Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
སྲུང་བཞི་བཀོད་པའི་ཆོ་ག
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousསྲུང་བཞི་བཀོད་པའི་ཆོ་གnext

སྲུང་བཞི་བཀོད་པའི་ཆོ་ག


CMR035_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བཞི་བཀོད་པའི་ཆོ་ག་བཞུགས་སོ། །ན་མོ་མཉྫཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །མ་ཧཱ་གསེར་གྱི་རུས་སྦལ་སྤྲུལ། །མགོ་བོ་ལྷོ་ལ་མཇུག་མ་བྱང་། །གཞོགས་གཡས་ཤར་ལ་གཞོགས་གཡོན་ནུབ། །རྐང་ལག་མཚམས་བཞིར་བརྐྱངས་པ་ལས། །ཤིང་སོགས་སྲུང་བའི་ཆོ་ག་ནི། །ཤར་དུ་སྣ་རེ་བཙུགས་ལ་བཞག །ཀྱཻ། ཤར་ན་ཤིང་གི་བསྐལ་པ་དར། །ཤིང་ཁམས་རྒྱལ་པོ་སྤར་ཁ་ཟིན། །ལོ་ཡི་རྒྱལ་པོ་སྟག་ཡོས་གཉིས། །གཟའ་དང་སྐར་མ་ཤིང་གི་ཁམས། །ཤར་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ཤར་གྱི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ལས། །ལྕགས་ཀྱི་སྟ་རེ་ངར་མ་འདིས། །ཤར་ཕྱོགས་ཤིང་གི་གདུག་པ་སྲུངས། །ཤིང་དགྲ་ལྕགས་ཀྱི་སྟ་རེས་ཆོད། །ཤར་ཤིང་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། དེ་ནས་ལྷོ་རུ་ཆུ་སྐྱོགས་གང་། །བཞག་ལ་འདི་ལྟར་ཁྱེར་ཅིག་སྦྲགས། ཀྱཻ། ལྷོ་ནས་མེ་ཡི་བསྐལ་པ་དར། །


CMR035_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཁམས་རྒྱལ་པོ་སྤར་ཁ་ལི། །ལོ་ཡི་རྒྱལ་པོ་རྟ་སྦྲུལ་གཉིས། །གཟའ་དང་སྐར་མ་མེ་ཡི་ཁམས། །ལྷོ་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས་། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ལྷོ་ཡི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་གསུང་གི་སྤྲུལ་པ་ལས། །བསིལ་བྱེད་ཆུ་ཡི་ཞགས་པ་འདིས། །ལྷོ་ཕྱོགས་མེ་ཡི་གདུག་པ་སྲུངས། །མེ་དགྲ་ཆུ་ཡིས་ཞི་བར་མཛོད། །ལྷོ་མེ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། ནུབ་ཏུ་མེ་དཔུང་བཞག་བྱས་ལ། །ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་བསྐལ་པ་དར། །ལྕགས་ཁམས་རྒྱལ་པོ་སྤར་ཁ་དཱ། །ལོ་ཡི་རྒྱལ་པོ་བྱ་སྤྲེལ་གཉིས། །གཟའ་དང་སྐར་མ་ལྕགས་ཀྱི་ཁམས། །ནུབ་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ནུབ་ཀྱི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་


CMR035_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཐུགས་ཀྱི་སྤྲུལ་པ་ལས། །མེ་ཡི་མཚལ་བྱ་དམར་པོ་འདིས། །ནུབ་ཕྱོགས་ལྕགས་ཀྱི་གདུག་པ་སྲུངས། །ནུབ་ཕྱོགས་ལྕགས་དགྲ་མེ་ཡིས་ཐུལ། །ནུབ་ལྕགས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏེ་སྭཱ་ཧཱ། བྱང་དུ་ས་ནི་བཞག་བྱས་ལ། ཀྱཻ། བྱང་ན་ཆུ་ཡི་བསྐལ་པ་དར། །ཆུ་ཁམས་རྒྱལ་པོ་སྤར་ཁ་ཁཾ། །ལོ་ཡི་རྒྱལ་པོ་བྱི་ཕག་གཉིས། །གཟའ་དང་སྐར་མ་ཆུ་ཡི་ཁམས། །བྱང་ཕྱོགས་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །བྱང་གི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །སེར་པོ་ས་ཡི་དཀྱིལ་འཁོར་འདིས། །བྱང་ཕྱོགས་ཆུ་ཡི་གདུག་པ་སྲུངས། །བྱང་ཕྱོགས་ཆུ་དགྲ་ས་ཡིས་ཐུལ། །བྱང་ཆུ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། མཚམས་བཞིར་དྲག་ཤིང་འཛུགས་བྱས་ལ།། ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །རྐང་ལག་མཚམས་བཞིར་བརྐྱངས་


CMR035_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས། །མཚམས་བཞི་སྤར་ཁ་ཁེན་ཁོན་གིན་ཟོན་བཞི། །ལོ་བློན་ཁྱི་འབྲུག་གླང་ལུག་བཞི། །གཟའ་དང་སྐར་མ་ས་ཡི་ཁམས། །མཚམས་བཞིའི་ས་བདག་ཀླུ་གཉན་དང་། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །མཚམས་བཞི་ཕྱོགས་སུ་འདྲེན་སྲིད་ན། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ལས། །ཤེལ་གྱི་བྱ་ཁྱུང་ལྗང་ཁུ་ཡིས། །མཚམས་བཞི་ས་ཡི་གདུག་པ་སྲུངས། །ས་དགྲ་ཤིང་གིས་ཞི་བར་མཛོད། །དབུས་དང་མཚམས་བཞི་ས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛཱ་ཏི་སྭཱ་ཧཱ། མན་ངག་ལ་གལ་ཆེན་ཤི་སྒབ་གཅོད་པ་ལ་འབུམ་ཆེན་སྡེ་ལྔ་ཕྱོགས་བཞི་དབུས་ལྔར་འདོན་དགོས་པས། ཡུམ་ཆེན་གྱི་འབུམ་དབུས་སུ་འདོན། ཕལ་པོ་ཆེ་སྐུ་ཡི་འབུམ་ཤར་དུ། དཀོན་བརྩེགས་ཡོན་ཏན་གྱི་འབུམ་ལྷོ། མྱ་ངན་འདས་མདོ་གསུང་གི་འབུམ་ནུབ། ལང་ཀར་གཤེགས་པ་ཕྲིན་ལས་ཀྱི་འབུམ་བྱང་། འབུམ་ཆུང་སྡེ་ལྔ་ནི། ཤེར་སྙིང་དབུས་སུ། བཟང་སྤྱོད་ཤར། ལྟུང་བཤགས་ལྷོ། འདའ་ཀ་ཡེ་ཤེས་ནུབ། རྣམ་འཇོམས་བྱང་དུ་འདོན་པར་བྱ་དགོས་སོ། །ཞེས་ཨ་རཱ་གས་བྲིས་པ་མངྒ་ལཾ།། །།


previousསྲུང་བཞི་བཀོད་པའི་ཆོ་གnext