Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
སྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousསྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ།next

སྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ།


CMR035_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ་ནི། སྲུང་བཞི་ཇི་བཞིན་བཀོད་པ་དེ་དག་བསངས། སྭ་བྷ་ཝ༔ སྟོང་པའི་ངང་ལས་རང་ཉིད་འཇམ་དཔལ་ལྷའི། །དཔྲལ་བའི་ཨོཾ་ལས་ཙོ་དཀར་ཤར་དུ་འཕྲོས། །མགྲིན་པའི་ཨཱ༔ ལས་ཁཾ་སྔོན་ལྷོ་རུ་འཕྲོས། །ལྟེ་བའི་སཱ་ལས་རཾ་དམར་ནུབ་ཏུ་འཕྲོས། གསང་བའི་ཧཱ་ལས་ལཾ་སེར་བྱང་དུ་འཕྲོས། །ཐུགས་ཀའི་ཧཱུྃ་ལས་ཤཾ་ལྗང་མཚམས་བཞིར་འཕྲོས། །ཕྱོགས་མཚམས་སྲུང་བཞི་འབྱུང་བའི་རྫས་ལ་ཐིམ། །དེ་དག་ཡོངས་གྱུར་ཤར་དུ་ལྕགས་སྟག་དཀར། །ལྷོ་རུ་ཆུ་འབྲུག་སྔོན་པོ་ནུབ་ཕྱོགས་སུ། །མེ་བྱ་དམར་པོ་བྱང་དུ་རུས་སྦལ་སེར། །མཚམས་བཞིར་ཤིང་གི་བྱ་ཁྱུང་ལྗང་གུ་རྣམས། །ངོ་བོ་འཇམ་དཔལ་སྐུ་གསུང་ཐུགས་ཡོན་འཕྲིན། །རྣམ་པ་སོ་སོའི་གཟུགས་སུ་སྐུར་བཞེངས་ནས། །འབྱུང་བ་ལྔ་ཡི་གདུག་རྩུབ་འདུལ་བྱེད་ཅིང་། །འབྱུང་ལྔའི་རྒྱལ་པོ་ཞལ་གཡོལ་སྤྱན་སྒྲིབ་པའི། །ནུས་པ་ཐོགས་པ་མེད་པ་དང་ལྡན་གྱུར། །ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛཿ ཀཾ་ཤཾ་


CMR035_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་རྦད་ཕཊ་སྭཱ་ཧཱ། ཞེས་འཇམ་དཔལ་ནག་པོའི་རྩ་སྔགས་དང་། ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ནས། དངོས་གཞི་ཆོ་ག་འདི་ལྟར་གྱེར་རོ། །ན་མོ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལ། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །མགོ་བོ་ལྷོ་ལ་མཇུག་མ་བྱང་། །གཞོགས་གཡས་ཤར་ལ་གཞོགས་གཡོན་ནུབ། །རྐང་ལག་མཚམས་བཞིར་བརྐྱངས་བ་ལ། །ཤར་ན་ཤིང་གི་བསྐལ་པ་དར། །ཤིང་ཁམས་རྒྱལ་པོ་སྤར་ཁ་ཟིན། །ལོ་ཡི་རྒྱལ་པོ་སྟག་ཡོས་གཉིས། །གཟའ་དང་སྐར་མ་ཤིང་གི་ཁམས། །ཤར་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །ཤར་གྱི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ནི། །ལྕགས་ཀྱི་དབལ་སྟག་དཀར་པོ་འདིས། །ཤར་ཕྱོགས་ཤིང་གི་གདུག་པ་སྲུངས། །ཤིང་དགྲ་ལྕགས་ཀྱིས་གཅོད་པར་གྱིས། །ཤར་ཤིང་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་


CMR035_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཞེས་སྣ་རེ་ཤར་དུ་བཙུགས། ཀྱི། ལྷོ་ན་མེ་ཡི་བསྐལ་པ་དར། །མེ་ཁམས་རྒྱལ་པོ་སྤར་ཁ་ལི། །ལོ་ཡི་རྒྱལ་པོ་རྟ་སྦྲུལ་གཉིས། །གཟའ་དང་སྐར་མ་མེ་ཡི་ཁམས། །ལྷོ་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་།། །མིའུ་ཤི་བའི་རོ་སྤུར་འདི། །ལྷོ་ཡི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་གསུང་གི་སྤྲུལ་པ་ནི། །བསིལ་བྱེད་ཆུ་ཡི་གཡུ་འབྲུག་འདིས། །ལྷོ་ཕྱོགས་མེ་ཁམས་གདུག་པ་སྲུངས། །མེ་དགྲ་ཆུ་ཡིས་གཅོད་པར་གྱིས། །ལྷོ་མེ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱ། ཞེས་ཆུ་སྐྱོགས་གང་ལྷོར་བཞག །ཀྱཻ། ནུབ་ཕྱོགས་ལྕགས་ཀྱི་བསྐལ་པ་དར། །ལྕགས་ཁམས་རྒྱལ་པོ་སྤར་ཁ་དྭ། །ལོ་ཡི་རྒྱལ་པོ་བྱ་སྤྲེལ་གཉིས། །གཟའ་དང་སྐར་མ་ལྕགས་ཀྱི་ཁམས། །ནུབ་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་


