Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousདུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་།next

དུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་།


CMR035_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་ཞེས་བྱ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR035_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཕྱི་རབས་འགྲོ་ལ་ཕན་པའི་ཕྱིར། །དུར་གྱི་སྤོ་ཆོག་གསལ་བཀོད་འདི། །འཇམ་དབྱངས་རིགས་ལྔས་བཀའ་གནང་སྩོལ། །དུར་ས་མ་འཕག་མ་ཡག་དང་། གཞན་གྱི་དུར་རོགས་མ་ཚུད་ཅིང་། གསོན་པོས་ཕྲག་དོག་བྱུང་བ་སོགས། གལ་ཆེན་དུར་ས་སྤོ་དགོས་བྱུང་བ་ན། །བླ་བྱང་གསལ་ཤིང་བཟང་པོ་ལ། །ཤིང་བྱང་རྩེ་ལ་ནོར་བུ་དང་། །དེ་འོག་ཉི་ཟླ་སྐར་གསུམ་བྲི། །དེ་འོག་བུམ་པ་དེ་འོག་ལྗོན་ཤིང་དང་། དེ་འོག་པདྨ་འདབ་བརྒྱད་བྲི། རྒྱབ་ཏུ་རིགས་གསུམ་མགོན་པོའི་སྙིང་པོ་དང་། ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་བྲི། །རྒྱས་པར་ཤིང་བྱང་དཔེའུ་རིས་ལྟར་བྲིས། །དེ་ནི་དུར་གྱི་སྟེང་དུ་བཙུགས་ལ་བྲན། །དང་པོ་ཕ་མཚུན་བཀྲ་མཚུན་བྱུང་ཚུལ་ནི། །


CMR035_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། དང་པོ་སྲིད་པའི་སྔོན་རོལ་དུ། །འབྱུང་བ་ཆགས་པའི་གཞི་མ་ལ། །རྫིང་རློན་ངེད་ཀྱི་དཀྱིལ་དུ་ནི། །འབྱུང་བ་ཆུ་ཡི་དཀྱིལ་འཁོར་ཆགས། །ཆུ་ཡི་རྒྱ་མཚོའི་དཀྱིལ་འཁོར་དུ། །དབང་ཆེན་གསེར་གྱི་ས་གཞི་སྲིད། །དབང་ཆེན་གསེར་གྱི་ས་གཞི་འདི། །ལྷ་དང་མི་ཡི་བསོད་ནམས་ལས། །རང་བཞིན་ལྷུན་གྲུབ་ས་གཞི་འཁྲུངས། །རི་རབ་རྫིང་གི་གཞི་སྟེང་ན། །ལྷ་གནས་གྲུབ་པའི་ཕོ་བྲང་སྲིད། །འོད་གསལ་ལྷ་ཡི་གདུང་རྒྱུད་ལ། །གླིང་བཞི་མི་རྣམས་སོ་སོར་སྲིད། །ཤར་ཕྱོགས་གླིང་ནི་ལུས་འཕགས་གླིང་། །སྒོ་ང་ལས་སྐྱེས་མ་རྣམས་


CMR035_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད། །ལྷོ་ཕྱོགས་གླིང་ནི་འཛམ་བུ་གླིང་། །མངལ་ལས་སྐྱེས་པའི་སེམས་ཅན་སྲིད། །ནུབ་ཕྱོགས་གླིང་ནི་བ་གླང་སྤྱོད། །དྲོད་གཤེར་ལས་སྐྱེས་སེམས་ཅན་སྲིད། །བྱང་། ཕྱོགས་གླིང་ནི་སྒྲ་མི་སྙན། །བརྫུས་ཏེ་སྐྱེས་པའི་སེམས་ཅན་སྲིད། །སྐྱེ་གནས་བཞི་ཡི་སེམས་ཅན་རྣམས། །མི་དང་ལྷན་ཅིག་སྐྱེས་པ་ལ། །ལྷ་སྲུང་གཉེན་པོའི་མཚན་གསོལ་བ། །དེ་ལ་མཚུན་ཞེས་གྲགས་པ་ཡིན། །ཤར་ཕྱོགས་སྒོང་སྐྱེས་ནུབ་ཕྱོགས་དྲོད་ལས་སྐྱེས། །བྱང་ཕྱོགས་བརྫུས་ལས་སྐྱེས་པའི་མི་གསུམ་ཡང་། །སྔོན་གྱི་སྦྱིན་པའི་འབྲས་བུ་མ་ཟད་པས། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས་ན་ཡང་། །སྦྱིན་བཏང་འབྲས་བུའི་འཕྲོ་ནི་ཆད་པའི་དུས། །བླ་ཤིང་ཆག་སྐམ་བླ་གནས་སེམས་ཅན་ཤི། །དེ་དུས་ཤི་བསམ་སྡུག་བསྔལ་དཔག་མེད་ཡོད། །འབྱུང་ལྔའི་ལུས་བརྗེས་ཚེ་དུས་བྱས་པ་རྣམས། །རྟེན་འབྲེལ་ས་འདི་དར་སྲོལ་ཡོད་མི་སྲིད། །ལྷོ་ཕྱོགས་འཛམ་བུ་གླིང་གི་མངལ་སྐྱེས་རྣམས། །སྔོན་བསགས་སྦྱིན་བཏང་འབྲས་བུ་ཡོད་མེད་རྣམས། །བསོད་ནམས་བཙན་དྲག་ཁས་ཉན་ཕྱུག་དབུལ་མང་། །ལུས་ཀྱི་བདེ་སྐྱིད་ན་ཚ་དཀོན་མོད་དང་། །ཚེ་ཡི་རིང་


