Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན།
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན།next

ཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན།


CMR035_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས།།


CMR035_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ནེ་ཡེ། །བཅོམ་ལྡན་ཐུབ་དབང་དེ་ལ་ཕྱག་བྱས་ནས། །ཆང་དང་བདུད་རྩིའི་རྣམ་པར་དབྱེ་བ་ནི། །མདོ་སྔགས་དོན་དང་བླ་མའི་ཕྱག་ལེན་བཞིན། །འཁྱོག་བཤད་མེད་པར་དྲང་བའི་ངག་གིས་བརྗོད། །དེ་ལ་དེང་སང་གངས་རིའི་ཁྲོད་འདིར་ཁ་ཅིག་ན་རེ། ཆང་ནི་ཉེས་པ་ཀུན་གྱི་གཞི། །རྩྭ་མཆོག་གང་ཡང་བཏུང་མི་བྱ། །ཞེས་ཚོགས་ཀྱི་དམ་རྫས་ཅུང་ཟད་ཙམ་བཏུང་ཡང་ཚུལ་ཁྲིམས་ལ་ལྷོད་པར་མཐོང་ནས་འཕྱའོ། །འགའ་ཞིག་ན་རེ། ཚོགས་ཆང་བདུད་རྩི་ཡིན་ནོ་ཞེས་འབྱོར་ཚད་བཏུང་ནས་སྐྱུགས་ནས་སའི་འདམ་རྫབ་ཏུ་འགྱེལ་ལོ། །ཁ་ཅིག་ན་རེ།


CMR035_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་སོགས་བྱིན་བརླབས་མ་བྱས་ཀྱང་གསང་སྔགས་པ་ཡིན་པ་མ་བཟི་ན་སྐྱོན་མེད་ཟེར་ནས་ཆང་ཁྲིམས་མེད་པར་བཟི་ཁྲིམས་བཅའ་བའི་གྲུབ་མཐའ་བཟུང་ངོ་། །ཁ་ཅིག་ན་རེ། ངེད་ཀྱི་གནས་འདི་ནི་གསང་སྔགས་ཀྱི་ཕོ་བྲང་ཡིན་པས་ནག་ཆང་སོགས་ཁྲིམས་བྱས་པ་མི་ཤེས་པ་ཡིན་ཞེས། སྦང་མས་རྟ་འདྲེད་པ་བྱེད་དོ། །ཁ་ཅིག་ན་རེ། དགོན་པར་ཆང་མ་འཐུང་ན་དེས་ཆོག་པར་བརྩི་ནས་ཕྱི་ལོགས་སུ་སོང་ནས་བཟི་འགྱེལ་བྱེད་དོ། །ཁ་ཅིག་ན་རེ། ངེད་ནི་རྫོགས་ཆེན་པ་ཡིན་པས་བཀའ་བདག་ལ་ཡོད་ཟེར་ནས་ཉིན་མཚན་འཁོར་ཡུག་ཏུ་བཟི་བར་བྱེད་དོ། །ཁ་ཅིག་ན་རེ།


