤིང་ཁྲི་ངན་པ་བསྒྱུར་དུ་གསོལ། །སྔགས་པའི་དུར་བོན་ངན་པ་བསྒྱུར་དུ་གསོལ། །ཨོཾ་ཨག་ནེ་ཛྭ་ལ་རཾ་རཾ། ཧཱུྃ། འཇིག་རྟེན་སྲིད་པའི་ཤར་ལྷོའི་ཕྱོགས་དག་ནས། །གྲུབ་པའི་དྲང་སྲོང་མེ་ལྷ་གཟི་བརྗིད་ཅན། །སྔོན་ཚེ་ཉིད་ཀྱིས་དམ་བཅས་མནའ་དོར་བ། །མེ་ཡིས་མཆོད་སྦྱིན་བྱེད་ཚེ་མེ་ལ་


CMR035_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ལྷ་རྣམས་ཞལ་དང་མེ་ནི་དབྱེར་མེད་པ། །བྱིན་གྱིས་བརླབས་ནས་ལྷ་རྣམས་མཉེས་མཛད་པ། །ཁྱོད་ཀྱིས་དམ་བཅས་ཐུགས་དམ་དེ་ལགས་ན། །དེང་འདིར་བདག་གིས་མེ་མཆོད་བརྩམ་ལགས་ཀྱིས། །དམ་ཚིག་དབང་གིས་མྱུར་དུ་འདིར་བྱོན་ལ། །མེ་དཔུང་འདི་དང་དབྱེར་མེད་བཞུགས་མཛོད་ལ། །གནོད་བྱེད་ཆུང་སྲིའི་ཤ་ཁྲག་སྲེག་རྫས་རྣམས། །ཁྲོ་རྒྱལ་མགོན་པོ་རྣམས་ཀྱི་ཞལ་དུ་བསྟབ། །དམ་བཅས་བཞིན་དུ་ལས་མཛོད་དྲང་སྲོང་མཆོག །ཨག་ཡེ་ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དབང་ལྷས་དབང་བསྐུར་དོན་གྲུབ་དབུ་རྒྱན་གྱུར། །ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ། །སྨན་གཏོར་རཀྟ་ཆུང་སྲིའི་ཤ་ཁྲག་རུས། །མེ་ལྷ་དྲང་སྲོང་ཁྱོད་ལ་མཆོད་པ་འབུལ། །བཞེས་ནས་ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཨོཾ་ཨགྷ་ཡ་ཨནྣཾ།། སོགས་བརྗོད་ལ་འབྲུ་སྣ་བཏབ། ཨོཾ་ཨག་ཡེ་བྷོ་དྷི་བྷིཀྵ་ཡེ་ཆུང་སྲིའི་གཟི་བརྗིད་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཚེར་མ་གསུམ་འབུལ། ཨོཾ་ཨག་ཡེ་ཆུང་སྲིའི་འབྱོར་པ་མངའ་ཐང་མཱ་ར་ཡ་ཕཊ༔ ཅེས་སྲོ་རྡག་དེ་མེ་ལ་ལན་གསུམ་ཐིགས་འཇུག་སྔགས་གསུམ་རེའོ། །ཨོཾ་ཨག་ཡེ་བཛྲ་མ་ཧཱ་བ་ལ་ཡེ་ཆུང་སྲིའི་སྟོབས་ནུས་པ་མཱ་ར་ཡ་ཕཊ། འབྲུ་ནག་


CMR035_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལ། ཨོཾ་ཨག་ཡེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི། ཞེས་སྔགས་དེ་རྣམས་གསུམ་རེ་བགྲང་ངོ་། །དེ་ནས་ཧོམ་གཟར་རམ་ཕྱེ་ཁག་ཏུ་ལིང་ཆུང་རེ་ཤོག་ལིང་དུམ་བུ་རེ་བཞག་པ་ལག་པ་གཡོན་གྱིས་བཟུང་། ལག་པ་གཡས་ཕུད་སྐྱོགས་སམ་ཁེམ་གྱི་ཁྲག་ཆུ་དང་བསྲེས་ལ་ཁེམ་གང་བླུགས་ལ་