CMR035_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ལ་སོགས་ཁོད་མི་སྙོམས། །དགྲ་རྐུན་ཇག་གསུམ་ཚེ་ལ་བར་ཆད་མང་། །དེ་རུ་སྐྱེས་པའི་མི་རྣམས་ཤི་བའི་ཚེ། །རྟེན་འབྲེལ་ས་ལ་འདེབས་སྲོལ་ཡོད་སྲིད་པས། །དང་པོ་ས་ལ་བཏབ་པའི་དུས། །བླ་ཡིད་ས་ལ་ཆགས་པ་ཡིན། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །མ་ཡི་ལྷུམས་སུ་ཞུགས་པའི་ཚེ། །མ་ལྷ་རྩེ་དཀར་ཞེས་ཀྱང་བྱ། །ཡུམ་གྱི་ལྷུམས་སུ་བཙས་པའི་ཚེ། །ཚེ་རྫི་སྲོག་སྐྱོབ་ཅེས་ཀྱང་བྱ། །ལུས་པོ་ན་རུ་རྫོགས་པའི་དུས། །ཕ་ལྷ་མ་རྫི་ཞེས་ཀྱང་བྱ། །སྐྱེས་བུས་དགྲ་ལ་རྒོལ་བའི་ཚེ། །དགྲ་ལྷ་གཉན་པོ་མཚན་དུ་གསོལ། །ཚེ་ལྷ་མགོན་དང་སྤྱོད་པའི་ཚེ། །ཚེ་སྲོག་གཉན་པོ་མཚན་དུ་གསོལ། །མི་ཡི་ཟས་ནོར་སྤེལ་བའི་ཚེ། །ནོར་ལྷ་རྨ་གཡང་ཞེས་སུ་གསོལ། །ལུས་ཀྱི་འཁོར་སྲུང་བྱེད་པའི་ཚེ། །ལུས་ལྷ་འཚོ་བྱེད་ཅེས་སུ་གསོལ། །ལུས་ཀྱི་འབྱུང་བཞི་ཞིག་པའི་ཚེ། །ཕ་མཚུན་གཉན་པོ་ཞེས་སུ་གསོལ། །བཀྲ་མཚུན་གཉན་པོ་ཞེས་སུ་གསོལ། །ལྷ་མཚུན་གཉན་པོ་ཞེས་སུ་གསོལ། །བུ་རྒྱུད་སྤེལ་བའི་རྩ་དཀར་ཡིན། །བུ་དང་ཚ་བོ་ཡང་ཚ་ལ། །མི་རབས་གསུམ་གྱི་ལྷ་སྲུང་ཡིན། །མི་


CMR035_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རབས་དགུ་ཡི་ཕྲག་ལྷ་ཡིན། །མི་ནོར་སྤེལ་བའི་རྨ་གཡང་ཡིན། །འབྲས་དྲུག་སྤེལ་བའི་གྲོགས་ལྷ་ཡིན། །བྱེས་སུ་ཆས་པའི་བྱེས་ལྷ་ཡིན། །མི་ནོར་བཀྲག་མདངས་རྒྱས་པ་ཡིན། །སྤུ་མཚུན་སྐྱེད་པའི་དགྲ་བླ་ཡིན། །བུ་རྒྱུད་མི་རྒྱུད་འཚོ་རྫི་ཡིན། །ཕ་མཚུན་མ་མཚུན་མགོན་བྱེད་གཉེན་པོ་ཡིན། །ཀྱཻ། སྲིད་པ་དེ་ལ་དཔེ་བླངས་ནས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་འདས་རྒེ་མིང་སྨོས་དང་། །འབྱུང་བ་བཞི་ཡི་ལུས་པོ་འགྱེལ། །ཚེ་ཡི་འདུ་བྱེད་ཞིག་པ་ལ། །རྗེས་ཤུལ་གསོན་པོ་བཀྲ་ཤིས་ཕྱིར། །སྔགས་འཆང་བདག་ཉིད་བྱོན་ནས་ནི། །ང་ནི་སྟོན་པ་རྩིས་མཁས་ལ། །དགོས་པའི་ཡོ་བྱད་མང་པོ་བསགས། །གཤེད་ཁ་འདྲེ་ཁ་ལས་དང་ཕྲལ། །གཏད་ཡོར་ཚོགས་བསགས་མང་པོ་བྱས་། །རྗེས་ཤུལ་མི་རྣམས་བཀྲ་ཤིས་དང་། །འབྱོར་པ་ཕུན་སུམ་ཚོགས་པ་དང་། །ཚེ་འདས་མཐོ་རིས་ཐར་ལམ་གྱི། །བར་ཆད་ཐམས་ཅད་སེལ་བ་དང་། །བླ་ཡིད་སེམས་གསུམ་བདེ་བའི་ཕྱིར། །བཀྲ་ཤིས་ས་ལ་བཏབ་པ་ཡིན་ན་ཡང་། །དུར་ས་འདི་ལ་སྲོག་ལུས་དབང་ཐང་ལ། །དགྲ་འཕྲད་བར་ཆད་འདུག་པས་རོགས་མ་ཚུད། །དེ་ཕྱིར་