CMR035_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་རྣམས་རབ་བྱུང་ནི་མིན་པས་ཆང་འཐུང་བས་ཉེས་པ་མེད་ཟེར་ནས། སྐྱེ་བོ་ཕལ་པ་དང་སྔགས་པ་དང་ཡོན་ཏན་མཁས་དྲུང་འཚོ་བ་དང་ཨ་མཆོད་སོགས་ཆང་མེད་ཐབས་མེད་པར་བྱེད་དོ། །དེ་ལྟར་སྨྲ་བ་ནི་དེ་རྣམས་ལ་སྙིང་པོ་ཆེར་མ་མཐོང་ནས། །མདོ་རྒྱུད་བླ་མའི་གསུང་དང་ཕྱག་བཞེས་དཔང་དུ་བཞག་སྟེ་རང་འདོད་མེད་པར་སྨྲ་བ་ནི་དེ་ལ་ཆང་ནི་ཉེས་པ་ཐམས་ཅད་འབྱུང་བའི་རྩ་བ་ཡིན་པས། སྐྱེ་བོས་བཏུང་ན་སྡིག་པ་ཡིན་ནོ། །དགེ་བསྙེན་ཡན་རབ་བྱུང་གིས་བཏུང་ན་སྡོམ་པ་ཉམས་ཞེས་བྱའོ། །བྱང་ཆུབ་སེམས་དཔས་བཏུང་ན་བསླབ་པ་ཉམས་ཞེས་བྱའོ། །སྔགས་པས་བཏུང་ན་དམ་ཚིག་ཉམས་ཞེས་བྱའོ། །ཚོགས་འཁོར་དུས་ཐིགས་པ་གཅིག་ཡན་ཆད་ཅིག་མ་བཏུང་ན་དམ་ཚིག་ཉམས་སོ། །གྲུབ་པ་ཐོབ་པ་མིན་པས་བྷན་གང་བས་མང་བའི་ཚོགས་ཆང་བཏུང་ན་ཡང་དམ་ཚིག་ཉམས་སོ། །གྲུབ་པ་ཐོབ་པ་ལ་ནི་བཀག་པ་མེད་དོ། །བིརླཔས་ཡུལ་གྲུ་བཅོ་བརྒྱད་ཀྱི་ཆང་གསོལ་བ་དང་། ཀརྨ་པཀིས་རྒྱ་ནག་རྒྱལ་པོའི་ཆང་མཛོད་ཟད་པར་གསོལ་ཡང་མ་བཟི་བ་ལྟ་བུའོ། །གྲུབ་པ་ཐོབ་ཚད་མི་བཟི་བའི་ངེས་པ་ཡང་མེད་དེ། དགྲ་བཅོམ་པ་ལེགས་འོང་ཆང་གིས་བཟི་ནས་འགྱེལ་ཏེ་རྫུ་འཕྲུལ་


CMR035_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་རྒྱུ་མ་རྙེད་པ་དང་། མར་པ་ལོ་ཙཱ་ཆང་གིས་བད་ནས་གཟིམ་ཚེ་ཡུམ་གྱིས་ནཱ་རོའི་ཐུགས་དམ་པདྨ་རཱ་ག་སོགས་མི་ལ་ལ་བསྐུར་བ་མ་ཚོར་བ་སོགས་ལོ་རྒྱུས་བསམ་པར་བྱའོ། །དེ་ལྟར་མདོར་བསྡུས་གོ་བདེའི་ཕྱིར་སྔོན་དུ་བརྗོད་ནས། དེ་དག་གི་དོན་རྒྱས་པར་འཆད་པ་ལ། སྤྱིར་ནི་ཆང་སྐྱེ་བོས་འཐུང་ན་ཡང་ཉེས་པ་ཆེ་སྟེ། དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་གསུངས་པ། ཆང་འཐུང་བ་ལ་མངོན་པར་དགའ་བའི་མིས། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་དང་། འབྲུའི་ཆང་དང་། བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་དེ་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ཉོན་མོངས་རྒྱས་པར་བྱེད་པ་དང་། འཐབ་པ་དང་རྩོད་པ་སྐྱེད་པ་དང་། དོན་མེད་པ་ལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ལོངས་སྤྱོད་མ་ཐོབ་པ་མི་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་


CMR035_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་མོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང་། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་བ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བག་མེད་པར་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་། མཛའ་བཤེས་དང་བློན་པོ་དག་གིས་སྤང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། ཆོས་མ་ཡིན་པ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤང་བར་འགྱུར་བ་དང་། དེ་མི་མཛའ་བ་དག་དང་


CMR035_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་མི་འདྲི་བར་སེམས་པ་དང་། བག་མེད་ཉམས་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། སྨོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོར་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ནས་འདིར་མི་རྣམས་དང་སྐལ་པར་མཉམ་པར་སྐྱེས་ན་ཡང་དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་སྨྱོ་བར་འགྱུར་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དྲན་པ་ཉེར་བཞག་ལས་ཀྱང་གསུངས་ཏེ། ཆང་གིས་ཀུན་ཏུ་གཡེང་བའི་མི། །བྱ་དང་མི་བྱ་མི་ཤེས་པར། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །དེ་ལྟ་བས་ན་ཆང་དེ་སྤང་། །ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །གང་གིས་རྟག་ཏུ་གསོན་པས་ན། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམ་སྐས་ཏེ། །


