Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
གཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousགཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས།next

གཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས།


CMR035_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས་བཞུགས་སོ། །ན་མོ་ཨརྱ་མཉྫ་ཤྲཱི་ཡེ། འབྱུང་བ་ལྔ་དང་བརྒྱད་ཀྱི་དུར། །རོ་རེག་དཀར་ནག་ཤོག་བཀྲ་ཡི། །དོན་བསྡུས་གོ་བདེར་འདིར་བརྗོད་ན། །ཆུང་དུར་ཆུ་ལ་འདེབས་པ་དང་། །རླུང་དུར་བར་སྣང་ཁྲི་བརྩིགས་ནས། །དར་ཟབ་བཀབ་སྟེ་བཞག་པ་དང་། །དེ་ཚོ་རྒྱ་ལ་དར་མོད་ཀྱི། །བོད་དུ་མ་དར་བཤད་མི་དགོས། །མེ་དུར་ཞེས་པ་བསྲེག་པ་སྟེ། །སྤར་ཁ་ལི་དང་དྭར་ཤི་བ། །ཁྱད་པར་བྱ་སྤྲེལ་རྟ་སྦྲུལ་ལོ། །དྭ་ལིར་ཤི་བ་བསྲེག་མི་རུང་། །མེའི་རྟ་སྦྲུལ་ལྕགས་ཀྱི་བྱ་སྤྲེལ་བཞི། །དྭ་ལི་ཤི་ན་ཤིན་ཏུ་ཐུ། །མཛེ་རིགས་ལྷོག་པ་འགོས་ནད་རིགས། །ཤི་བ་རྣམས་ནི་བསྲེག་མི་རུང་། །སྨེ་བ་དཀར་གསུམ་དམར་གཉིས་ཏེ། །ཤི་བ་མ་བསྲེགས་ན་ནི་ལེགས། །རྨེ་ཡུགས་རོ་ཡང་མ་བསྲེགས་ན་ནི་ལེགས། །གསོན་པོ་དྭ་ལིའི་ཐོག་འདུག་ཅིང་། །དེ་ཉིད་བྱོལ་བས་ཆོག་པ་ཡིན། །གིན་གི་ཐོག་ཏུ་ཤི་བ་ན། །ཁྱད་པར་མཚམས་བཞི་ལ་སོགས་ནི། །གིན་ཤི་རི་ཡི་མགུལ་མི་སྐྱལ། །ཁོན་གྱི་ཐོག་ཏུ་ཤི་བ་དང་། །ཁྱད་པར་མཚམས་བཞི་ལོ་པ་ནི། །ཁོན་ལ་ཤི་བ་དོང་མི་བཅུག །ཟིན་དང་ཟོན་ལ་ཤི་བ་


CMR035_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟག་ཡོས་བྱ་སྤྲེལ་ཟིན་ཤི་བ། །སྒྲོལ་བུའི་ནང་དུ་བཅུག་མི་རུང་། །ལྷོག་རོ་རྨེ་རོ་རྨུགས་རོ་དང་། །མནའ་ཟོས་བྱད་ཁས་ཤི་བའི་རོ། །ཁྱིམ་དུ་བཞག་པར་མི་རུང་ངོ་། །ས་འབྲུག་ཟོན་ལ་ཤི་བ་སོགས། །རླུང་དུར་མི་རུང་གསུངས་པའི་ཕྱིར། །བྱ་ལ་བྱིན་ཀྱང་རུང་བ་རྣམས། །རྡོ་བརྩེགས་བྱེད་པ་གལ་ཆེའོ། །ལོང་བ་ལྐུགས་པ་ཞྭ་བོ་དང་། །རྐང་ལག་ཆག་བརྒྱང་རིང་བསྲིང་བྱ། །མིག་བྲུས་ལོང་བ་དེ་བས་བསྲིང་། །རྨེ་རོ་མུག་རོ་མཚེ་མའི་རོ། །དུར་གྲལ་མི་ཚུད་ཁོལ་དུར་བཞག །ལྕེབས་ནས་ཤི་དང་རྨང་་གྲིས་ཤི། །དུག་དང་ལོ་མང་གཅོང་ནད་ཤི། །ཆུ་ཡིས་བཅད་པའི་ཕར་ཁར་བསྐྱལ། །མཚོན་གྲི་རྟ་གྲི་རྦབ་གྲི་དང་། །གཏིབ་གྲིར་ཤི་དང་བཙན་ཐབས་ཀྱིས། །ཤི་ན་གཉའ་གནོན་བཟང་བ་གཅེས་། །ཤི་ལུགས་འཇམ་དང་ན་སོ་རྒན། །རིམ་བཞིན་དུར་ས་མཐོ་སར་བྱ། །བཀྲ་རྒན་གཡང་ཅན་མི་ཚེར་སྐྱིད། །གནད་གཅོད་འཇམ་པོས་ཤི་བ་ན། །རོ་ཡང་ཡུན་རིང་མི་ཕུད་ཅིང་། །དཀར་རྩི་མཛོད་ཕུག་བཞག་ནས་ཀྱང་། །གཡང་སྐྱབས་མཚུན་བཅོས་བྱ་བ་ཡིན། །སྤར་ཁ་རང་ཐོག་ཤི་བ་དང་། །བདུན་ཟུར་ཐོག་ཏུ་ཤི་བ་ནི། །འགྲམས་དང་