CMR035_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མིའུ་ཤི་བའི་རོ་སྤུར་འདི། །ནུབ་ཀྱི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཡོན་ཏན་སྤྲུལ་པ་ནི། །མེ་ཡི་མཚལ་བྱ་དམར་པོ་འདིས། །ནུབ་ཕྱོགས་ལྕགས་ཀྱི་གདུག་པ་སྲུངས། །ལྕགས་དགྲ་མེ་ཡིས་གཅོད་པར་གྱིས། །ནུབ་ལྕགས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཞེས་ནུབ་ཏུ་སོལ་མེ་བཞག །ཀྱཻ། བྱང་ན་ཆུ་ཡི་བསྐལ་པ་དར། །ཆུ་ཁམས་རྒྱལ་པོ་སྤར་ཁ་ཁཾ། །ལོ་ཡི་རྒྱལ་པོ་བྱི་ཕག་གཉིས། །གཟའ་དང་སྐར་མ་ཆུ་ཡི་ཁམས། །བྱང་ཕྱོགས་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །བྱང་གི་ཕྱོགས་སུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དོག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །།འཇམ་དཔལ་ཕྲིན་ལས་སྤྲུལ་པ་ནི༔ །ས་ཡི་རུས་སྦལ་སེར་པོ་འདིས། །བྱང་ཕྱོགས་ཆུ་ཁམས་གདུག་པ་སྲུངས། །ས་འཇམ་དཔལ་སེར་པོས་ཆུ་ཆོད་ཅིག །བྱང་ཆུ་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་


CMR035_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་སུ་སུ་ཡེ་སྭཱ་ཧཱ། ཞེས་ས་བྲེ་གང་བྱུང་དུ་བཞག །ཀྱཻ། མ་ཧཱ་གསེར་གྱི་རུས་སྦལ་གྱི། །རྐང་ལག་མཚམས་བཞིར་བརྐྱངས་བ་ལས། །མཚམས་བཞིར་ས་ཡི་བསྐལ་པ་དར། །སྤར་ཁ་ཁེན་ཁོན་གིན་ཟོན་དང་། །ལོ་བློན་ཁྱི་འབྲུག་གླང་ལུག་བཞི། །གཟའ་དང་སྐར་མ་ས་ཡི་ཁམས། །མཚམས་བཞི་ས་བདག་ཀླུ་གཉན་སོགས། །ཕྲག་དོག་ཀོ་ལོང་སྡོམ་པ་རྣམས། །དེ་རིང་བདག་ལ་སྙན་གསོན་དང་། །མིའུ་ཤི་བའི་རོ་སྤུར་འདི། །མཚམས་བཞི་དག་ཏུ་འདྲེན་སྲིད་ན། །ཁྱེད་རྣམས་ཀོ་ལོང་ཕྲག་མ་དག །གལ་ཏེ་ཀོ་ལོང་ཕྲག་དོག་ན། །འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ནི། །ཤིང་གི་བྱ་ཁྱུང་རྒྱལ་པོ་བཞིས། །མཚམས་བཞི་ས་ཡི་གདུག་པ་སྲུངས། །ས་དགྲ་ཤིང་གིས་ཐུབ་པར་གྱིས། །དབུས་དང་མཚམས་བཞིའི་ས་ཁམས་རྒྱལ་པོའི་ཞལ་གཡོལ་སྤྱན་སྒྲིབས་ཤིག །ཏདྱ་ཐཱ། ཨཱ་ལི་ཀཱ་ལི་མུ་ཛ་ཏི་སྭཱ་ཧཱ། མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ཞེས་ཤིང་མགལ་རེ་མཚམས་བཞིར་འཛུགས་སྲུང་བཞི་བཀོད་པའི་ཆོ་ག་སློབ་དཔོན་དུ་ཧར་ནག་པོས་མཛད་པ་རྫོགས་སོ།། །།


previousསྲུང་བཞི་བཙུགས་པའི་ལྷན་ཐབས་བྱིན་རླབས་གཞུང་ཚིག་གསལ་ལྟར་དོན་གྱིས་ཐོབ་པ་ཞར་བྱུང་དུ་བསྟན་པའི་འདོན་ཆ།next