CMR035_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་དགོས་བྱུང་བ་ཡིན། ཟེར་བའམ། །དུར་ས་འདི་ལ་རོགས་ཚུད་ཀྱང་། །གསོན་པོས་བླུན་རྨོངས་ཕྲག་དོག་བྱས་ནས་ཀྱང་། །དུར་ས་འདི་རུ་ཆགས་མ་བཅུག །དེ་དོན་སྤོ་དགོས་བྱུང་འདུག་པས། །ཟེར་བའི་ཚིག་ཁ་བསྒྱུར། དུར་ས་དེ་ཉིད་མ་ཡག་ནས། །བླ་ཡིད་སེམས་གསུམ་མ་བདེ་མ་ཆགས་པས། །གསོན་ལ་འཁོར་ནས་གསོན་གྱིས་མ་ཆགས་ནས། །མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་། །འཕྲལ་རྐྱེན་མང་དུ་བྱུང་བ་ལ། །བླ་ཡིད་འདི་རུ་མ་གནས་པར། །བླ་ཡིད་བདེ་བར་སྤོས་ན་བཟང་འདུག་པས། །ཡུལ་པའི་ཁང་ཁྱིམ་མ་བདེ་སྤོ་བ་བཞིན། །དེ་རིང་དུར་སའི་བླ་ཡིད་སྤྲོ་བར་བྱ། །འབྲོག་པའི་མཚེར་ས་མ་བཟང་སྤོ་བ་བཞིན། །དེ་རིང་དུར་སའི་བླ་ཡིད་སྤྲོ་བར་བྱ། །འབྲོག་པ་མཚེར་ས་བཟང་ཡང་རུ་རོགས་མ་ཚུད་ནས། །འཁོན་ཐབས་ཆགས་སྡང་སྤངས་ཕྱིར་གང་བདེར་སྤོ་བ་བཞིན། །དེ་རིང་དུར་ས་འདི་ཡི་བླ་ཡིད་སྤྲོ་བར་བྱ། །དོན་གྱི་བླ་ཡིད་ནི་བྱང་བུ་ལ་བསྟིམ་ཞིང་། དུར་ས་ཡག་ཀྱང་དུར་རོགས་མི་ཚུད་དོན། །སྲོག་ལུས་དབང་ཐང་འབྱུང་བའི་དགྲ་བྱུང་ནས། །དུར་རོགས་མི་ཚུད་ཟེར་བ་དེ་ཡི་དོན། །དགྲ་འཕྲད་དགྲ་ལ་བྱོལ་བ་


CMR035_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །བླ་ཡིད་བླ་བྱང་ནོར་བུ་འདི་ལ་སྤྲོ། །དགོས་འདོད་ཅི་བསམ་ལྷུན་གྱིས་གྲུབ་པར་ཤོག །དུར་རོགས་དབང་ཐང་གྲོགས་ནི་བཟང་གྱུར་ཀྱང་། །གསོན་པོས་བླུན་རྨོངས་ཕྲག་དོག་བྱས་ནས་ཀྱང་། །དུར་སའི་བླ་ཡིད་ཆགས་པར་མ་བཅུག་པས། །བླུན་རྨོངས་ཕྲག་དོག་གདུག་པ་ཞི་བའི་ཕྱིར། །བླ་བྱང་འདི་ལ་སྤོ་ཙམ་བརྡའ་མཚོན་བྱ། །དུར་སའི་བླ་ཡིད་མ་འཁྲུགས་བརྟན་པར་བཞུགས། །ས་རྡོ་སྤོ་བས་ས་གླུད་རྡོ་གླུད་ཡིན། །དེ་བས་བློ་ཡིད་མ་འཁྲུགས་བརྟན་པར་བཞུགས། །གསོན་གྱི་མགོན་སྐྱབས་མ་འཁྲུགས་ཤིག །དེ་ནས་དུར་ས་ངན་པ་སྤོ་བ་ལ་འདི་འདོན། དུར་ས་ཤིན་ཏུ་མ་ཡོག་སྤྲོ་དགོས་དོན། །ལྷ་འདྲེའི་ལམ་སྲང་གཉན་པོ་ཐུག་གྱུར་ན། །དུར་སའི་བླ་ཡིད་བླ་བྱང་ཉི་ཟླར་སྤོ། །ས་བདག་དུར་གྱི་རྒྱུ་སྲང་ཐུག་གྱུར་ན། །དུར་སའི་བླ་ཡིད་བུམ་པ་འདི་ལ་སྤོ། །ལྗོན་ཤིང་འདམ་དང་རློན་ཚད་ཐུག་གྱུར་ན། །དེ་ཕྱིར་གསོན་པོ་ཇེ་ངན་ཇེ་ཆུང་འགྲོ། །དེ་བས་དུར་སའི་བླ་ཡིད་ལྗོན་ཤིང་འདི་ལ་སྤོ། །བཙན་བདུད་ཀླུ་ཡི་གནས་སུ་ཐུག་གྱུར་ན། །འཕྲལ་རྐྱེན་མི་དགེ་སྣ་ཚོགས་འབྱུང་བས་ན། །དུར་སའི་བླ་ཡིད་བླ་བྱང་འདི་ལ་སྤོ། །ཕ་མཚུན་མ་མཚུན་


