Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
ཆུང་བརྡུང་དཔའ་བོ་ལྷ་ལྔ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཆུང་བརྡུང་དཔའ་བོ་ལྷ་ལྔ།next

ཆུང་བརྡུང་དཔའ་བོ་ལྷ་ལྔ།


CMR035_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བརྡུང་དཔའ་བོ་ལྷ་ལྔ་བཞུགས་སོ།།


CMR035_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲི་འདུལ་བའི་དོན་ལ། ལས་བྱང་གཞན་དང་སྦྱར་བའོ། །རྫ་འཛབ་འགུགས་ལས་སྐབས་སུ་ལྷ་ལྔ་ལས་ལ་བཅོལ་བ་ནི། དང་པོ་དཀར་གཏོར་གསེར་སྐྱེམས་མཆོད། །གཟུ་དཔང་འགུགས་ལས་བྱ་བ་ནི། །བདེན་པ་བརྡར་ལ་འདི་སྐད་དོ། །ཀྱཻ། ང་ནི་འདུལ་བྱེད་ཁྲོ་བོ་ཡིན། །འདུལ་བྱེད་ཁྲོ་བོ་ཁྲོས་པ་ཡི། །སྤྲུལ་པའི་ལྷ་དམག་ལས་ལ་འགྱེད། །མགོན་གྱི་ལྷ་ལྔ་ལས་བཅོལ་ལོ། །ལྷ་ལྔས་འགུགས་པར་བསམས་ལ་འདི་སྐད་དོ། །ཀྱཻ། དང་པོ་སྲུང་མ་མཐུ་བོ་ཆེ། །གང་ལྟར་དགོས་པའི་དམ་ཚིག་ཅན། །དགྲ་བླ་གཉན་པོ་མཐུ་སྟོབས་ཅན། །དུང་གི་མི་ཕོ་དཀར་པོ་ཡི། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །


CMR035_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལ་དུང་རྨོག་དཀར་པོ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་ཡ་ཚ་དཀར་ལྟར་འཁྲུགས། །ཆིབས་སུ་དགྲ་བླ་རྟ་དཀར་ཆིབས། །ཁྱོད་ལ་ལས་བཅོལ་ལས་མ་ཞན། །ཆུང་སྲི་དམ་ཉམས་མི་ཟན་འདི། །ཁྱོད་དགྲ་བླའི་རྒྱལ་པོས་ཁུག་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ཀྱཻ། ཕ་ལྷ་གཉན་པོ་དྲག་རྩལ་ཅན། །བསེ་ཡི་མི་ཕོ་སྨུག་པོ་ལ། །སྐུ་ལ་བསེ་ཁྲབ་སྨུག་པོ་གསོལ། །དབུ་ལ་བསེ་རྨོག་སྨུག་པོ་གསོལ། །ཕྱག་ན་བསེ་ཡི་མདུང་རིང་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་ཕོ་ལྷ་རྟ་


CMR035_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆིབས། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་དེ་ངན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཕོ་ལྷ་ལས་མཁན་ཁྱོད་ཀྱིས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་མྱུར་དུ་ཁུག །ཀྱི། ཡུལ་ལྷ་གཉན་པོ་སྲུང་མ་དམ་ཚིག་ཅན། །མཆོང་གི་མི་ཕོ་སྨུག་པོ་ལ། །སྐུ་ལ་མཆོང་ཁྲབ་སྨུག་པོ་གསོལ། །དབུ་ལ་མཆོང་གི་རྨོག་མོ་གསོལ། །ཕྱག་ན་མཆོང་གི་རལ་གྲི་བསྣམས། །རལ་གྲི་ཡ་མཚན་གློག་ལྟར་འཁྱུགས། །ཆིབས་སུ་མཆོང་རྟ་སྨུག་པོ་ཆིབས། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་འདི་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་མ་ཞན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཡུལ་ལྷ་ལས་མཁན་ཁྱོད་ཀྱིས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་མྱུར་དུ་ཁུག །ཀྱཻ། མ་ལྷ་གཉན་པོ་མཐུ་སྟོབས་ཆེ། །དུང་གི་བུད་མེད་དཀར་མོ་ལ། །གཡུ་ཡི་ལན་ཕྲན་སི་ལི་ལི། །སྐུ་ལ་དར་དཀར་གོ་ཟུ་ལ། །མཆོང་གི་ཐིག་


