Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
མི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས།
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousམི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས།next

མི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས།


CMR035_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས་ཡོད།


CMR035_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤི་ཡེ། ས་ཡི་རྒྱ་གཞུང་བྱེ་མ་ལག་ཁྲིད་ལས། །དུར་ས་འདེབས་པའི་ཆོ་ག་བསྟན་པ་ནི། །རུས་པར་ཁྲུས་བྱས་དྲི་བཟང་གདབ། །བགེགས་བསྐྲད་བྱས་ལ་བུམ་པར་བླུག །བླ་རྡོ་ཁམས་ལྔ་རིམ་པ་བཞིན། །འབྱུང་བ་ལྔ་ཡི་ཡིག་འབྲུ་དང་། །སྔགས་ལྔ་ཤམ་བུ་བཅས་པ་བྲི། །བླ་བྱང་ཤུག་པའི་བྱང་བུ་ལ། །ཉི་ཟླ་ཨཱ་ལི་ཀཱ་ལིས་མཚན། །ཕོ་ལ་གུར་གུམ་མོ་ལ་གི་ཝཾ་བྱུག །རང་མདོག་དར་དྲིལ་བུམ་པར་གཞུག །གསུངས་པའི་ཕྱག་ལེན་མཐོང་བ་བརྒྱུད་པ་ནི། །རྫ་ཡི་བུམ་པ་འོ་མས་ཕབ། །ཤར་དུ་སྟག་སྐྱ་ལྷོ་རུ་འབྲུག་སྔོན་དང་། །ནུབ་ཏུ་བྱ་དམར་བྱང་དུ་རུས་སྦལ་བྲི། །བར་མཚམས་རྣམས་སུ་བཀྲ་ཤིས་རྟགས་བརྒྱད་དང་། །ཁ་ལེབ་འཁོར་ལོ་ཞབས་ལ་པདྨ་བྲི། །ཤུག་པའི་བྱང་ལེབ་ལོགས་ལ་ཉི་མ་


CMR035_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལོགས་གཅིག་རྩེ་ལ་ཟླ་བ་དེ་འོག་ཏུ། །གསལ་བྱེད་སུམ་ཅུའི་སྔགས་ནི་བྲིས་པ་ཡི། །ཕོ་ལ་གུར་གུམ་མོ་ལ་གི་ཝཾ་བྱུག །དེ་འོག་དབྱངས་ཡིག་བཅུ་དྲུག་བྲི་བར་བྱ། །ཤོག་དྲི་ལ་གཅིག་ལ་རྟེན་འབྲེལ་སྙིང་པོ་དང་། །ཚེ་དཔག་དང་ནི་ཛམ་ལྷའི་སྙིང་པོ་བྲི། །དེ་མཐར་འབྱུང་བ་ལྔ་ཡི་སྔགས་འདི་བྲི། །ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་སུ་སུ་ཏཾ་ཏཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཨོཾ་མ་མ་ཁང་ཁང་ཡེ་སྭཱ་ཧཱ། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། གཙུག་ལག་འབྱུང་བའི་ལྷས་སྲུངས་ཤིག་སྐྱོབས་ཤིག །ཤོག་དྲིལ་དེ་ཡིས་བྱང་བུར་དྲིལ། །དེ་རྒྱབ་སྲོག་གི་འབྱུང་བ་ཡི། །ཁ་དོག་གང་ཡིན་དར་གྱིས་དྲིལ། །དེ་ནི་བུམ་པའི་སྲོག་ཤིང་བྱ། །དེ་ནས་ཚེ་འདས་