CMR035_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཚུན་གསུམ། །ཉི་ཟླ་སྐར་གསུམ་འདི་ལ་སྤོ། །ཚེ་ཡི་བུམ་པར་རྟེན་ཆོས་ལ། །པདྨ་འདབ་བརྒྱད་གདན་ལ་བཞུགས། །དེ་ནས་ས་འདྲེ་ས་སྲིན་དུར་གྱི་འདྲེ་སྲིན་རྣམས་ལ་ངར་མི་ཆངས་བུ་ཏིང་ལོ་གཅིག་བཤམས་ལ། བླ་གླུད་ལ་ངར་མི་གཅིག་གི་གཡས་གཡོན་དུ་བླ་ལུག་བླ་ར་ཆངས་བུ་ཏིང་ལོ་མར་མེ་གཅིག་བཤམས་ལ། དང་པོ་ས་འདྲེ་ས་སྲིན་དུར་འདྲེ་བཀར་བ་ནི། རང་ཉིད་བྱ་ཁྱུང་དུ་བསྒོམས་ལ། བདེན་སྟོབས་ལན་གསུམ་བརྗོད་ལ་འདི་སྐད་དོ། །རང་སེམས་ཁྲོ་ལས་ཡེ་ཤེས་བྱ་ཁྱུང་ནི། །དམར་ནག་མེ་ཡི་གཤོག་རྩལ་མཆུ་སྡེར་བསྒྲད། །རལ་གྲི་གཤོག་པ་ཆུ་གྲིའི་རྐང་པ་ཅན་། །ཡེ་ནས་དམ་ཡེ་དབྱེར་མེད་ཉིད་དུ་གསལ། །བདེན་སྟོབས་ནི། ཧཱུྃ། དཀོན་མཆོག་རྩ་གསུམ་བདེན་པ་དང་། །བྱ་ཁྱུང་རྒྱལ་པོའི་མཐུ་སྟོབས་ཀྱིས། །ས་འདྲེ་ས་སྲིན་དུར་སྲི་དུར་འདྲེ་རྣམས། །སྐད་ཅིག་ངར་མི་འདི་ལ་མྱུར་དུ་ཁུག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད། ཨོཾ་ཨ་ཀཱ་རོ་སོགས། ཧཱུྃ། བཀའ་དང་དམ་ལ་མི་གནས་གདུག་པ་ཅན་། །ནག་པོའི་ཕྱོགས་གྱུར་ཀླུ་སྲིན་ས་སྲིན་དང་། །བྲག་སྲིན་ལ་སོགས་དུར་འདྲེ་དུར་སྲི་རྣམས། །མཆོད་སྦྱིན་གླུད་གཏོར་ངར་མི་འདི་ཁྱེར་ལ། །འདི་རུ་མ་འཚེ་མྱུར་བ་ཉིད་


CMR035_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དེངས། །ཁྲོ་ག་རུ་ཊ་སོ་མ་ཡ་ཕཊ༔ བགེགས་བསྐྲད། གླུད་གཏོར་ཚེ་འདས་ལོ་བདུད་སྟེང་དུ་དོར། དེ་ནས་མཚམས་བཅད་སྲུང་འཁོར་བསྒོམ། དེ་ནས་བུམ་པའི་རྔ་ཡབ་ཀྱིས་ཁྲུས་ཆུ་གཏོར་ལ་ཁྲུས་བྱ་བ་ནི། ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །དུག་ལྔ་དུག་གསུམ་སྒྲིབ་པ་ལ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བླ་གླུད་བྲན་ལ།་ཧཱུྃ། ཚེ་འདས་བླ་ཡིད་འདི་དག་ལ། །འཁོར་ཞིང་འཁྲི་བའི་བླ་ཁྱེར་རྣམས། །ལྷ་སྲིན་སྡེ་བརྒྱད་གང་ཡིན་རྣམས། །གསོན་གྱི་བླ་གླུད་མ་ཡིན་ཏེ། །གཤིན་གྱི་བླ་ལུག་བླ་ར་གླུད་རྣམས་འབུལ། །ཚེ་འདས་བླ་ཡིད་སེམས་གསུམ་ལ། །མ་འཁོར་མ་འཁྲི་མ་འབྲང་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས། བཟླས་ལ་ཚེ་འདས་ལོ་བདུད་ཕྱོགས་སམ་ཆུ་ལ་དོར། སྟེང་འོག་ཕྱོགས་མཚམས་བྱ་ཁྱུང་གིས་གང་བར་གྱུར། བཛྲ་རཀྵ་རཀྟ། མཚམས་བཅད་སྲུང་འཁོར་བྱས། ཡང་ཕྱེ་མར་ཇ་ཆང་འོ་ཞོ་ཤ་ཐུད་རྣམས་ཕོར་བ་ནང་དུ་བཞག །དར་རས་སྣམ་བུ་སོགས་ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་དང་ཕ་མཚུན་མ་མཚུན་བཀྲ་མཚུན་སོགས་ལ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ། ཧཱུྃ། ཕ་མཚུན་མ་མཚུན་བཀྲ་མཚུན་དང་། །