CMR035_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་མིན་མཚུན་བཅོས་བྱ། ༈ །ད་ནི་རོ་ཡི་དྲངས་ཕྱོགས་ནི། །སྤར་ཁ་གང་ཐོག་ཤི་བ་ཡི། །སྤར་ཁ་དེ་ཡི་དགྲ་ཐོག་གི །ཕྱོགས་སུ་ཁྱེར་ན་ན་ཚ་འོང་། །སྤར་ཁ་དེ་ཡི་མ་ཐོག་གི་།ཕྱོགས་སུ་ཁྱེར་ལ་འཇམ་པར་བཤད། །གནམ་ལོ་སྐྱེས་སྨེ་འཕུར་བྱས་ལ། །སྨེ་བ་དགུ་པོ་གར་བབས་ལ། །གཅིག་དཀར་ཐོག་ཏུ་བྱིས་སྦའི་རོ། །གཉིས་ཟླནག་ཐོག་ཏུ་སྔགས་པའི་རོ། །གསུམ་མཐིང་ཐོག་ཏུ་རབས་ཆད་རོ། །བཞི་ལྗང་ཐོག་ཏུ་མཛེ་རོ་དང་། །ལྔ་སེར་སྟེང་དུ་བན་དེའི་རོ། །དྲུག་དཀར་སྟེང་དུ་རྒྱལ་པོའི་རོ། །བདུན་དམར་སྟེང་དུ་གྲི་ཡི་རོ། །བརྒྱད་དཀར་སྟེང་དུ་རྨེ་བཙོག་རོ། །དགུ་དམར་སྟེང་དུ་གཡང་ཅན་རོ། །ཁྱེར་ན་ས་བདག་འཁྲུགས་པས་ངན། །གལ་ཏེ་མི་ཁྱེར་ཁ་མེད་ན། །ས་བདག་འཁྲུགས་བཅོས་རྒྱས་པར་བྱ། །ལོ་ཟླ་ཞག་དུས་ཕྱོགས་གཙང་ས། །ཁྱད་པར་ཐེ་སེ་ཧལ་ཁྱི་འཛེམ། །གཟའ་དང་པི་ལིང་རྒྱུ་བའི་གདོང་། །ས་གཉན་ཤིང་གཉན་བྲག་གཉན་དང་། །རི་རྒྱལ་གཉན་པས་གསས་མཁར་དང་། །གཏད་ནས་མི་ཁྱེར་ཅུང་ཟད་གཟུར། །ཡོན་བདག་ལོ་ཁ་མང་དྲགས་པས། །ལོ་སྙིང་སྟེང་དུ་ཁྱེར་དགོས་ན། །ཕྱོགས་ཀྱི་ལོ་རྒན་