ཁ་སྦྱར་ནས་བཟུང་ཞིང་ལན་བདུན་རེ་མེར་འབུལ་ལོ། །ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིས་དབང་བསྒྱུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་དེ་ཉིད་མེ་ཡི་རང་བཞིན་གྱུར། །མེ་དཔུང་དབུས་སུ་གྲུ་གསུམ་གཉིས་བརྩེགས་སྟེང་། །པད་ཉི་རོ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས། །ཁྲོ་རྒྱལ་ཡཀཱ་མེ་དབལ་སྐུ་མདོག་དམར། །རབ་ཁྲོས་རྡོ་རྗེའི་མེ་ཞགས་ཐོ་བ་བསྣམས། །དུར་ཁྲོད་ཆས་རྫོགས་ཁམས་གསུམ་ཟིལ་གྱིས་གནོན། །ཕྱི་ཡི་ཟུར་གསུམ་མཐིང་ནག་ཧཱུྃ་ཡིག་ལས། །དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །རྡོ་སྤྱི་རྗེ་ཁྲག་འཐུང་རྡོ་རྗེ་རོ་ལངས་ཏེ། །སྐུ་གསུང་ཐུགས་ཀྱི་རང་བཞིན་མགོན་པོ་གསུམ། །མཐིང་ནག་རབ་ཁྲོས་གྲི་གུག་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་རྫོགས་པད་ཉི་རོ་སྟེང་


CMR035_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིང་། །དེ་རྒྱབ་ཟུར་གསུམ་དེ་ཡི་ལོགས་གསུམ་ན། །ཆུང་སྲིའི་རྒྱལ་པོ་སྲེ་མོང་བྱི་བ་དང་། །རྨོང་རྩེའི་མགོ་ཅན་གསུམ་དང་གཙོ་འཁོར་བདུན། །ལྷ་རྣམས་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །གདོན་གསུམ་སྙིང་ཁའི་ཧྲཱི་ཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། །ཧཱུྃ། རྣལ་འབྱོར་བདག་གིས་དད་པ་དམ་ཚིག་གིས། །ཆུང་སྲི་འདུལ་བྱེད་ལྷ་རྣམས་སྤྱན་འདྲེན་ན། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཁྲོ་རྒྱལ་ཡཀཱ་མེ་དབལ་གཤེགས་སུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་མགོན་པོ་མཆེད་གསུམ་གཤེགས་སུ་གསོལ། །གནོད་བྱེད་ཆུང་སྲིའི་རྒྱལ་པོ་ཆེན་པོ་ཡང་། །རང་གཤེད་རང་ལ་འབེབས་ཕྱིར་འདིར་ཁུག་ཅིག །མགོན་པོ་ཁྲོ་རྒྱལ་འདིར་ནི་བྱོན་པ་ལེགས། །གྲུ་གསུམ་མེ་དཔུང་ཀློང་དུ་བཞུགས་ནས་ཀྱང་། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་ཛཝཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན།་དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །དབང་རྟགས་རྡོ་རྗེ་རྩེ་ལྔས་དབུ་གཙུག་རྒྱན། །ཁྲག་གི་མཆོད་ཡོན་དུག་ཆུའི་ཞབས་