CMR035_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་བླ་ཡིད་སེམས་གསུམ་ལ། །འབྲུ་ཡི་བཅུད་བསྡུས་སྐྱེམས་ཕུད་ཆང་། །སྐོམ་གྱི་སྡུག་བསྔལ་སེལ་ཕྱིར་འབུལ། །ཤིང་ཁུ་བཅུད་བསྡུས་ཡུ་མར་ཇ། །དབང་པོའི་ཡུལ་རྣམས་ཚིམ་པའི་ཕྱིར། །ཞོ་ནི་སྐྱུར་མཆོག་ཡིད་དུ་འོང་། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །འོ་མ་མདངས་ལྡན་བཏུང་བའི་མཆོག །ལུས་ཀྱི་བཅུད་རྣམས་གསོ་བའི་ཕྱིར། །མཚུན་དང་བླ་ཡིད་རྣམས་ལ་འབུལ། །ཤ་མར་ཐུད་ནི་ཟས་ཀྱི་མཆོག །བཀྲེས་པའི་སྡུག་བསྔལ་སེལ་ཕྱིར་འབུལ། །འབྲུ་མཆོག་བཏག་པའི་ཕྱེ་མར་འདི། །མེ་ལ་བསྲེགས་ལ་གསུར་གྱིས་མཆོད། །མཚུན་དང་བླ་ཡིད་སེམས་གསུམ་ཚིམ། །བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག །གསུར་གྱི་དྲི་མའི་དུད་པ་འདིས། །ཕ་མཚུན་མ་མཚུན་དགྲ་བླ་དང་། །བླ་ཡིད་སེམས་གསུམ་རྣམས་ལ་འབུལ། །དུག་གསུམ་རང་སར་དག་པར་ཤོག །དར་རས་སྣམ་ཕྱིང་གོས་ཀྱི་མཆོག །ཚ་གྲང་སྡུག་བསྔལ་ཞི་བར་ཤོག །ཅེས་གསུར་ཆེན་པོ་བྱས་ལ་འདི་སྐད་དོ། །འོ་ཚེ་འདས་བླ་ཡིད་སེམས་གསུམ་ལ། །གནམ་བགོས་པའི་སྐལ་པ་སྤྱི་བོ་གང་ཡོད། །ས་བགོས་པའི་སྐལ་པ་རྐང་མཐིལ་གང་


CMR035_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་། ཁྱོད་ཀྱི་རྗེས་སུ་ཡོད་པའི་བུ་དང་ཚ་བོ་རྣམས་ཀྱིས། ཡར་བླ་མ་དགེ་འདུན་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ། ཕྱིར་ལོང་སྤྲང་ལ་སྦྱིན་པ་བཏང་། ཡུལ་མི་ཁྱིམ་མཚེས་ལ་ཕ་ཤི་ཆོས་སྟོན་བྱས། ང་ས་མཁན་གྱིས་ཁྱོད་འདུག་སའི་ས་སྒོ་བཟང་པོ་ལ་ཡང་འདེབས། གཤེད་ཁ་འདྲེ་ཁ་ཡང་ཕྲལ། གཏད་ཡར་དང་ཚོགས་བསགས་མང་པོ་ཡང་བྱས། །ང་སྟོན་པ་རྩིས་མཁན་ལ་ཡོན་བཟང་པོ་ཡང་ཕུལ། དགོས་པའི་ཡས་སྟགས་བཟང་པོ་ཡང་བསགས། དེ་ཕྱིར་ཁྱོད་དུར་ས་སྤོ་བ་ལ་ཀོ་ལོང་རུ་ང་ཕྲག་དོག་ཡང་མ་བྱེད་ཅིག །ལ་ཁ་ལ་བཙན་དང་རྟ་མ་རྒྱུག་ཅིག །ལུང་ཁུང་ན་བདུད་དང་ཤོ་མ་འགྱེད་ཅིག །ལྷ་སྲིན་མང་པོ་འཚོགས་དུས་སུ་ཁ་རྒྱལ་དང་ཆོ་ལོ་མ་རྩོད་ཅིག །ལྷ་འདྲེ་དང་བང་ཁ་མ་འགྱེད་མ་ཅིག །བུ་ཚ་བོ་ལྷུག་ལ་མ་བཞག་ཅིག །མནའ་མ་མི་ཁ་ལ་མ་རྒྱག །བེའུ་ལུག་ཚོགས་པོར་མ་འཕེན། ཁྱོད་མ་ཤི་གསོན་པོའི་དུས་སུ་ཡང་ཁས་དྲག་དབང་ཆེན་ཡིན་པས། །ད་ཤི་བའི་དུས་ན་ཡང་། བླ་དྲག་གི་གཞུང་བཟང་གཤིན་པོ་ཁྱོད་ཀྱི་ཆོས་བྱེད་པའི་སྡོང་གྲོགས་གྱིས། དགྲ་བཏུལ་བའི་དཔུང་རོགས་གྱིས། ཟོག་བསོགས་པའི་རུ་མ་གྱིས། སྡེ་