CMR035_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་རྩིས། །དཔེར་ན་ཤར་ཕྱོགས་སྟག་ཡིན་པས། །ས་མལ་ཁང་པར་ཐིག་གདབ་སྟེ། །དེ་ལ་དུམ་བུ་ལྔ་བགོས་ལ། །བྱང་ཤར་མཚམས་ནས་མགོ་བཟུང་སྟེ། །ཤིང་སྟག་མེ་སྟག་ས་སྟག་དང་། །ལྕགས་སྟག་ཆུ་སྟག་ལྔ་ཡིན་པས། །ཡོན་བདག་སྟག་ནས་གང་ཡིན་པས། །སྟེང་དུ་མི་ཁྱེར་ཅུང་ཞིག་གཟུར། །དེ་མིན་ལོ་སྐོར་གཞན་ལའང་འགྲེས། །འདི་ནི་མཁས་པའི་ཁྱད་ཆོས་ཡིན། །ལོ་ཟླ་ཞག་དུས་ཀུན་བརྩིས་པས། །ཐམས་ཅད་ཚང་བའི་ཕྱོགས་མ་རྙེད། །ལོ་ཟླ་ཐེ་སེ་ཧལ་ཁྱི་དང་། །ཉི་ནག་ཆེ་ཆུང་ཟིན་ཕུང་སོགས། །ཆེ་རིམ་རྣམས་ནི་རྩིས་བྱས་ཤིང་། །ཆུང་ཞིབ་རྣམས་ནི་བཅས་པས་ཐུབ། །སྣང་བརྒྱད་ཧོ་ཡི་ཕྱག་རྒྱ་དང་། །མདོས་སམ་འཁྲུགས་བཅོས་ཉུང་ངུར་འདོན། །མདའ་དར་ཐུབ་པའི་སྐུ་དང་ནི། །རྨ་བྱའི་མདངས་དང་མེ་ལོང་དང་། །དཀར་གཏོར་རོ་ཡི་སྣ་ལ་ཁྱེར། །ས་བདག་གང་ཡིན་རང་རང་གཟུགས། །བཅའ་འམ་བྲིས་པས་སྒྲིབ་པར་བཤད། །རོ་ཁུར་ཞེས་བྱ་སྤང་མི་རྣམས། །ལོ་སྙིང་གཅིག་དང་སྤར་ཁ་གཅིག །དེ་ཡིས་ཁུར་ན་ཤིན་ཏུ་ངན། །སྨེ་བ་དཀར་གསུམ་ཡིན་པ་ཡི། །བདུན་དམར་སྟེང་ཤི་རོ་མི་ཁུར། །ཞིབ་པར་རྩིས་ན་རོ་ཁུར་


CMR035_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །རྩིས་བྱས་གཤིན་པོ་དེ་ཉིད་དང་། །སྲོག་ལུས་དབང་ཐང་རླུང་རྟ་འཐབ། །ཚུར་ལ་བཅད་ན་མི་རུང་སྟེ། །ཕར་ལ་ཆོད་ན་བཟང་བ་ཡིན། །མི་རུང་བཞིན་དུ་ཁུར་དགོས་ན། །གཤིན་པོའི་རྟ་སྦྲུལ་ལོ་ཡིན་ན། །དང་པོ་ཆུ་ལྕག་བྲབ་པར་བྱ། །གཤིན་པོ་མཚམས་བཞི་ལོ་ཡིན་ན། །ཚེར་མ་ཅན་གྱི་ཤིང་གིས་བྲབ། །གཤིན་པོ་བྱ་སྤྲེལ་ལོ་ཡིན་ན། །དང་པོ་མེ་ལྕག་བྲབ་པར་བྱ། །གཤིན་པོ་བྱི་ཕག་ལོ་ཡིན་ན། །དང་པོ་ས་ནི་སྤར་གང་བཏབ། །གཤིན་པོ་སྟག་ཡོས་ལོ་ཡིན་ན། །ལྕགས་སྣ་སྟེ་རེ་སོགས་ཀྱིས་བྲབ། །དེ་ནས་རེག་པའི་ཉེས་སྐྱོན་སེལ། །སྤར་ཁ་མཐུན་ཡང་ཁུར་དགོས་ན། །ཁྱི་རའི་རིལ་མ་རིལ་ལུད་སོགས། །སེམས་ཅན་གང་རུང་ཞིག་པང་ལ། །དེ་ཡིས་རོ་ལ་རྒྱབ་ནས་བསྐུལ། །དེ་ནས་རག་པས་ཐུབ་པ་ཡིན། །དགུ་གཅིག་དགུ་གཉིས་དགུ་གསུམ་ནས། །བརྒྱད་ཅུ་རྩ་གཅིག་བར་དག་གི །དགུ་མཚམས་ཤི་ན་རོ་མང་འབྱུང་། །རོ་དེ་ཁ་གདངས་སོ་གཙིགས་ཤིང་། །མིག་བལྟས་ལག་པ་གཉིས་པོ་བསྣོལ། །ལག་གཡོན་ཟེད་ཅིང་ལག་གཡས་ཀྱིས། །མཛུབ་མོ་གུག་གུག་བྱས་ནས་ཀྱང་། །མགོ་བོ་བྱང་ཤར་མཚམས་བསྟན་ན། །རྗེས་