CMR035_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པ་དེ། །ས་རྡོ་སོལ་བ་ལེགས་པར་བསལ། །དེ་ནས་མེ་ལོང་ངོས་ལ་ཁྲུས་གསོལ་བྱ། །དྲི་བཟང་དུད་པས་རུས་པ་བདུག །སུམ་བྷ་ནི་ཡིས་བགེགས་བསྐྲད་དེ། །ལུས་ཀྱི་ཆགས་རིམ་ཇི་བཞིན་དུ། །བུམ་པའི་ནང་དུ་བླུག་པར་བྱ། །དེ་ནང་བླ་རྡོ་བཞག་པ་ནི། །ཤིང་ཁམས་པ་ལ་གཡུ་རྡོག་གཅིག །མེ་ལ་མཆོང་ངམ་དམར་པོ་གཅིག །ལྕགས་ཁམས་ཤེལ་དཀར་ཆུ་མུ་མེན། །ས་ཁམས་པ་ལ་གསེར་ཐིག་བཞག །གཞན་ཡང་ལྕགས་ནི་མ་གཏོགས་པའི། །རིན་ཆེན་སྣ་ཚོགས་གང་འཛོམ་དང་། །འབྲུ་ནག་མེད་པའི་འབྲུ་སྣ་དང་། །དུག་རིགས་མེད་པའི་སྨན་སྣ་དང་། །དྲི་མ་མེད་པའི་དར་ཚོན་བཅུག །རྨང་ངམ་ལ་ཆས་ཁ་དམ་སྦྱར། །ཆུ་དང་འབུ་སྲིན་མི་འགྲོ་བྱ། །གཟའ་སྐར་བཟང་དུས་ས་མིག་ཏུ། །རྒྱས་པར་གྲུབ་ན་ས་འབེབ་བྱ། །བསྡུ་ན་དཀར་གཏོར་བསྔོ་བ་དང་། །ཡོས་བཀྲ་གཏོར་བ་ཙམ་གྱིས་ཆོག །ཐེ་སེ་སྤྲེལ་ཁོག་རྒྱུ་བའི་ཕྱིར། །ཚེས་ནི་བཅུ་གཉིས་ལ་མི་རུང་། །ས་ནི་བརྐོ་དུས་ལྟོ་འཕྱེ་རྩི། །དཔྱིད་གསུམ་བྱང་དུ་ཁ་གྲུ་བརྐོ། །དགུན་གསུམ་ནུབ་ཏུ་ཁ་གྲུ་བརྐོ། །དབྱར་གསུམ་ཤར་དུ་ཁ་གྱུ་བརྐོ། །སྟོན་གསུམ་ལྷོ་རུ་ཁ་གྲུ་བརྐོ། །དཔྱིད་གསུམ་མེ་ཏོག་རྒྱས་དུས་བཟང་། །ཁྲུ་གང་སོར་དོ་ཕན་གནོད་ཆུང་། །ཁྲུ་གང་སོར་བཞི་ཙམ་དུ་བརྐོ། །སྟག་ནི་ཤར་དང་འབྲུག་ནི་ལྷོ། །བྱ་ནི་ནུབ་དང་རུས་སྦལ་བྱང་། །ཕྱོགས་ནི་མ་ལོགས་བུམ་པ་བཞག །ངང་པ་སེར་པོ་ཁྲི་ཐུབ་ཞེས། །གྲོ་བས་བཏུམ་པར་བྱ་བའམ། །ཤུག་གུ་འབུམ་ཐུབ་ཤུག་ཤུན་ལྕིབ། །ཕོ་རོག་སྟོང་


