Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ།next

ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ།


CMR035_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ་བཞུགས་སོ།། ཨོཾ་མ་ཎི་པདྨེ་ཧཱུཾ། ལྷ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཁྱེད་ཉིན་མཚན་དུས་དྲུག་སེམས་ཅན་ཀུན། །དུས་རྒྱུན་དུ་སོ་སོར་གཟིགས་ལགས་ན། །ད་ང་ལ་མི་གཟིགས་ཅི་མ་དགོངས། །ད་ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་རྡོ་རྗེའི་སྙན་གྱིས་དུས་རྟག་ཏུ། །མ་འགྲོ་དྲུག་སེམས་ཅན་ཅི་སྨྲས་སྐད། །དེ་མ་འདྲེས་སོ་སོར་གསན་ལགས་ན། །ངེད་གསོལ་འདེབས་མ་ཎི་འདི་ཙམ་བཏོན། །ད་ང་ལ་ཞལ་སྟོན་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་ཡིད་ལ་དྲན་པའི་བྱིན་རླབས་ཀྱིས། །དགྲ་ནད་གདོན་འཇིགས་པ་ཀུན་སྐྱོབས་ན། །མི་བདག་གིས་ཁྱེད་དྲན་ཡིག་དྲུག་བཟླས། །དགྲ་མེ་ཆུ་དུག་མཚོན་ནད་དང་གདོན། །ད་སྐྱོབ་པར་མཛོད་ཅིག་ཐུགས་རྗེ་ཅན། །ཨོཾ་མ་ཎི་པདྨེ་ཧཱུཾ། སྔགས་ཡིག་དྲུག་བྱེ་བ་གཅིག་བཟླས་ན། །སྡིག་མཚམས་མེད་ལྔ་ཡང་དག་གསུངས་ན། །མི་ངས་ནི་བྱེ་བ་འགའ་རེ་ཐོན། །ཚེ་ཐོག་མེད་ནས་བསགས་སྡིག་སྒྲིབ་


CMR035_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ད་ལྷག་མ་མེད་པར་སྦྱོང་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། ལར་སངས་རྒྱས་གངྒའི་བྱེ་སྙེད་ལ། །དུས་རྟག་ཏུ་མཆོད་ཅིང་ཕྱག་འཚལ་བས། །ལྷ་ཁྱོད་ཀྱི་མཚན་བརྗོད་ཕྱག་འཚལ་བ། །དེ་བསོད་ནམས་ཆེ་བར་གསུངས་ལགས་ཕྱིར། །ལྷ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུཾ། དགྲ་དམག་ཇག་ཁྲམ་རྐུན་ཤན་པའི་ཚོགས། །དེས་གསོད་ཕྱིར་ས་གཞི་གང་ན་ཡང་། །ལྷ་ཁྱེད་ལ་གསོལ་བཏབ་སྐྱོབས་གསུངས་ན། །དུས་སྙིགས་མའི་འཇིགས་སྐྲག་སྡུག་བསྔལ་ལས། །ད་སྐྱོབས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། གཞན་སྲུང་བ་རིམ་གྲོ་ཅི་བྱས་ཀྱང་། །སྔགས་ཡིག་དྲུག་རྐྱེན་ཟློག་ལྷག་གསུངས་ན། །ངས་རྒྱུན་དུ་ཡིག་དྲུག་ཐུགས་དམ་བྱས། །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །ལུས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུཾ། སྔགས་ཡི་གེ་འབྲུ་དྲུག་རྡོ་རྗེའི་སྒྲ། །གནས་རིགས་དྲུག་སྐྱེ་སྒོ་གཅོད་ལགས་ན། །མི་བདག་དང་ཕ་མ་སེམས་ཅན་ཀུན། །ད་རིགས་དྲུག་སྐྱེ་སྒོ་ཐམས་ཅད་རྣམས། །ད་གཅོད་པར་མཛོད་ཅིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། ལས་རྒྱུ་འབྲས་བཅོས་སུ་


CMR035_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལགས་ན། །ཁྱེད་ཐུགས་རྗེ་ཆེ་བས་སུ་ལ་ཕན། །ཁྱེད་ལས་ལ་མངའ་བའི་སྟོབས་མངའ་ན། །ལས་ངན་པའི་རྒྱུ་འབྲས་ཞི་མཛོད་ལ། །ལས་བཟང་པོའི་འབྲས་བུ་སྨིན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ། དུས་ནམ་ཞིག་ཚེ་ཟད་འཆི་བའི་ཚེ། །སྐྱབས་གཞན་ན་མེད་དོ་སྤྱན་རས་གཟིགས། །འགག་བར་དོའི་འཕྲང་ནས་ཐུགས་རྗེས་བྷཟུངས། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །བདག་འདྲེན་པར་མཛོད་ཅིག་ཐུགས་རྗེ་ཅན། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞིང་དེ་རུ་མེ་ཏོག་པདྨའི་སྟེང་། །ལུས་བརྫུས་སྐྱེས་སྤྲུལ་པའི་སྐུ་ཐོབ་ནས། །ལྷ་འོད་དཔག་མེད་པའི་ཞལ་མཐོང་ནས། །ལམ་ས་བཅུ་ཅིག་ཆར་བགྲོད་པ་ཞིག །ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མཁྱེན། །ཨོཾ་མ་ཎི་པདྨེ་ཧཱུྃ། ལྷ་ཁྱེད་ལ་འབྲེལ་པ་སུས་བཞག་པ། །ཞིང་དེ་རུ་འདྲེན་པའི་སྨོན་ལམ་དང་། །སྔོན་འོད་དཔག་མེད་པའི་སྤྱན་སྔ་རུ། །ཁྱེད་ཞལ་བཞེས་དམ་བཅའ་མ་གཡེལ་བར། །ད་ཐུགས་རྗེའི་ཐུགས་དམ་དུས་ལ་བབ། །ཨོཾ་མ་ཎི་པདྨེ་ཧཱུཾ། མགོན་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །མི་བདག་གིས་དགེ་བ་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །


CMR035_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནམ་ཞིག་ཚེ་འཕོས་གྱུར་མ་ཐག །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི་ནི་ལྷ་གདོང་དཀར་པོའི་རིགས་དགེ་རྒྱལ་སྐུ་མཆེད་སྲས་བཅས། ཐམས་ཅད་ཀྱིས། ངག་འདོན་དུ་གསོལ་བ་འདེབས་པའི་ཕྱིར། དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས། ཕུལ་བ་དགེ་ལེགས་འཕེལ།། །།


previousཡི་དམ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་རྒྱང་འབོད་བྱ་བ་སྟེ་ཐུགས་རྗེ་གནད་ནས་བསྐུལ་བའི་གདམས་པ།next