CMR035_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གི་སྐྱོན་གྱིས་བསྡུས་པ་ནི། །ཡི་དྭགས་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་ནས་ཆང་གི་དུག །དེ་བཞིན་དམྱལ་བའི་ནང་ནས་དམྱལ། །ནད་ཀྱི་ནང་ནས་ནད་མཆོག་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །ཅེས་དང་། ཇི་ལྟར་ཆང་ལ་སུས་བསྟེན་ན། །དེ་ལྟར་མིག་དང་གཟུགས་འཛིན་ཏེ། །ཞགས་པའི་ནང་ན་ཐ་མ་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་གསུངས། །ངག་དང་མིག་དང་འགྲོ་བ་ཉིད། །ཚན་པོ་ཆེ་རྣམས་འཁྲུལ་བྱེད་པས། །བློ་གྲོས་རྨོངས་པ་འཁྲུལ་པ་ནི། །ཅི་ཡང་སྒྲུབ་པར་མི་བྱེད་དོ། །ས་ལ་ལྟུང་བའི་མི་དེ་ལ། །བུད་མེད་དེ་ལ་འཕྱ་བར་བྱེད། །འགུལ་པ་མེད་པ་ཤིང་སྐམ་འདྲ། །གཡོ་བ་མེད་པ་ས་ལ་ལྟུང་། །ཆང་འཐུང་པ་ལ་གོམས་པ་ནི། །འཆི་བར་འགྱུར་ཞེས་གྲགས་པར་བྱེད། །ཧ་ལ་ཧ་ལ་དག་བས་ལྷག །འཆི་བ་ལས་ཀྱང་དེ་ལྷག་གོ ། ཞེས་གསུངས་པ་དང་། ལས་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ལས། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། ཚེ་འདི་ལ་ཆང་འཐུང་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི་ཤི་


CMR035_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་ནས་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་དང་། ཡང་དྲན་པ་ཉེར་བཞག་གི་མདོ་ལས། ཆང་གིས་འཕྲོག་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །གང་ཞིག་ཚང་ལ་བརྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང་། །རེས་འགའ་ཡོངས་སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་པ་ཡིན། །བློ་ནི་ཤིན་ཏུ་རྨོངས་བྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཅེས་དང་། འཐུང་བའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་ཚེ་ན་ཤིན་ཏུ་ཚ། །ཀིམ་པ་ཀ་ནགས་ཀིམ་པ་ཀ །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་སྟོན། །མྱོང་ན་བསིལ་བར་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །སྡིག་པའི་ཆོས་རྣམས་བྱེད་པ་ལ། །སེམས་ཡང་བ་དག་དགའ་བར་བྱེད། །ཕྱིས་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་འགྱུར། །ཞེས་གསུངས་པ་སོགས་ཉེས་པ་མཐའ་ཡས་པར་གསུངས་ཏེ། དེ་དག་ནི་སྐྱེ་བོས་ཆང་འཐུང་བའི་ཉེས་པ་ཡིན་ནོ། །དེ་


CMR035_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡ་རབས་རྒྱལ་པོ་མི་དཔོན། སྨན་པ་སོགས་ཡོན་ཏན་ཤེས་པས་ཀྱང་ཆང་སྤང་བར་བྱ་སྟེ། དྲན་ཉེ་ལས། རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་ནི་སྤང་བར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། །སྨུག་པར་འགྱུར་བ་ཅི་ཞིག་སྨོས། །ཞེས་གསུངས། སྐྱེ་བོ་ཡིན་ཀྱང་ཆང་བཅད་ན། སྐྱོན་དེ་དག་མི་འབྱུང་བའི་ཕན་ཡོན་གྱི། ཁྱད་པར་དྲན་པ་ཉེར་བཞག་ལས། ཆང་འཐུང་བ་ནི་མི་བསྟེན་པས། །མི་དེ་དྲགས་པ་བསྟེན་པ་དང་། །རྨོངས་མེད་བདེན་པར་སྨྲ་བ་སྟེ། །བསྙེན་པའི་བདེ་དང་ལྡན་པར་སྐྱེ། །ཞེས་གསུངས་པས་སྐྱེ་བོས་ཆང་འཐུང་ན་ཉེས་པ་དེ་ཙམ་འབྱུང་། བཅད་ན་ཕན་ཡོན་དེ་ཙམ་འབྱུང་ན་རབ་བྱུང་གིས་འཐུང་བའི་ཉེས་པ་དང་བཅད་པའི་ཕན་ཡོན་དེ་བས་བརྒྱ་སྟོང་གིས་ཆེ་བར་ཤེས་པར་བྱའོ། །དེ་ནས་ཡོངས་རྫོགས་དགེ་བསྙེན་ནམ། ཚངས་སྤྱོད་དགེ་བསྙེན་ཞེས་བྱ་བ་དེང་སང་བནྡེ་དང་དགེ་མར་གྲགས་པས་ཆང་འཐུང་བའི་ཉེས་པ་ནི། གོང་གི་དེ་དག་ཡོད་པའི་སྟེང་ན། དྲན་པ་ཉེ་བར་བཞག་པའི་མདོ་ལས། ཆང་ལ་བསྟེན་པའི་མི་དག་ནི། །།ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །སྤང་བ་གང་དུ་ཉེ་བར་བསྟན། །ཆང་