CMR035_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་སོལ་བས་ལྕིབ། །མི་བཙའ་མི་རུལ་འབུ་མི་ཞུགས། །ནང་བཟང་གོད་ཁ་ཉུང་བ་ཡིན། །དེ་ནི་བཞག་ལུགས་རབ་ཡིན་ཏེ། །འབྲིང་ནི་སྨོན་རྫི་འུ་སྨྱུག་འདོང་སོགས། །ནང་དུ་འབྲུ་སྣ་རིན་ཆེན་དང་། །དཀར་རྩི་བཞག་ལ་སྔགས་སོགས་མེད། །ཐ་མ་འབྲོག་པ་རྣམས་ཀྱི་ལུགས། །སྤང་གྲས་དོང་བརྐོས་རྫ་སར་བླུག །གས་མཚམས་སྦྱར་བར་མི་མངོན་བྱ། །ས་ལྕགས་མ་བུ་སྤྲད་པ་ཟེར། །རྒྱས་བསྡུས་དེ་ལྟར་གང་བྱེད་ཀྱང་། །དང་ཁ་མི་བཀབ་འདི་ཉིད་འདོན། །འཕགས་པ་འཇམ་དཔལ་རིགས་ལྔ་དང་། །འབྱུང་བ་ལྔ་ཡི་ལྷ་ཚོགས་ལ། །བདག་དང་ཡོན་བདག་སྐྱབས་སུ་མཆི། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །འཇམ་དཔལ་གསེར་མདོག་ཞལ་གཅིག་པ། །ཕྱག་གཉིས་རལ་གྲི་པོ་སྟི་འཛིན། །མཚན་སྤྲས་དར་དང་རིན་ཆེན་བརྒྱན། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །ཐུགས་ཀའི་དྷིཡིག་འོད་ཟེར་ལས། །མཆོད་པའི་སྤྲིན་ཕུང་དཔག་མེད་འཕྲོས། །ས་བདག་ཡུལ་ལྷ་མཆོད་པར་གྱུར། །ཧཱུྃ། ས་འདིར་གནས་པའི་ས་བདག་དང་། །རྒྱབ་རི་མདུན་རི་གཡས་གཡོན་ལ། །གནས་པའི་ལྷ་ཀླུ་མཐུ་ཆེན་རྣམས། །ཚེ་འདས་མིའུ་རིན་ཆེན་འདི། །དང་པོ་སྐྱེས་ཀྱང་ས་སྟེང་སྐྱེས། །མ་ཤི་གསོན་ཚེ་ས་ལ་བརྟེན། །ཤི་བས་


CMR035_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ས་ལ་ཐིམ། །འབྱུང་བཞིའི་གཡར་པོ་སོ་སོར་གཏད། །འདི་ནི་སྲིད་པའི་ལུགས་ཡིན་པས། །ཀོ་ལོང་རུ་ང་མ་མཛད་པར། །ས་མིག་མི་བརྐུ་མི་འཕྲོག་སྟེ། །ས་རིན་མཆོད་པ་སྣ་ཚོགས་འབུལ། །གསེར་སྐྱེམས་ཇ་ཕུད་འོ་ཕུད་མཆོད། །འབྲུ་སྣ་རིན་ཆེན་སྣ་ཚོགས་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཏིང་ངེ་འཛིན་གྱིས་བྱིན་རླབས་ནས། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །ས་བདག་རྣམས་ལ་ས་རིན་འབུལ། །ས་འདི་བདག་ལ་གནང་བ་དང་། །ས་གཡང་དངོས་གྲུབ་བདག་ལ་སྩོལ། །ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་པལླཔཱུ་ཛ་ཧོཿ ཁཱ་ཧི།་ཧཱུཾ་ལས་གཏེར་གྱི་བུམ་པའི་ནང་། །འདོད་ཡོན་སྣ་ཚོགས་གང་བ་ལ། །ཚེ་འདས་བླ་དང་ཕ་མཚུན་རྣམས། །བདེ་སྐྱིད་ལོངས་སྤྱོད་ལྡན་པར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། རུས་པ་དཀར་པོའི་རྟེན་དུང་འདི། །རྐང་མཛུབ་གཉིས་ལ་ཚིགས་བཅུ་གསུམ། །མི་རབས་བཅུ་གསུམ་བར་དག་ཏུ། །མི་ཡི་རྐང་པ་ཚུགས་པར་གྱིས། །རྗེ་ངར་རུས་པས་དགྲ་འདྲེ་གནོན། །བླ་རུས་ས་ལྕགས་མ་བུ་སྤྱད། །བུ་ཚ་བླ་དྲག་སྐྱེ་བར་ཤོག །སྒལ་ཚིགས་མཆོག་མ་ཆུ་ཡི་མཁར། །མི་མཐའ་ཆུ་