CMR035_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་དང་། །དུག་གི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་། །རྐང་ཆེན་མར་མེ་ཤ་ཁྲག་ཞལ་ཟས་དང་། །ཐོད་པའི་རྔ་སྒྲ་སྨན་རཀ་གཏོར་མ་སོགས། །མཆོད་པ་འབུལ་ལོ་ཆུང་སྲི་ཚར་ཆོད་ཅིག །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨནྡྷཾ་སོགས། ཤཐཱ་སརྦ་པཱུ་ཙ་པྲ་ཏིཙྪ་ཨཱཧཱུཾ། དེ་ནས་སྔགས་རེ་ཚེར་མང་ཁྲག་གིས་སྦགས་པ་རེ་སྤྲད་ལ་མེར་འབུལ་ཞིང་། ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བྷོ་དྷི་བྷིཀྵ་ཡེ་ཆུང་སྲིའི་གཟི་བརྗིད་མཱ་ར་ཡ་ཕཊ༔ ཅེས་ལན་བདུན་ཕུལ། དེ་ནས་སྲོ་རྡག་དེ་མེ་ལ་བསྲོ་ལ། ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨག་ཡེ་ཆུང་སྲིའི་འབྱོར་པ་མཱ་ར་ཡ་།་ཕཊ༔ ཅེས་དེ་མ་ཟད་བར་དུ་བྱའོ། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་བཛྲ་མ་ཧཱ་བ་ལ་ཡེ་ཆུང་སྲིའི་སྟོབས་ནུས་མཱ་ར་ཡ་ཕཊ༔ ཅེས་འབྲུ་ནག་མ་ཟད་བར་དུ་འབུལ། དེ་ནས་གོང་ལྟར་ལིངྒ་ཤ་དུམ་ཤོག་ལིང་རྣམས། །རེ་རེ་ནས་དགང་གཟར་དུ་བླུག །ཁྲག་ཆུ་བླུག་ལ་རེ་རེ་བཞིན་འབུལ་ལོ། །ཡང་གལ་ཏེ་ཁྲག་གིས་ལིངྒ་ཐམས་ཅད་བྲན་ཅིང་སྦགས་ནས། ལག་པ་གཙང་མས་རེ་རེ་ནས་འཕང་ན་ཡང་དགང་གཟར་མི་དགོས་སོ། །དེ་ཡང་ལག་གིས་འཕེན་པ་དྲག་ལས་ཧ་ཅང་རྩུབ་པར་ཡང་བཤད་དོ། །ཧཱུྃ། ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །ཡཀྵ་མེ་དབལ་ཞལ་ཕྱེས་ཤིག །རྡོ་རྗེ་རོ་ལངས་ཞལ་ཕྱེས་ཤིག །རྡོ་རྗེ་ཁྲག་འཐུང་


CMR035_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱེས་ཤིག །མ་ཧཱ་ཀཱ་ལ་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། །ཆུང་སྲིའི་ཤ་ཁྲག་མཆོད་པར་བཞེས། །ཞལ་ནས་མེ་དཔུང་ཆེར་འབར་ནས། །ཆུང་སྲིའི་དུག་ལྔ་གདུག་རྩུབ་བསྲེག །རྣམ་ཤེས་ཐུགས་དབུས་ཆོས་སྐུར་བསྟིམ། །དགྲ་བགེགས་ལོག་འདྲེན་གནོད་བྱེད་དང་། །ཆུང་སྲི་འབར་བའི་མེ་ལ་བསྲེག །བྱི་བ་སྲེ་མོང་རྨོང་རྩེའི་མགོ །ཆུང་སྲིའི་རྒྱལ་པོ་ཁ་གདོང་ལ། །ཆུང་སྲི་རང་ཤ་རང་གིས་ཟོ། །།ཆུང་སྲི་རང་ཁྲག་རང་གིས་འཐུང་། །ཆུང་སྲི་རང་སྲོག་རང་གིས་ཆོད། །ཆུང་སྲི་རང་གཤེད་རང་ལ་བསྐོར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧེ་ཧེ་རཾ་རཾ། ཧེ་ཏྲི་རཾ་རཾ།་ཏྲི་ཀུ་ཀུ་རཾ་རཾ། མུ་མུ་རཾ་རཾ། ཆུང་སྲི་གནོད་བྱེད་རཾ་རཾ། ཧ་ཧ་རཾ་རཾ། ཡཾ་ཡཾ་རཾ་རཾ། ཁཾ་ཁཾ་རཾ་རཾ། ས་ག་ཏ་རཾ་རཾ། ཀ་ཀ་རཾ་རཾ། ང་ང་རཾ་རཾ། བ་བ་རཾ་རཾ། །ཨ་ཨ་རཾ་རཾ། ཆུང་སྲི་གནོད་བྱེད་མཱ་ར་ཡ་རཾ་རཾ། གནོད་བྱེད་རྒྱལ་འགོང་མཱ་ར་ཡ་རཾ་རཾ། དམ་སྲི་འགོང་འདྲེ་མཱ་ར་ཡ་ཛྭ་ལ་རཾ་རཾ། གསོན་འདྲེ་དམེ་མོ་མཱ་ར་ཡ་ཛྭ་ལ་རཾ་རཾ།


CMR035_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲིའི་མི་ལ་ཙཀྲ་མཱ་ར་ཡ་ཛྭ་ལ་རཾ་རཾ།་ཞེས་ལན་གཅིག་བརྗོད་ནས་སྔགས་འདི་དང་ལིངྒ་རེ་སྤྲད་ལ་འཕངས། ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྟ་ཧཱུཾ། ཨོཾ་ཕཊ༔ ཨོཾ་དཾ་མཾ་དཾ་སྲི་མཾ་མཾ་རཾ་རཾ་ཧེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་བརྒྱ་དང་བརྒྱད་འབུལ་ལོ། །ལྷག་མ་མེད་པར་འབུལ་ལོ། །སྔགས་དང་ལིངྒ་མང་ཉུང་མེད་ན་ཟབ་བོ། །ཞེས་མང་ཡང་བཟང་ངོ་། །དེ་ནས་ངར་མི་སྔར་གྱི་སྲེ་མོང་མགོ་ཅན་སོགས་རྣམས་རེ་རེ་བཞིན་མེའི་ནང་དུ་འཕང་སྟེ། ཧཱུྃ་ཛཿ ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ་པོ་ཡི། །ཆུང་སྲི་སྲེ་མོང་མགོ་ཅན་དགུ་པོ་དེ། །ཆུང་སྲིའི་རྒྱལ་པོ་སྲེ་མོང་མགོ་ཅན་དང་། །བྱི་བ་རྨོང་རྩེའི་མགོ་ཅན་གསུམ་པོ་ཡི། །ཁ་རུ་འཕང་བས་ཁྱུར་མིད་ཟོས་པར་གྱུར། །ཨོཾ་དཾ་མཾ་དཾ་སྲི་མཾ་མཾ་རཾ་རཾ་ཧེ་གནོད་བྱེད་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་སྔགས་རེ་སྤྲད་ལ་ལན་དགུ་འཕང་། ཧཱུྃ་ཛཿ ཆུང་སྲི་རྒྱལ་པོ་མགོ་བརྙན་ཅན་གསུམ་ནི། །བྱིས་པའི་སྦང་རོའི་ལིང་ག་འདི་ལ་ཐིམ། །དེ་ཡང་རྫ་མ་ནང་གི་ངར་མི་ནི། །བྱི་བའི་མགོ་ཅན་དེ་ཉིད་ཡོངས་གྱུར་པས། །དུར་སྲི་མི་རྒན་མགོ་སེ་ཤ་སྐམ་པ། །ལུས་རིད་ལྟོ་བ་ཆེ་ཞིང་ཁ་གདང་བ། །དེ་ཡི་ཁ་རུ་ལིངྒ་དེ་ཚུད་ཅིང་། །གྱུར་མིད་