CMR035_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལེས་བརྒྱན་པ་གསོལ། །ཕྱག་ན་མཆོང་གི་བེར་ག་བསྣམས། །ཆིབས་སུ་སྨན་ཤ་ཡུ་མོ་ཆིབས་སུ་ཆིབས། །གཡུ་བྱ་ཁུ་བྱུག་ཕོ་ཉར་འགྱེད། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱོད་ལ་བཅོལ་བའི་ལེ་གུ་དེ། །ཆུང་སྲི་མི་ཟན་འདི་ཡིས་ཁྱེར། །ཁྱོད་འདི་ལ་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་རེ་ཞན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཁྱོད་མ་ལྷ་གཉན་པོས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་ཁུག །ཀྱཻ། ཞང་ལྷ་གཉན་པོ་དམ་ཚིག་ཅན། །གསེར་གྱི་མི་ཕོ་སྨུག་པོ་ལ། །དབུ་ལ་གསེར་རྨོག་སེར་པོ་གསོལ། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་ཡ་ཚ་གློག་ལྟར་འཁྱུགས། །ཕ་ཝང་སེར་པོ་རྟ་རུ་ཞོན། །ཁྱོད་ལ་བཅོལ་བའི་ལེ་གུ་གང་ན་ཡོད། །ཁྱེད་ལ་བཅོལ་བའི་ལེ་གུ་དེ། །།ཆུང་སྲི་མི་ཟན་འདི་ཡིས་ཁྱེར་། །ཁྱོད་འདི་ཡི་མི་ཤ་མི་གཉེར་རམ། །ཁྱོད་ལ་བཅོལ་བའི་ལས་རེ་ངན། །གནོད་བྱེད་ཆུང་སྲི་ལས་ངན་འདི། །ཁྱོད་ཞང་ལྷའི་ཁམས་ནས་ཁུག་ལ་ཤོག །གཟུགས་ཀྱི་ལིངྒ་འདི་ལ་ཁུག །ཅེས་ལྷ་ལྔ་རེ་རེའི་ཐུགས་ཀྱི་སྤྲུལ་པ་ལ། བུས་ངོར་རེ་


CMR035_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས་ཆུང་སྲི་རང་དབང་མེད་པར་བཀུག་པར་བསམ་ལ་འདི་སྐད་དོ། །ཀྱཻ། ལྷ་ལྔ་ཐུགས་རྗེ་སྤྲུལ་པ་ལས། །དགྲ་བླ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འཆུག་པའི་ལས་མཁན་ནི། །དུང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ན་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ཤར་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ཚེལ་མྱུར་དུ་བསྟིམ། ཀྱཻ། ཕོ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །བསེ་ཡི་བུ་སྦ་གྲུ་ཚད་གཅིག །གཡས་པས་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུལ་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ལྷོ་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག་ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །འཛབ་ཁུང་འདི་རུ་ཁྱེར་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ།


CMR035_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །མཆོང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་ནུབ་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྟ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། མ་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །དུང་གི་བུ་སྦ་གྲུ་ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་བྱང་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྗོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། ཞང་ལྷ་གཉན་པོའི་ཐུགས་སྤྲུལ་པ། །ཆུང་སྲི་འགུགས་པའི་ལས་མཁན་ནི། །གསེར་གྱི་བུ་སྦ་གྲུ་