CMR035_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བས་རིང་བར་ཤོག །དེ་སྟེང་སྒལ་ཚིགས་མེ་ཡིན་ཏེ། །དབང་ཐང་མེ་ལྟར་འབར་བར་ཤོག །དེ་སྟེང་སྒལ་ཚིགས་ས་ཡི་མཁར། །དབང་ཐང་ས་ལྟར་རྒྱས་པར་མཛོད། །དེ་གོང་སྒལ་ཚིགས་ཤིང་གི་མཁར། །མི་གྲངས་ཤིང་བས་མང་བར་ཤོག །དེ་འོག་སྒལ་ཚིགས་ལྕགས་ཀྱི་ཁམས། །མི་སྲོག་ལྕགས་བས་སྲ་བར་ཤོག །དེ་གོང་སྒལ་ཚིགས་རླུང་གི་མཁར། །ཁྲི་འཕང་རླུང་བས་མཐོ་བར་ཤོག །དེ་གོང་སྒལ་ཚིགས་ཕ་སྤུན་ནོན། །ཕ་སྤུན་གོང་དུ་མ་ཤོར་ཅིག །དེ་གོང་སྒལ་ཚིགས་ཕ་མཚུན་བཞུགས། །ཕ་མཚུན་དགྲ་ལ་མ་ཕྱོགས་ཤིག །དེ་གོང་སྒལ་ཚིགས་ལེ་གུ་གནས། །ལེ་གུ་ལྷ་ལ་གནས་པར་ཤོག །དེ་གོང་སྒལ་ཚིགས་མ་མཚུན་གནས། །མ་མཚུན་གནས་ཡུལ་བདེ་བར་ཤོག །དེ་གོང་སྒལ་ཚིགས་དགྲ་བླའི་མཁར། །དགྲ་བླས་དགྲ་སྲི་ཐུབ་པར་མཛོད། །དེ་གོང་སྒལ་ཚིགས་ཡུལ་འདྲེ་ཕུད། །སྐག་སྲི་ཡུལ་འདྲེ་བུད་པར་ཤོག །དེ་གོང་སྒལ་ཚིགས་ཚེ་རིང་མཁར། །མི་ཚེ་མཐའ་རུ་ཕྱིན་པར་ཤོག །དེ་གོང་སྒལ་ཚིགས་གྲོགས་ཀྱི་མཁར། །ལོངས་སྤྱོད་ནོར་གྱི་རུ་མ་ཚུགས། །དེ་གོང་སྒལ་ཚིགས་མི་གྲངས་


CMR035_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །མི་གྲངས་མཐའ་ནས་རྒྱས་པར་ཤོག །དེ་གོང་སྒལ་ཚིགས་སྲིན་པོ་འདུལ། །སྲིན་པོའི་གྲོང་ཁྱེར་འཇོམས་པར་ཤོག །དེ་གོང་སྒལ་ཚིགས་རྨང་འདྲེ་འདུལ། །རྨང་འདྲེ་རྩད་ནས་ཐུལ་བར་ཤོག །དེ་གོང་སྒལ་ཚིགས་སྒང་དྲུག་རྒྱས། །མི་ནོར་སྒང་དྲུག་རྒྱས་པར་ཤོག །དེ་གོང་སྒལ་ཚིགས་འགག་པ་ཁྲོལ། །མི་གྲངས་མཁར་བུ་མཐོ་བར་ཤོག །དེ་གོང་སྒལ་ཚིགས་རྟག་བདུད་ཐུལ། །དེ་གོང་སྒལ་ཚིགས་ཀླུ་གཡང་ཕོབ། །དེ་གོང་སྒལ་ཚིགས་ས་གཡང་ཕོབ། །དེ་གོང་སྒལ་ཚིགས་དམུ་གཡང་ཕོབ། །དེ་གོང་སྒལ་ཚིགས་ལུག་གཡང་ཕོབ། །དེ་གོང་སྒལ་ཚིགས་རྟ་གཡང་ཕོབ། །དེ་གོང་སྒལ་ཚིགས་ཟས་གཡང་ཕོབ། །དེ་གོང་སྒལ་ཚིགས་ཕ་ཆོས་མཁར། །ཕ་མཚན་ཆོས་སྲིད་མཐོ་བར་ཤོག །ཉི་ཤུ་རྩ་བརྒྱད་ལྷ་ཡི་མཁར། །ལྷ་མི་སྐྱབས་འོག་ཚུད་པར་ཤོག །རྐེད་ཚིགས་བཞི་པོ་ཐར་ལམ་སྐས། །ཚེ་འདས་ཐར་ལམ་ཐོབ་པར་ཤོག །ཀླད་ཕོར་བདེ་ཆེན་དུང་གི་གུར། །མི་ནོར་རྒྱས་ཤིང་བདེ་བར་ཤོག །ལག་སོར་གཡས་རྒྱུད་ཆེ་རྒྱུད་འཕེལ། །ལག་ངར་གཡོན་པས་ཆུང་རྒྱུད་འཕེལ། །དཔུང་རུས་དགྲ་འདྲེ་དཔུང་གིས་ཐུལ། །