CMR035_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་དུར་སྲིའི་ཁ་བསྡམ་པ། །དུར་སྲི་མི་རྒན་དཔལ་ལྡན་མགོན་པོ་ཡི། །ཞལ་དུ་འཕངས་བས་གྱུར་མིད་གསོལ་བར་གྱུར། །ༀ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ གནོད་བྱེད་ཆུང་སྲི་དུར་སྲི་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཟན་ལིང་བྱི་མགོ་ཅན་གཉིས་འཕང་། །སྤྲོ་ན་སྐབས་འདིར་མེ་ཞགས་བརྒྱབ་པ་ནི། །སྦྲང་སྐམ་སླ་ངར་བརྗོས་ལ་ཞིབ་བཏགས་བྱས། །མཚམས་གཅོད་ཚིགས་བཅད་བརྗོད་ཅིང་སུམ་བྷ་སོགས། །དྲག་སྔགས་བརྗོད་ཅིང་ཡོན་བདག་མོ་དེ་ལ། །མེ་ལྕགས་བརྒྱབ་ཅིང་མ་བྱས་ན་ཡང་ཆོག །དེ་ནས་གཏོར་ཆུང་ཟུར་གསུམ་ཆེ་བ་བྲན། ཨ་ཡིག་ལས་བྱུང་བྷནྡའི་སྣོད་མཆོག་ཏུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །རི་རབ་འཕང་ཙམ་རྒྱ་མཚོའི་གཏིང་ལྡན་འདི། །ཟག་མེད་བདུད་རྩི་ཟད་མེད་ལོངས་སྤྱོད་འདི། །ཁྲོ་བོ་མེ་དབལ་མགོན་པོའི་ཚོགས་ལ་འབུལ། །བདག་དང་ཡོན་བདག་འདི་ལ་གནོད་བྱེད་པའི། །དམ་སྲི་ཆུང་སྲི་སྒབ་འདྲེ་རྨོང་འདྲེ་རྣམས། །བསད་དང་མནན་དང་སྲེག་དང་གཟིར་བ་དང་། །དྲག་པོའི་ལས་ཀྱིས་ཚར་གཅོད་ཕྲིན་ལས་མཛོད། །ཨོཾ་བཛྲ་ཡཀཱ་མ་ཧཱ་ཀཱ་ལ་ཨི་དཾ་བྷ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོར་མ་མེར་ཕུལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །


CMR035_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་བདག་པོར་དབང་བསྐུར་བ། །གསང་བའི་བདག་པོ་གོས་སྔོན་ཅན། །དེ་ཡི་ཕྲིན་ལས་སྤྲུལ་པ་ནི། །ཁྲོ་བོ་གནོད་བྱེད་མེ་ཡི་དབལ། །སྨུག་ནག་ཁྲོ་གཏུམ་མེ་ལྟར་འབར། །དམ་འདས་ལྷ་སྲིན་གསོད་ལ་དགའ། །ཕྱག་གཡས་དམ་ཚིག་རྡོ་རྗེ་གསོར། །གཡོན་པས་ཐོ་བ་མེ་ཞགས་བསྣམས། །ཕྱོགས་བཅུའི་ཁྲོ་རྒྱལ་ཐམས་ཅད་ཀྱིས། །འབྱུང་པོའི་སྙིང་ཁྲག་འཐུང་བའི་ཕྱིར། །ཁྱོད་ལ་དབང་བསྐུར་མཐུ་རྩལ་བྱིན། །ཡཀྵ་མེ་དབལ་ཁྱོད་ལ་བསྟོད། །བཛྲ་ཡཀཱ་ཁྱོད་ལ་བསྟོད། །ཀྲོ་དྷ་ཡཀཱ་ཁྱོད་ལ་བསྟོད། །ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །ཧཱུཾ། དཔལ་ལྡན་ཡེ་ཤེས