CMR035_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཅིག །གཡས་ན་ལྟེ་གྲི་རྣོན་པོ་བསྣམས། །གཡོན་ན་ཚང་བུ་ཁུར་མོ་ཐོགས། །ཚང་ཐག་རིང་མོ་གྲུ་ལ་བཀོན། །གནོད་བྱེད་དམ་ཉམས་ཆུང་སྲི་འདི། །ཉི་མ་དབུས་ནས་ཁུག་ལ་ཤོག །ལྟེ་གྲི་རྣོན་པོས་བརྔོས་ལ་ཤོག །ཚང་བུ་ཁུར་མོས་གཡོབ་ལ་ཤོག །ཚང་ཐག་རིང་མོས་ཆིངས་ལ་ཤོག །ལིངྒ་འདི་ལ་མྱུར་དུ་ཁུག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །ཀྱཻ། ལྷ་ལྔ་སྤྲུལ་པའི་ལྷ་ཚོགས་རྣམས། །གནོད་བྱེད་ཆུང་སྲིའི་ཤ་ཁྲག་རྔམ་ཟས་གྱིས། །བདག་ཉིད་དཔལ་ཆེན་ཐུགས་ཀ་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པའི་ཚོགས་།ཆུང་སྲི་འགུགས་པའི་ལས་མཁན་གྱིས། །ཆུང་སྲི་དམ་ཉམས་ཁུག་ལ་ཤོག །ལིངྒ་འདི་ལ་ཁུག་ལ་ཤོག །ལྔ་རོ་འདི་ལ་མྱུར་དུ་བསྟིམ། །གཟུགས་བྱང་འདི་ལ་དྲག་ཏུ་ཕོབ། ཐ་ཏྲི་ཛཿ ༈ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་མ་ཉེས་པའི་ལྕེ་སྲིད་པ་ནི། དཀར་གཏོར་དང་གསེར་སྐྱེམས་འབུལ་ལ་འདི་སྐད་དོ། །ཀྱཻ། ཚངས་པ་དང་ནི་། བརྒྱ་བྱིན་དང་། །དྲང་སྲོང་གྲུལ་བུམ་གཤིན་རྗེ་དང་། །བདེན་བྲལ་ཀླུ་དང་རླུང་ལྷ་དང་། །གནོད་བྱེད་བདེ་ལྡན་ས་བདག་དང་། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། །


CMR035_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དམའ་ན་རག་དམྱལ་ཁམས་ཡན་ཆད་ཀྱི། །གནས་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །དོ་ནུབ་འདི་རུ་མ་བྱོན་ཡར་ལ་བཞུགས། །ལིངྒ་འདི་ལ་མ་འཇུག་ཅིག །ལིངྒའི་གཟུགས་ལ་མ་རྟེན་ཅིག །ལིངྒའི་དབུགས་ལ་མ་རྒྱུ་ཞིག །ད་ནི་དྲག་པོའི་ལས་བྱེད་པས། །སོ་སོ་རང་རང་གནས་སུ་བྱེར། །ལིངྒའི་ནང་དུ་ཞུགས་ན་ང་མ་ལེན། །མནན་བསྲེགས་འཕང་གསུམ་བྱས་ན་ང་མ་ལེན། །མཚོན་དང་རྩང་ཕུར་ཟུག་ན་ང་མ་ལེན། །ངན་དགུ་ཐུན་གྱིས་ཕོག་ན་ང་མ་ལེན། །དེ་བས་སོ་སོ་རང་རང་གནས་སུ་དེངས། ། དེ་ལ་སོགས་པའི་དབྱིན་སེལ་བྱའོ། །བདེར་གཤེགས་འདུས་པའི་བསད་ལས། ལས་བཞི་ལས་བཏུས་པ་མངའ་བདག་ཉང་གི་གཏེར་མ་ལས་ཅན་གཅིག་དང་འཕྲད་པར་ཤོག །དགེའོ། ཨཾ༔ ཆུང་སྲི་འདུལ་དོན་ཁྲོ་བཅུ་བཞུགས་སོ། །ཁྲོ་བོ་བཅུའི་སྤྲུལ་པ་འགྱེད་པ་ནི། ཧཱུྃ། དཔལ་ཆེན་ཐུགས་ཀྱི་སྤྲུལ་པ་ལས། །ཁྲོ་བོ་ཁྲོ་མོ་ཕྱོགས་བཅུར་འགྱེད། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དང་པོ་གསོན་པོའི་སྲོག་གཅོད་བྱས། །བར་དུ་གཤིན་པོའི་གཟུགས་འཛིན་ནས། །ཐ་མ་མཐོ་རིས་ཐར་ལམ་བཀག །ཉེ་འབྲེལ་གསོན་པོའི་ཚེ་སྲོག་གཅོད། །དཀོར་ནོར་འཁོར་རིས་ཐམས་ཅད་