CMR035_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སོག་མགུལ་ཕྲ་བས་ཕྱི་དགྲ་ཐུལ། །སོག་སྤྲུལ་དྲང་བས་དམུ་ཐག་སྐྱོངས། །སོག་པའི་མེ་ལོང་ལྷ་ཞལ་དཀར། །སོག་ཀ་ཡངས་པ་བསྐྱེད་འཕང་མཐོ། །ལག་ཚིགས་གཡོན་པས་མོ་དཔལ་བསྐྱེད། །ལག་པ་གཡོན་པས་ཆུང་རྒྱུད་སྐྱེད། །དཔུང་རུས་གཡོན་པས་ཆ་ལག་རྒྱས། །སོག་མགུལ་གཡོན་པས་དགྲ་འདྲེ་བརྡུང་། །སོག་སྒང་དཀར་པོས་དགྲ་འདྲེ་ཐུལ། །མན་རུས་རྒྱ་ཟོར་ཤི་སྒབ་གཅོད། །རུས་པ་དཀར་པོ་འབྱུང་བ་ལྕགས། །དེ་རིང་ས་ལྕགས་མ་བུ་སྤྲད། །ས་ལྕགས་མ་བུ་སྤྲོད་པ་དེ། །ཡོན་བདག་མི་གྲངས་འཕེལ་བ་དང་། །ཤི་སྒབ་དུར་སྒོ་ཆོད་པར་ཤོག །ན་ཚ་གོད་རྐྱེན་མེད་པ་དང་། །ལྷ་སྒོ་གཡང་སྒོ་བྱེ་བར་ཤོག །ཤི་སྒོ་གོད་སྒོ་ཆོད་པར་ཤོག །དཔལ་སྒོ་སྲིད་སྒོ་བྱེ་བར་ཤོག །མི་ནོར་བསྟན་པ་མཐའ་རྒྱས་ཤིང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །རུས་པ་འདི་ཡི་ཕྱི་རྒྱུད་ལ། །ཕ་མེས་གཡང་གི་བཀྲ་ཤིས་ཤོག །མ་ཕྱི་མཚུན་གྱི་བཀྲ་ཤིས་ཤོག །ས་གཞི་མ་ཡིན་བཀྲ་ཤིས་ཤོག །རུས་པ་བུ་ཡིན་བཀྲ་ཤིས་ཤོག །མ་བུ་འབྲེལ་བའི་བཀྲ་ཤིས་ཤོག །ས་མིག་བཟང་པོའི་བཀྲ་ཤིས་ཤོག །བང་