CMR035_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི་སྲིད་འཛིན་གྱིས། གཞི་ལ་འདུག་ན་ཁ་འཛིན་གྱིས། བྱེས་སུ་འགྲོ་དུས་དགྲ་ལྷ་གྱིས་ཤིག །དེ་ནས་བསྲེག་དུར་ཡིན་ན་ཐལ་སོལ་བསྡུས་ལ་སྣོད་དུ་བླུག ས་རྡོ་ཡང་བསྡུས་ནས་ཁྱེར་མ་རག་བྱས་ནས། དམར་དུར་ཡིན་ན་མཆོད་རྡོ་དང་། ས་སྙིང་ཅི་ཡོད་བླངས་ལ་དུར་ཐོག་ནས་ས་ཡང་རིམ་པར་བརྐོས་ནས་སྣོད་དུ་བླུག །དེ་ནས་ཚེ་འདས་ཀྱི་བླ་གདན་འདྲེན་ནས་ཕ་མཚུན་གྱི་ཡུལ་ལ་བསྐྱལ་བ་ནི་འདི་སྐད་དོ།། ཧཱུྃ། སྲིད་རྩེ་མི་སྣང་སྟོང་པ་ལ། །མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །ཚེ་འདས་གཤིན་པོའི་བླ་དེ་ནི། །སྐྱེ་བའི་ཆོ་འཕྲུལ་དེར་སྐྱེས་ནས། །ཡོན་ཏན་སྲུང་མའི་ཚོགས་རྣམས་ཀྱིས། །ཡིད་ཀྱི་སྤྲིན་ལྟར་གཏིབས་ནས་ཀྱང་། །སྐད་ཅིག་ད་ལྟ་མྱུར་བར་བྱོན། །བང་ཡང་གློག་བས་མྱུར་བར་བྱོན། །ཅེས་བརྗོད་ལ། །འོ་ཚེ་འདས་སྒེའི་བླ་འདི་ནི། །སྣང་སྲིད་ལྷ་འདྲེའི་ལག་ནས་བསླུས། །མཚུན་ཡུལ་ཕ་མཚུན་གྲལ་དུ་བཅུག །མཆོད་པས་ཚིམས་ནས་དགའ་ཞིང་མགུ། །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ཅིག གསོན་པོའི་མགོན་སྐྱབས་ནུས་པར་ཤོག །དུར་ས་མི་དམིགས་ཆོས་ཀྱི་དབྱིངས། །ཆོས་ཉིད་སྟོང་པའི་ཀློང་དུ་གཤེགས། །ཆོས་སྐུའི་ཀློང་དེར་རྟེན་ཆོས་ཤིག །བཛྲ་མུཿ


CMR035_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨ་ཀཱ་ཡ། ཅེས་བརྗོད་ལ་ཁྱེར་རོ། །ཐལ་སོལ་ཡིན་ན་གསེར་སྐྱེམས་མཆོད་ནས་ཁྱེར། ༈ དེ་ནས་སྤོ་སར་ཕྱིན་ནས་ས་འབེབས་སམ། ཡང་ན་ས་སློངས་བྱས་ནས། བླ་བྱང་དཀྱིལ་དུ་བཙུགས་ལ་ཐལ་སོལ་ལམ། ས་རྡོ་ས་སྙིང་སོགས་བླུགས་ལ་འདི་སྐད་དོ། །འོ་ཚེ་འདས་ཁྱོད་ཀྱི་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་མེད་པའི་དུར་ས་འདེབས། བཀྲ་རྒན་བཀྲ་ཤིས་པའི་དུར་ས་ལ་བཏབ་པས་བཀྲ་ཡང་ཤིས་སོ། །གནམ་ལ་ཉི་ཟླ་གཟའ་སྐར་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །ས་ལ་རྩེ་འཛིན་དང་འདེབས་ལེན་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །གཤིན་པོ་ལ་དགེ་ཞིང་ཆོས་དང་སྟོན་མོ་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །རྗེས་ཤུལ་ཁ་རྗེ་དབང་ཐང་བསོད་ནམས་དར་རྒྱས་ཕུན་སུམ་ཚོགས་པས་བཀྲ་ཤིས་སོ། །དེ་ནས་སྦས་ཚར་ནས་འབྲུ་འཐོར་ཕ་མཚུན་མ་མཚུན་གང་ཡིན་ཁ་བསྒྱུར་ཤེས་པར་བྱས་ལ་འདི་སྐད་དོ།། ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །བཙན་བདུད་གཉིས་ཀྱི་ལ་ཁ་ན། །བཙན་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་