CMR035_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བར་ཆད་བགེགས་བྱེད་གནོད་པ་བསྐྱལ། །ཆུང་སྲི་དབུགས་ལེན་ཟ་འདྲེ་དེ། །ཆུང་སྲི་དམ་ཉམས་བསྒྲལ་བའི་གནས། །གྲུ་གསུམ་ཧོ་ཁུང་འབར་བ་འདིར། །གཟུགས་ཀྱི་ལིངྒ་འདི་ལ་ཁུག །སྟེང་གི་ཕྱོགས་ནས་གཤེད་འགུགས་པ། །ཧཱུྃ་མཛད་སྔོ་ནག་རྡོ་རྗེ་བསྣམས། །གཡོན་པས་སྡིགས་མཛུབ་དྲིལ་བུ་བསྣམས། །ཆུང་སྲི་མི་ཟན་ལས་ངན་འདི། །དྲིལ་བུས་བསྡུས་ལ་རྡོ་རྗེས་བརྡུངས། །འཁྲུལ་འཁོར་ལིངྒ་འདི་ལ་ཁུག །ཤར་གྱི་ཕྱོགས་ནས་གཤེད་འགུགས་པ། །རྣམ་རྒྱལ་དཀར་པོ་རྡོ་རྗེ་བསྣམས། །གཡོན་པས་སྡིགས་མཛུབ་ལྕགས་ཀྱུ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ལྕགས་ཀྱུས་ཟུངས་ལ་རྡོ་རྗེས་རྒྱོབས། །བརྡུངས་དུས་ཆུང་སྲི་དབུགས་ལེན་རྡུལ་དུ་རློགས། །ཞེས་ཁ་བསྒྱུར་དགོས་སོ། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ཤར་ལྷོ་མཚམས་ནས་གཤེད་འགུགས་པ། །དབྱུག་སྔོན་སྔོ་སྐྱ་དབྱུག་ཐོ་འཛིན། །གཡོན་པས་སྡིགས་མཛུབ་མེ་དཔུང་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །རྡོ་རྗེས་བརྡུང་ལ་མེ་ཡིས་སྲེགས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་ནས་གཤེད་འགུགས་པ། །གཤིན་རྗེ་


CMR035_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་ནག་བེ་ཅོན་བསྣམས། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་བེ་ཅོན་རྒྱོབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ལྷོ་ནུབ་མཚམས་ནས་གཤེད་འགུགས་པ། །མི་གཡོ་ལྗང་ནག་རལ་གྲི་འཛིན། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་རལ་གྲིས་གསེས། །ཆུང་སྲི་དབུགས་ལེན་རྡུལ་དུ་རློགས། །ནུབ་ཀྱི་ཕྱོགས་ནས་གཤེད་འགུགས་པ། །རྟ་མགྲིན་དམར་པོ་པདྨ་བསྣམས། །གཡོན་པས་སྡིགས་མཛུབ་ལྕགས་སྒྲོག་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ལྕགས་སྒྲོག་སྡོམས་ལ་པདྨས་རློབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ནུབ་བྱང་མཚམས་ནས་གཤེད་འགུགས་པ། །འདོད་རྒྱལ་དམར་ནག་ཏྲི་ཤུལ་བསྣམས། །གཡོན་པས་སྡིགས་མཛུབ་བ་དན་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །བ་དན་གཡོབ་ལ་ཏྲི་ཤུས་གཏུབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱང་གི་ཕྱོགས་ནས་གཤེད་འགུགས་པ། །བདུད་རྩི་ལྗང་ནག་རྒྱ་གྲམ་བསྣམས། །གཡོན་པས་སྡིགས་


CMR035_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་དྲིལ་བུ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །དྲིལ་བུས་དབང་སྡུས་རྒྱ་གྲམ་རྒྱོབས། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱང་ཤར་མཚམས་ནས་གཤེད་འགུགས་པ། །ཁམས་གསུམ་རྣམ་རྒྱལ་འཁོར་ལོ་བསྣམས། །གཡོན་པས་སྡིགས་མཛུབ་རྔ་ཡབ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །རྔ་ཡབ་གཡོབ་ལ་འཁོར་ལོ་བསྐོར། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །འོག་གི་ཕྱོགས་ནས་གཤེད་འགུགས་པ། །སྟོབས་ཆེན་དུད་ཁ་གཏུན་ཤིང་བསྣམས། །གཡོན་པས་སྡིགས་མཛུབ་ཞགས་པ་འཛིན། །ཆུང་སྲི་མི་ཟན་ལས་ངན་འདི། །ཞགས་པས་ཆིངས་ལ་གཏུན་ཤིང་རྒྱོབས། །ཆུང་སྲི་དབུག་ལེན་ཁུག་ལ་ཤོག །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུས། །ཆུང་སྲི་མི་ཟན་ལས་ངན་འདི། །ཁུག་ཅིག་དྲོངས་ཤིག་ཨཾ་ཀུ་ཤ །རིངས་བར་ཁུག་ལ་མྱུར་དུ་སྒྲོལ། །དེ་ཡི་ཤ་ཟོ་ཁྲག་ལ་འཐུང་། །འགུག་གཞུག་བྱའོ། ཧཱུྃ། ཡུལ་གྱི་མིང་ནི་དམུ་ཡུལ་ནས། །ཆུང་སྲི་རོ་ལངས་འགོང་པོ་དེས། །འགྲོ་བ་མི་ལ་བདུད་དུ་བབ། ཧཱུཾ། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །འགྲོ་བ་མི་ལ་


CMR035_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་གདགས་ཕྱིར། །ཕྱག་མཚན་རྡོ་རྗེ་འཁོར་ལོ་འདི། །ཆུང་སྲི་རོ་ལངས་འགོང་པོའི་སྙིང་ལ་རྒྱབ། །རོ་ལངས་དུག་གསུམ་རྩད་ནས་བཅད། །ཆུང་སྲི་གནོད་བྱེད་གདུག་པ་རྡུལ་དུ་རློགས། །གསོན་བདུད་གཤིན་ལྕག་ཆུང་སྲི་འདི། །ལས་མཁན་སྟོབས་ཀྱིས་ཁྲིད་ལ་ཤོག །ཆུང་སྲི་དབུགས་ལེན་ཤི་གཤེད་འདི། །མཐུ་རྩལ་སྟོབས་ཀྱིས་ཁུག་ལ་ཤོག །རྟ་རྐུན་དེ་ནི་བརྒྱ་ཡོད་ཀྱང་། །སྒྲོག་འཁྲོལ་དེ་ནི་གཅིག་བས་མེད། །རྟ་རྐུན་སྒྲོག་འཁྲོལ་ཁུག་ལ་ཤོག །ཇག་པ་དེ་ནི་བརྒྱ་ཡོད་ཀྱང་། །ཇག་དཔོན་མནའ་ཟན་གཅིག་ལས་མེད། །ཇག་དཔོནམནའ་ཟན་ཁུག་ལ་ཤོག །རྐུན་མ་དེ་ནི་བརྒྱ་ཡོད་ཀྱང་། །ནང་དབྱེན་རྐུན་མ་གཅིག་ལས་མེད། །ནང་དབྱེན་རྐུན་མ་ཁུག་ལ་ཤོག །མི་གསོད་དེ་ནི་བརྒྱ་ཡོད་ཀྱང་། །ལག་དམར་དེ་ནི་གཅིག་ལས་མེད། །སྲོག་གཅོད་ཟ་འདྲེ་བརྒྱ་ཡོད་ཀྱང་། །དབུགས་ལེན་ཤི་གཤེད་གཅིག་ལས་མེད། །ཉ་མོ་ལྕགས་ཀྱུས་བཟུང་བ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །སྤྱང་མོ་ཞགས་ལ་ཟིན་པ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །ཤ་བ་ཁྱི་ཡིས་དེད་པ་བཞིན། །