་མགོན་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །མ་ཧཱ་ཀཱ་ལ་མཆེད་གསུམ་ནི། །མདོག་ནག་གཟུགས་ཐུང་ལྟོ་བ་འཕྱང་། །ཉ་གྲི་ཐོད་པ་ལག་ན་ཐོགས། །དུར་ཁྲོད་ཆས་གསོལ་རོ་སྟེང་འགྱིང་། །སངས་རྒྱས་བསྟན་པ་སྲུང་བ་དང་། །དམ་སྲི་ཆུང་སྲི་འདུལ་ལོ་ཞེས། །ཉིད་ཀྱིས་དམ་བཅས་ཁས་བླངས་པ། །མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད། །རྡོ་རྗེ་རོ་ལངས་ཁྱོད་ལ་བསྟོད་། །རྡོ་རྗེ་ཁྲག་འཐུང་ཁྱོད་ལ་བསྟོད། །རྣལ་འབྱོར་དགྲ་ལྷ་ཁྱོད་ལ་


CMR035_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །གཙུག་ལག་ཁང་སྲུང་ཁྱོད་ལ་བསྟོད། །སངས་རྒྱས་བསྟན་སྲུང་ཁྱོད་ལ་བསྟོད། །ཆུང་སྲི་འདུལ་བའི་ཕྲིན་ལས་མཛོད། །མེ་ཞགས་འདི་རུ་བྱས་ཀྱང་རུང་། །དེ་ནས་འབྲུ་སྣ་ལ་སོགས་ཀྱིས། །ལྷག་མ་ཅི་འདུག་མེ་ལ་བབ། །མེད་ན་ནས་འབྲུ་ཅུང་ཟད་བཏབ། །ཨོཾ་བཛྲ་ཡཀྵ་མ་ཧཱ་ཀཱ་ལ་ཨདྷཾ་སོགས། ཧཱུྃ། ཡཀཱ་མེ་དབལ་ལྷ་སྲིན་གཤེད། །མ་ཧཱ་ཀཱ་ལས་བསྟན་དགྲ་འདུལ། །མཐུ་དང་ནུས་པ་བསམ་མི་ཁྱབ། །མཆོད་ཅིང་བསྟོད་དོ་ཕྱག་ཀྱང་འཚལ། །འགལ་འཁྲུལ་ལྷག་ཆད་བཟོད་པར་གསོལ། །ཡེ་ཤེས་ལྷ་བཞི་རང་གནས་གཤེགས། །དམ་ཚིག་རང་ཐིམ་མི་དམིགས་གྱུར། །ཀྲོ་དྷ་ཀཱ་ལ་བཛྲ་མུཿ མེ་ལྷ་མེ་ཡི་ཀློང་ནས་བཞེངས། །བཀའ་དྲིན་ཆེའོ་དྲང་སྲོང་ཆེ། །དམ་རྫས་བདུད་རྩི་གཏོར་མ་དང་། །གཏང་རཀ་མཆོད་པ་བཞེས་སུ་གསོལ། །ཨོཾ་ཨག་ཡེ་ཨི་དམ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨགྷཾ་སོགས། ཚངས་པའི་སྲས་པོ་མཐུ་བོ་ཆེ། །རིག་སྔགས་ཀུན་གྱི་སྡོང་གྲོགས་མཛོད། །ཨག་ནེ་རཱ་ཛ་ཁྱོད་ལ་བསྟོད། །འགལ་འཁྲུལ་བྱུང་ན་བཟོད་པར་བཞེས། །ཤར་ལྷོའི་ཕྱོགས་སུ་བཛྲ་མུཿ །མེ་ལྷ་ཡེ་ཤེས་རང་གནས་གཤེགས། །དམ་ཚིག་


CMR035_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་སྟོང་ཉིད་གྱུར། །དེ་ནས་ཐབ་གསུར་མ་བྱུང་བར། །ས་རློན་ལྟ་བུས་མེ་བསད་ལ། །ཐལ་བ་སྣོད་ཀྱི་ནང་དུ་བསྡུ། །གལ་ཏེ་བྱིས་པ་གསོན་པོ་ཡི། །རིམ་གྲོ་རྫ་འཛབ་ཡིན་ན་ནི། །བྱིས་སྦའི་དུར་ལོས་འདི་ལྟར་རོ། །བྱིས་སྦ་རྫ་མ་དེ་ཡི་ནང་། །བཅུག་གམ་ཡང་ན་བཅུག་སྟངས་བྱ། །ཐལ་བ་མ་ཡི་པང་དུ་བཞག །དེ་ནས་བྱིས་སྦ་ཡར་བཏོན་ལ། །སྔར་གྱི་སྡེར་མར་ཆ་ཡི་སྟེང་། །ངར་མི་ཆངས་བུ་ཡོད་པ་ཡི། །སྟེང་དུ་མ་བུ་ཁྲུས་བྱས་ལ། །བུ་ནི་མ་ཡི་པང་དུ་བཞག །མི་དང་གླུད་གཉིས་དེ་བརྗེའོ། །ཞེས་བརྗོད་ངར་མི་རྫ་མར་བླུག །དེ་སྟེང་སྦྱིན་སྲེག་ཐལ་བ་བླུག །སྔར་གྱི་རྡོ་ལེབ་དེས་ཁ་བཅད། །དེ་ནས་གཡའ་ལེབ་ཆག་དུམ་དང་། །འཇིམ་གཟུགས་ལ་སོགས་ཉལ་ཉིལ་ཀུན། །སྐྱེ་སྣོད་བླུག་ལ་མུན་རུབ་དུས། །ཆུང་དུར་ནང་དུ་བསྐྱལ་བར་བྱ། །དེ་ནུབ་མེ་ཞི་མ་ཐུབ་ན། །ཕྱི་ནང་བསྐྱལ་ཡང་འགལ་བ་མེད། །ཆུང་སྲི་བསྐྱལ་བའི་གདམས་པའོ། །གདན་དཀར་སྟེང་དུ་མ་བུ་བཞག །ཚེ་འགུགས་གྱེར་ལ་སྲུང་ཡང་བཙུགས། །ཕྱེ་མར་བྱས་ལ་སྦྱིན་པར་བྱ། །བཀྲ་ཤིས་གང་ཤེས་རྒྱས་པར་བརྗོད། །བྱིས་སྦའི་ཆུང་རྡུང་ཡིན་ནའང་། །མ་ལ་ཁྲུས་བྱས་རྫ་མ་སོགས། །བསྐྱལ་ལུགས་ལ་སོགས་དེ་དང་འདྲ་། །ཕ་མ་ལ་སོགས་ཡིན་ན་ནི། །མེ་ཞགས་རྒྱབ་པར་མི་བྱའོ། །བྱིས་སྦའི་རིམ་གྲོ་ཡིན་ན་ནི། །བྱིས་སྦ་ལོ་གཅིག་ལི་ཐོག་ལ། །མེ་ཞགས་རྒྱབ་པར་མི་བྱའོ། །དེ་མིན་ཐམས་ཅད་བྱེད་ལུགས་གཅིག །ཆུང་སྲི་ཆེན་པོ་ཞུགས་


CMR035_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། །ཟླ་སྡིབ་མངལ་ནས་ཤི་བའམ། །ལོ་བརྒྱད་མན་ཆད་གང་ཤི་ཡང་། །ཆུང་རྡུང་འདི་བས་ཟབ་པ་མེད། །ཧ་ཅང་དོ་གལ་མི་ཆེ་ན། །མནན་པ་མ་བྱས་ནའང་ཆོག །དེ་བས་དོ་གལ་ཆུང་བ་ན། །མནན་པ་གཏོར་རྒྱབ་གཉིས་ཀ་བསྐྱུར། །ཤོག་ལིང་མི་དགོས་ཟན་ལིང་ཆོག །གཞན་རྣམས་གོང་ལྟར་འདྲ་བ་བྱ། །བྱིས་སྦ་ན་ཚ་མང་བ་ལ། །རིམ་གྲོ་འདི་བས་ཟབ་པ་མེད། །འོན་ཀྱང་ས་ཕྱོགས་འདི་དག་ཏུ། །གསོན་པོ་བྱིས་སྦའི་རིམ་གྲོ་ལ། །རྫ་འཛབ་བྱེད་མཁན་མེད་པའི་ཕྱིར། །བླུན་པོའི་རྣམ་རྟོག་བྱེད་དོགས་ཡོད། །དཔེར་ན་རྡོར་གཅོད་ཞུ་དག་དཔེ། །རྒྱ་གཞུང་ཁ་དམ་གོ་དཀའ་བས། །སྔོན་གྱི་སྔགས་རྒན་ཕལ་ཆེར་ཡང་། །ཅི་བྱ་གཏོལ་མེད་འོལ་ཚོད་བྱེད། །ཁ་སབ་ཆུ་རྩི་བསྡུ་བསྡུ་བྱེད། །སུས་ཀྱང་མི་འཕྲོད་ཚང་མི་ཐུབ། །མི་བྱེད་ཐབས་མེད་འདི་དྲག་ཆེ། །ཕན་ཐོགས་སྔོན་ལ་སྒྲུག་ལ་ཐུག །བྱིས་སྦྲ་འཆི་མང་རྒྱུན་དུ་མཁོ། །འོན་ཀྱང་ཇི་བཞིན་ཤེས་པ་ཉུང་། །ཤེས་ཀྱང་ཁ་སབ་འཕྲོད་མི་ཐུབ། །དེ་ཕྱིར་བལྟས་ཆོག་འདོན་འགྲིགས་འདི། །རྒྱ་གཞུང་གཉིས་ཀྱི་དགོངས་པ་ཡིན། །ཁ་སབ་གང་དགོས་ལེགས་པར་སབ། །དམིགས་པ་ཐམས་ཅད་གྱེར་བསྒོམ་གྱིས། །ཁ་གསལ་དོན་འདུས་ཁྱེར་བདེ་བ། །འདི་ཚུལ་ལག་ལེན་མཁན་རྣམས་ལ། །རིན་ཆེན་གསར་བས་འཕངས་པ་འདི། །སྔགས་པ་མང་པོས་ཡང་ཡང་བསྐུལ། །ཁྱད་པར་རྟག་ལ་མགོན་ཞེས་པས། །འཕྲལ་དུ་བསྐུལ་བས་རྐྱེན་བྱས་ཏེ། །རྫ་འཛབ་རྒྱ་གཞུང་རྙིང་པ་དང་། །རྒྱ་ནག་གཏོ་མཛོད་སྲི་མནན་


CMR035_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གུར་དྲག་ཆུང་སྲི་མནན་པ་སོགས། །དགོངས་འདུས་སྲི་འདུལ་ལྕགས་འདུལ་རྣམས། །དེ་དག་ཀུན་གྱི་བཅུད་བསྡུས་ནས། །ཀུན་གྱི་དོན་བསྡུས་ཟབ་པར་བཀོད། །འདི་ལ་འགལ་འཁྲུལ་ཆ་མཆིས་སོགས། །སྨྲ་འོས་གསལ་བཀོད་ཉེས་མཆིས་ན། །མེ་དབལ་མགོན་པོའི་ཚོགས་ལ་བཤགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག ༈ ཀྱེ་མ་ཐོབ་དཀའི་མི་ལུས་མཆོག །སྐྱེས་མ་ཐག་འཆི་སྙིང་རེ་རྗེ། །འདི་བྲིས་དགེ་བས་འདི་ཉིད་ལ། །འབྲེལ་ཐོགས་བྱིས་སྦེ་ཐམས་ཅད་ནི། །དུས་མིན་འཆི་བ་མེད་པ་དང་། །ཕ་མ་དེ་དག་མཛའ་བ་དང་། །བྲལ་བའི་སྡུག་བསྔལ་ཞི་བ་དང་། །སྔགས་པ་དེ་དག་ཞལ་དྲོ་ནས། །འགྲོ་དོན་རྒྱ་ཆེན་འབྱུང་བ་དང་། །ཆུང་སྲིའི་གནོད་པ་རྒྱུན་ཆད་དེ། །བྱང་ཆུབ་སེམས་མཆོག་ལྡན་པ་དང་། །ཡོན་མཆོད་བྱིས་སྦ་སྲི་དང་བཅས། །ཀུན་ཀྱང་ནམ་ཞིག་ཚེ་འཕོས་ཚེ། །བདེ་ཆེན་ཞིང་ཁམས་བགྲོད་པར་ཤོག །དེ་སྐད་སྨྲ་བའི་རྣལ་འབྱོར་པ། །སྔགས་ནག་འདི་ཚུལ་ཆེར་གོམས་པ། ༧ རཱ་ག་ཨ་སྱ་ཞེས་བྱ་བས། །ཇི་སྲིད་མིར་སྐྱེའི་སྲིད་པ་འདིར། །མ་རྫོགས་བར་དུ་འདི་མ་རྫོགས། །བཀྲ་ཤིས་དགེ་ལེགས་འཕེལ་གྱུར་ཅིག །དགེ་འདིས་མཐུ་ཡིས་དུས་མིན་འཆི་བཟློག་ནས། །མཁའ་མཉམ་འགྲོ་བ་བདེ་སྐྱིད་འབྱུང་གྱུར་ཅིག །དགེའོ། །དགེའོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


no previousདྲག་པོའི་རྫ་འཛབ་དང་ཆུང་སྲི་རྫ་འཛབ་དང་རྒྱལ་པོ་རྫ་འཛབ་དང་མགོན་པོའི་རྫ་འཛབ་ཅེས་ཀྱང་བྱ་བའི་ཟིན་བྲིས་ཆུང་སྲི་ཚར་གཅོད།next