CMR035_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །ལྷ་བདུད་གཉིས་ཀྱི་ལ་ཁ་ན། །བདུད་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །མ་བདུད་གཉིས་ཀྱི་ལ་ཁ་ན། །སྨན་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །གཟའ་བདུད་གཉིས་ཀྱི་ལ་ཁ་ན། །གཟའ་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །སྲིན་བདུད་གཉིས་ཀྱི་ལ་ཁ་ན། །སྲིན་དང་


CMR035_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །དམུ་བདུད་གཉིས་ཀྱི་ལ་ཁ་ན། །དམུ་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་གཉེན་པོ་ཁྱོད། །ཐེའུ་རང་ནལ་གྱི་ལ་ཁ་དེར། །ཐེའུ་རང་དང་ཆོ་ལོ་མ་འགྱེད་ཅིག །ཐུ་བ་གདན་དུ་མ་བཏིང་ཞིག །བུ་དང་ཚ་བོ་བསྐུག་ལ་མ་བཞག་ཅིག །དབུ་རྨོག་ཤོ་མལ་མ་འཇོག་ཅིག །ཕ་མཚུན་གཉེན་པོ་བརྟན་པར་བཞུགས། །བུ་དང་ཚ་བོའི་མགོན་དང་སྐྱབས་མཛོད་ཅིག །ཀྱཻ། ཕ་མཚུན་དགྲ་བླ་ཕྲག་ལྷ་གསུམ། །ལྷ་ཡི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའི་ན་གྱེན་དུ་བསྟོད། །མཁར་ལྷ་ཁྱིམ་ལྷ་ཞིང་ལྷ་གསུམ། །ལྷ་ཡི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་


CMR035_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཕ་དང་མྱེས་པོ་ཡང་མྱེས་གསུམ། །ཕ་མཚུན་དགྲ་བླ་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །མ་དང་ཕྱི་མོ་ཡང་ཕྱི་གསུམ། །མ་མཚུན་ཁྲི་འཕང་མི་དམའ་སྟེ། གལ་ཏེ་དམའ་ན་གྱེན་དུ་བསྟོད། །རྟ་ལྷ་ལུག་ལྷ་འབྲི་ལྷ་གསུམ། །གཡང་གི་ཁྲི་འཕང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །ཚེ་ལྷ་སྲོག་ལྷ་ཡུལ་ལྷ་གསུམ། །འགོ་བའི་ཁྲི་འཕང་མི་དམའ་ཏེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཁ་རྗེ་དབང་ཐང་མི་དམའ་སྟེ། །གལ་ཏེ་དམའ་ན་གྱེན་དུ་བསྟོད། །ཅེས་བརྗོད་མི་དམིགས་པར་བཞག་གོ །ཞེས་ཡོན་བདག་དུར་ས་མ་ཡག་སྤོ་དགོས་བྱུང་ནས་དུར་གྱི་སྤོ་ཆོག་མེད་པས་ཅི་བྱེད་ཆ་མ་ཆོད་ནས་བསང་དང་སྣང་བརྒྱད་ཉེས་པ་ཀུན་སེལ་སོགས་བརྗོད། དེ་ནས་སྤོས་པས་དེ་ནུབ་འོག་རྟ་གཅིག་ལ་ནད་ཅིག་ཕོག་འདུག་པས། །དེ་ལ་ཇི་ལྟར་བྱས་ཀྱང་མ་ཕན་པར་དེ་ནུབ་རྨི་ལམ་སྐབས་སུ་རལ་པ་ཐོར་ཅོག་དར་དཀར་གྱིས་བཅིང་པ་རས་བཟའ་དཀར་པོ་མནབས་པ་ཞིག་དང་མཇལ། རྣལ་འབྱོར་པ་ཁྱོད་སུ་ཡིན་གང་ནས་བྱོན་ཞུས་པས། ང་ནི་མཁས་པ་དུ་ཧར་ནག་པོ་སྟེ། རྒྱ་ནག་ཡུལ་ནས་བྱོན་པའི་རྣལ་འབྱོར་པ་ཡིན་གསུངས། ཁྱེད་ཀྱིས་རྟ་འདི་ལ་བྱིན་རླབས་ཞིག་མཛོད་ཞུས་པས་བྱིན་རླབས་བྱས་པས་ཕན་པ་མི་འདུག དུར་འདྲེ་