CMR035_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་མི་ཡི་བཀྲ་ཤིས་ཤོག །འབྲུ་མཛོད་ཟས་ཀྱི་བཀྲ་ཤིས་ཤོག །ཕྱི་མཛོད་ནོར་གྱི་བཀྲ་ཤིས་ཤོག །རྒྱབ་རི་ལྷ་རིའི་བཀྲ་ཤིས་ཤོག །མདུན་རི་དཔལ་གྱི་བཀྲ་ཤིས་ཤོག །གཡས་གསུམ་ཕོ་ལ་བཀྲ་ཤིས་ཤོག །གཡོན་གསུམ་མོ་ལ་བཀྲ་ཤིས་ཤོག །དེ་ལྟར་བཀྲ་ཤིས་བཅུ་གསུམ་འདིའི། །མི་རབས་བཅུ་གསུམ་གྱི་བར་དུ་བརྟན་ཅིང་མཐའ་རུ་ཕྱིན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་བཀྲ་ཤིས་གང་ཤེས་བརྗོད། །གཞོན་དུར་ཡིན་ན་ཤི་སྒབ་གཅོད་པའི་ཕྱིར། །སྤར་ཁ་གང་གི་ཐོག་ཏུ་ཤི་བ་ཡི། །སྤར་ཁའི་ཕྱག་རྒྱ་བྲིས་པས་སྟེང་ན་བཀབ། །དེ་ནས་ས་ཡིས་ལེགས་པར་དབྱིབས་བྱེད་དེ། །ལེགས་པར་བཅག་ལ་སྤང་གི་གྲས་མཚམས་བསྒྲིགས། །རྩྭ་ཕྱེ་བཏབ་ལ་སྡུད་མོས་ལེགས་པར་བསྡུས། །འཕྲལ་དུ་མི་གཞན་གྱིས་ཀྱང་མི་མངོན་བྱ། །ས་དཔལ་བཟང་ཞིང་ལྷ་འདྲེ་འཇམ་པའི་སར། །དེ་ལྟར་དཀར་རྩི་ལེགས་པར་བཏབ་བྱས་ན། །ཚེ་འདས་དེ་ཡི་མི་རྒྱུད་རུས་དང་རིགས། །མི་རབས་བཅུ་གསུམ་བར་དུ་བཙན་ཕྱུག་དར། །དེ་ནི་འཇམ་དཔལ་དབྱངས་ཀྱི་དགོངས་པ་ཡིན། །བྱེ་མ་ལག་ཁྲིད་རུས་མཁར་རིན་ཆེན་ཕྲེང་། །གཞན་ཡང་ས་གཞུང་གདམས་པ་མང་པོའི་བཅུད། །སྔོན་གྱི་ས་མཁན་མཁས་པའི་ཕྱག་ཁྲིད་རྣམས། །གཅིག་བསྡུས་གོ་བདེ་ཉུང་འདུས་ཁྱེར་བདེ་འདི། །ཨ་ནུ་སྔགས་འཆང་བཛྲ་མིང་ཅན་གྱིས། །དར་དཀར་མཎྜལ་


CMR035_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཞུས་པའི་ངོར། །མ་འོངས་འགྲོ་ལ་ཕན་པའི་སེམས་བསྐྱེད་ནས། །སྙིགས་དུས་ཧྭ་ཤང་རཱ་གའི་མིང་ཅན་གྱིས། །ངག་ནས་སྨྲས་པ་ཅི་བཞིན་གླེང་རིགས་ཀྱི། །དགེ་བཤེས་པདྨ་དད་པས་ཡི་གེར་བཀོད། །འགལ་འཁྲུལ་བྱུང་ན་འབྱུང་བའི་ལྷ་ལ་བཤགས། །དགེ་བས་མ་འོངས་འགྲོ་བ་དཔག་མེད་ལ། །བཀྲ་ཤིས་བདེ་ལེགས་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམི་རབས་བཅུ་གསུམ་གྱི་རྟེན་དུར་དཀར་རྩི་སྐུང་ཐབས་གཞུང་རྣམས་དང་རུས་མཁར་རིན་ཆེན་ཕྲེང་བའི་དོན་བསྡུས།next