CMR035_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །བྱིའུ་ཁྲ་ཡིས་དེད་པ་བཞིན། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །སྦྲང་བུ་ཤ་ལ་འདུས་པ་ལྟར། །ཆུང་སྲི་དབུགས་ལེན་ཁུག་ལ་ཤོག །རྡུང་ཤ་ལག་པ་འདི་ཡིས་ཁུག །ལས་ཀྱི་མེ་ལོང་འདི་ཡིས་ཁུག །གཤེད་རྡོ་དཀར་ནག་འདི་ཡིས་ཁུག་ལ་ཤོག། །གཤེད་གཞི་ནག་པོ་འདི་ཡིས་ཁུག །གཡང་གཞི་དཀར་ནག་་འདི་ཡིས་ཁུག །ཧོ་ཁུང་གྲུ་གསུམ་འདི་ཡི་ནང་དུ་ཁུག །ལྷ་ང་བྱི་ལིང་འདི་ཡི་ནང་དུ་ཁུག །འཕྲུལ་འཁོར་ལིངྒ་འདི་ལ་ཁུག །གཤེད་རྟ་ཁ་ཆེ་འདི་ཡིས་ཁུག །རྔ་ཡབ་ནག་པོ་འདི་ཡི་ཁ་ལ་ཁུག །གཤེད་ལྕགས་ནག་པོ་འདི་ཡི་ཁ་ལ་ཁུག །གཤེད་ར་རྒྱ་བོ་འདི་ཡིས་ཁུག །གཤེད་ལུག་གདོང་བཀྲ་འདི་ཡིས་ཁུག །ཕག་སྤྲུལ་བྱ་ཡི་ཐོད་པའི་ནང་། །ཆུང་སྲི་མི་ཟན་གསོད་པར་བྱེད། །དེ་བས་མ་ཐོགས་མྱུར་དུ་ཁུག །འགུག་གཞུག་དྲག་ཏུ་བྱས་ལ། །ལིང་ལ་ཡང་ཡང་བསྟིམ་མོ། །ཧཱུཾ། ཆུང་སྲི་དམ་ཉམས་ལས་ངན་འདི། །མཐོ་ནམ་མཁའི་དབྱིངས་ན་མ་བྲོས་ཤིག །ནམ་མཁའི་དབྱིངས་ན་བྲོས་པ་ན། །སྟོང་གསུམ་རྡོ་རྗེ་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་


CMR035_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་འདི། །བར་སྣང་ཁམས་སུ་མ་བྲོས་ཤིག །བར་སྣང་ཁམས་སུ་བྲོས་ཙ་ན། །ཀུན་ཏུ་བཟང་མོ་ང་ཡི་བཀའ། །བར་སྣང་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །ས་གཞི་ཁམས་སུ་མ་བྲོས་ཤིག སངས་རྒྱས་སྤྱན་མ་ང་ཡི་བཀའ། །ས་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །ཆུ་ཡི་ཁམས་ན་མ་བྲོས་ཤིག ཆུ་ཡི་ཁམས་སུ་བྲོས་ཙ་ན། །མཱ་མ་ཀཱི་ཡང་ང་ཡི་བཀའ། །ཆུ་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །མེ་ཡི་ཁམས་ན་མ་བྲོས་ཤིག མེ་ཡི་ཁམས་སུ་བྲོས་ཙ་ན། །གོས་དཀར་མོ་ཡང་ང་ཡི་བཀའ། །མེ་ཡི་ཁམས་ནས་ཁུག་ལ་ཤོག །ཆུང་སྲི་དམ་ཉམས་ལས་ངན་འདི། །རླུང་གི་ཁམས་ན་མ་བྲོས་ཤིག །རླུང་གི་ཁམས་ན་བྲོས་པ་ན། །དམ་ཚིག་སྒྲོལ་མ་ང་ཡི་བཀའ། །རླུང་གི་ཁམས་ནས་ཁུག་ལ་ཤོག །ཧཱུྃ། ཨེ་ཀ་ཙ་ཏི་བཀའ་ཉན་མ། །ཡེ་ཤེས་སྒོ་མ་ཁྱེད་བཞི་ཡི། །གསོན་བདུད་གཤིན་ལྕགས་ཆུང་སྲི་འདི། །གང་ན་འདུག་ཀྱང་ཁུག་ལ་ཤོག །མགོ་བོ་ས་ལ་ཐོབ་ལ་ཤོག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །


CMR035_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་ཅན་གྱིས་མགྲིན་པ་སྡོམས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས། དྲིལ་བུ་ཅན་གྱིས་དབང་དུ་སྡུས། །ཐོ་བ་ཅན་གྱིས་མགོ་ནས་རྡུངས། །གཤོག་པ་ཅན་གྱིས་ཀླད་ནས་ཆུམ། །སྡེར་མོ་ཅན་གྱིས་མཐའ་ནས་བསྡུས། །ཆུང་སྲི་ཤི་གཤེད་ལས་ངན་འདི། །ད་ལྟ་ཉིད་དུ་མྱུར་དུ་ཁུག །མྱུར་དུ་སྒྲོལ་ལ་རྡུལ་དུ་རློགས། །ཞེས་འགུག་གཞུག་དྲག་ཏུ་བྱས། །གཟུགས་ལ་ཡང་ཡང་བསྟིམ་མོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆུང་བརྡུང་དཔའ་བོ་ལྷ་ལྔ།next