CMR035_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཀར་བའི་གནོད་པ་རེད་དོ་གསུངས། ལགས་སོ་དུར་ས་སྤོ་བ་ལ་ཅི་འདྲ་དགོས་པ་ཡིན་ཞུས་པས། དུར་ལ་གཤིན་གྱི་བླ་ཡིད་འཁོར་བ་ཡིན། །བླ་ཡིད་དེ་ལ་དུར་འདྲེ་བླ་ཁྱེར་འཁོར། །དེ་ཕྱིར་དུར་སྤོ་བླ་ཡིད་སྤོ་བ་ཡིན། །བླ་ཡིད་བླ་བྱང་སྟེང་ནས་སྤྲོ་བ་ཡིན། །དང་པོ་དུར་འདྲེ་གཏོ་གླུད་བཏང་ནས་བཀར། །དེ་ནས་ཁྲུས་གསོལ་བླ་གླུད་ངར་མི་དང་། །བླ་ལུག་བླ་ར་བཏང་ལ་བླ་ཁྱེར་ལྷ་འདྲེ་བཀར། མཚུན་དང་ཚེ་འདས་བླ་ཡིད་ལ། ཟས་བསྔོས་ཕྱེ་མར་འོ་ཞོ་ཤ་ཐུད་སོགས་བསྔོ་བར་བྱ། གསུར་གྱིས་དྲི་ཟ་ཚིམས་ནས་སྤོ་བ་ཡིན། །དེ་ཕྱིར་རྟ་ལ་དུར་འདྲེ་ས་སྲི་ལངས། །གླུད་གཏོར་བཏང་ནས་དུར་འདྲེ་བཀར་ན་ཕན། །གསུངས་པའི་རྨི་ལམ་དེ་འདྲ་བྱུང་བ་ལ། །བདག་གིས་རྒྱུད་ནས་དུར་འདྲེས་བཀར་ཐབས་བྱས། །བགེགས་བསྐྲད་བྱས་པས་དེ་མ་ཐག་ཏུ་ནི། །རྟ་ཡིས་སྤྲུག་སིལ་བྱས་ནས་ཕན་པར་གྱུར། །དེ་ཕྱིར་བདག་ཀྱང་ངོ་མཚར་སྐྱེས་ནས་ནི། །དེ་ཡི་སྤོ་ཆོག་ཨ་རྙེད་བསམ་པ་ལ། །མ་རྙེད་དཔེ་རྒྱུད་ཀུན་ནས་བསྒྲིག་དགོས་བསམ། །དེ་ཡི་ངང་དུ་ལོ་མང་སོང་བའི་དུས། །མེད་པོ་གཅིག་གི་མི་རྒན་ཤི་ནས་འདུག །ཁྱོད་ཀྱིས་དགེ་བ་གྱིས་ལ་དུར་ས་གཅིག་ཏུ་ནི། །ཤི་འཕྲོ་ཆད་དང་སྤྲང་ཟས་རག་པ་ཞིག །འཕེན་རོགས་གྱིས་ཟེར་དགེ་བ་བྱས་ནས་ནི། །དུར་ས་ཡག་པོ་ཞིག་ལ་དུར་རོགས་བྱས་ནས་བཞག །དུར་རོགས་དེ་ཡི་གསོན་པོ་བླུན་རྨོངས་ཀྱིས། །ཕྲག་དོག་བྱས་ནས་དུར་སར་ཆགས་མ་བཅུག །དེ་ཕྱིར་དུར་དེ་སྤོ་དགོས་བྱུང་བ་ལ། །དེ་ལ་བརྟེན་ནས་འདི་ཉིད་བསྒྲིགས་པ་


CMR035_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཁོ་བོས་ཉམས་སྣང་རྨི་ལམ་ལ་བསྟེན་ནས། །ཕྱི་རབས་སྔགས་གསར་ཡོན་བདག་རྐྱེན་ཆེ་འགས། །ཅི་བྱེད་མ་ཚོར་ཨེ་ཕན་སྙམ་འགའ་ལ། །སྤོ་ཆོག་རཱ་ག་ཨ་སྱ་བདག་གིས་བསྒྲིགས། །རང་བཟོ་བརྩམས་ཆོས་སོགས་ནི་མ་ཡིན་ཏེ། །ཚིག་དོན་འདི་ནི་རྒྱལ་བས་གསུངས་པ་བཞིན། །འདི་ནི་མཚུན་བཅོས་བཀྲ་རྒན་གཡང་ལེན་དང་། །མོའུ་འགལ་བུའི་མ་བླའི་ལོ་རྒྱུས་དང་། །བླ་གླུད་བཏང་ཐབས་དུར་འདྲེ་བཀར་ཐབས་དང་། །ཚེ་འདས་བླ་ཡིད་ཕ་མཚུན་བྲལ་སྐྱེལ་དང་། །བླ་གླུད་ཟས་བ།ཏད་སོགས་ཀྱི་དོན་བསྡུས་ཡིན། །རང་བཟོས་བརྩམས་ཆོས་མ་འདྲེས་རྒྱལ་བའི་གསུང་། །འདི་ཉིད་དགེ་བས་ཡོན་མཆོད་མང་པོ་ལ། །ཕན་ཐོགས་རྒྱ་ཆེན་འབྱུང་བའི་རྒྱུར་གྱུར་ཅིག །ཤུ་བྷཾ། ཨེཀ་པཱིཙྪ་རཱ་ཛ་དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདུར་གྱི་སྤོ་ཆོག་གསལ་བའི་མེ་ལོང་།next