CMR035_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རོ་གཅིག་ངེས་པར་འོང་། །འགྲམས་དང་འཁྱག་དང་དགུ་མིག་དང་། །ཤི་སྐར་སྨིན་དྲུག་ལ་སོགས་ངན། །དེ་ལྟར་རོ་ཡི་པྲ་བརྟགས་ངན། །རིམ་གྲོ་རྒྱ་ཆེན་ལུང་བརྒྱབ་ཅིང་། །འདུལ་གཟབ་བཅའ་ཏི་ནག་པོས་མནན། །ཕྱོགས་དང་སྐར་མ་ལ་སོགས་པ། །སྐྱོན་མེད་གཙང་མ་མ་རྙེད་ཅིང་། །རྩིས་བྱས་མང་ན་འགྲིག་མ་ཐུབ། །ཐེ་ཚོམ་སྐྱེད་ཅིང་ཕུད་དགོས་ན། །རྒྱས་པར་འཛོམ་ན་སྤོམ་གཏའ་བཅིངས། །མ་འཛོམ་རྒྱ་ནག་གཏོ་མཛོད་ལུགས། །མི་རུང་བ་རྣམས་རུང་བའི་གཏོ། །ཤར་ཕྱོགས་སྟག་ཡོས་གཉིས་ཀྱི་སྟེང་། །གྲི་གཉིས་བསྣོལ་ལ་སོ་འདྲེན་བཞག །ལྷོ་ཕྱོགས་རྟ་སྦྲུལ་གཉིས་ཀྱི་སྟེང་། །ཆུ་ཕོར་དགུ་རེ་བསྒྲིག་པར་བྱ། །ནུབ་ཕྱོགས་བྱ་སྤྲེལ་གཉིས་ཀྱི་སྟེང་། །མེ་ཁྲོལ་ཚུམ་བུ་དགུ་རེ་བསྒྲིགས། །བྱང་ཕྱོགས་བྱི་ཕག་གཉིས་ཀྱི་སྟེང་། །ས་ཕུང་ཆུང་ངུ་དགུ་རེ་སྤུངས། །མཚམས་བཞི་ཁྱི་འབྲུག་གླང་ལུག་སྟེ། །ཚེར་ལྕག་ཤིང་ནི་གང་རུང་བ། །རྩེ་མོ་མ་ཉམས་ཆག་རེ་བཅིངས། །སྣང་བརྒྱད་སྔགས་ནི་ཚར་བརྒྱ་དང་། །རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད། །ཕྱོགས་བཞིར་ཐོ་བཞི་བྱས་པའི་རྩར། །ཤར་དུ་སྟག་དང་ལྷོ་རུ་འབྲུག །ནུབ་ཏུ་བྱ་དང་བྱང་དུ་རུ་


CMR035_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྦལ་དང་། །སྲུང་བཞིའི་གཟུགས་ནི་ཟན་བཅས་བཞག །འདི་ནི་ཐུབ་ཆོད་ཀུན་དྲིལ་གཏོ། །མི་རུང་བ་ཀུན་ཐུབ་པར་བཤད། །བྱིས་སྦ་ཤི་བའི་ཆུང་སྲི་དང་། །གཞོན་ནུ་ཤི་བའི་གཞོན་སྲི་དང་། །ཤི་ལུགས་བཙན་ཐུག་གྲི་ཤི་རིགས། །དར་མ་ཤི་བའི་དར་སྲི་རྣམས། །གཤེད་ཕྲལ་མགོ་བརྡུང་ཤིན་ཏུ་ཟབ། །རྒས་ནས་འཇམ་པོར་ཤི་བ་ལ། །ཟ་འདྲེ་ཁ་ཕྲལ་གཤེད་གཏོ་ཙམ། །རྒྱས་ཀྱི་མགོ་བརྡུང་མི་བྱ་སྟེ། །རྒས་སྲི་བརྡུང་བས་གཞོན་ལ་འབབ། །སྐྱེས་ནས་མི་འཆི་མི་སྲིད་པའི། །རྒན་སྲི་ཞུགས་ན་ལེགས་པ་ཡིན། །འདི་དོན་ཤིན་ཏུ་གལ་ཆེ་ཡང་། །ཀུན་གྱིས་ཤེས་པ་མི་འདུག་གོ །དེ་ལྟར་རོ་རེག་བྱེད་པ་དང་། །རོ་འདྲེན་པ་ཡི་ཕྱོགས་དང་དུས། །སྔོན་གྱི་སྔགས་རྒན་མཁན་རྣམས་ཀྱི།ཕྱག་ལེན་མཐོང་བ་བརྒྱུད་པ་དང་། །རོ་རེག་ཤོག་བཀྲ་རྒྱས་བསྡུས་ཀྱི། །དོན་བསྡུས་རཱ་ག་ཨ་སྱ་ཡིས། །ངག་ནས་ཇི་ལྟར་སྨྲས་པ་ལྟར། །དགེ་སློང་པདྨ་ཐབས་མཁས་ཀྱིས་།ཤིན་ཏུ་མགྱོགས་པར་བྲིས་པ་འདི། །ཕྱི་རབས་རྐང་གཉིས་མི་རྣམས་ལ། །ཕན་ཐོགས་རྒྱ་ཆེར་འབྱུང་བར་ཤོག །


previousགཤིན་རྩིས་རོ་རེག་ཤོག་བཀྲའི་དོན་བསྡུས།next