CMR035_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཕྲོག་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བར། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །ཞེས་དང་། ཆང་འཐུང་བ་ལ་རྟག་ཏུ་ནི། །ཉེས་དམིགས་སུམ་ཅུ་རྩ་དྲུག་ཡོད། །དེ་བས་ཉེས་དམིགས་སྤང་བ་གང་། །དེ་ཡིས་ཆང་ནི་རྣམ་པར་སྤངས། །རིགས་བཙུན་མཁས་པ་དག་ལ་ནི། །དྲི་མ་ཆེན་པོ་བྱེད་པ་ཡིན། །སྐྱེ་བོ་ཀ་པའི་མེ་ཏོག་གཏོར། །སྤངས་བ་ཁོ་ནར་བྱེད་པ་ཡིན། །ཅེས་དང་། །བློ་དང་དབང་པོ་ཉམས་བྱེད་ཅིང་། །རིན་ཆེན་ཆོས་ནི་ཟད་བྱེད་ལ། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །མི་བཟད་ཆང་གི་སྐྱེ་གནས་གཅིག །ཅེས་དང་། འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུ། །སྲེག་བྱེད་ཁོ་ན་ཆང་ཡིན་ནོ། །ཞེས་དང་། ཆང་འཐུང་བ་ཡིས་བསླུས་པ་དག །དེ་ནི་བྱིས་པ་དམན་པ་ཡིན། །མི་བཟད་སེམས་ཅན་དམྱལ་བར་ལྟུང་། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །ཞེས་གསུངས་པ་དང་། །སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་ལས། དཔེར་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་བསྙེན་ཞིག་གིས་ཆང་འཐུང་བའི་རྐྱེན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པར་


CMR035_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ཕ་རོལ་པོའི་བྱ་བརྐུས་ནས་བསད། །གཞན་གྱིས་ནི་ཁྱོད་ཅིའི་ཕྱིར་དེ་ལྟར་བྱས་ཞེས་དྲིས་ནས། །བདག་གིས་བྱས་པ་མེད་ཅེས་ཟེར་ཏེ། དེ་ལྟར་ཆང་འཐུང་བས་ཁྲིམས་བཞི་ཆར་ཉམས་པར་བྱས་སོ། །ཆང་འཐུང་ན་མཚམས་མེད་པ་ལྔ་ཡང་བྱེད་པར་འགྱུར་རོ། །དགེ་འདུན་གྱི་དབྱེན་འབའ་ཞིག་བྱེད་མི་ནུས་སོ། །འདི་ཡང་སྔོན་གྱི་ལས་ཀྱིས་གཉེར་བ་ཡིན་མོད་ཀྱིས། འོན་ཀྱང་སྐྱོ་བ་དང་མི་དྲན་པའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །ཞེས་གསུངས་སོ། །དེང་སང་གྲྭ་ས་རྣམས་སུ་ཉེར་ཞེས་གླུམ་ཙིར་བའི་ཆང་དཀར་བསྐོལ་བ་འཐུང་བ་ནི་ཉེས་པ་མེད་པར་བརྩི་ཡང་། དེ་ཉེས་ནི་ཆུང་བ་བས་ཉེས་པ་མེད་པ་ནི་མིན་ཏེ། ཆོས་བརྒྱད་པའི་མདོ་ལས། སངས་རྒྱས་ཀྱིས་བུ་ལ་ཡང་ཆང་དཀར་འཐུང་ན། ཆང་གི་ཉེས་སྐྱོན་ཏེ། །དགེ་བའི་བསོད་ནམས་གྲངས་མེད་པ་གཏེར་རོ། །ཞེས་དང་། འོ་ཅག་ཐམས་ཅད་དང་སེམས་ཅན་ཐམས་ཅད་ལ་ཆང་བཏུང་དུ་བསྟེན་དུ་མི་རུང་ངོ་། །བདག་རང་བཏུང་བ་ནི་སྨོས་ཀྱང་ཅི་དགོས། བདག་ཆང་དཀར་འཐུང་བ་དང་ཕ་རོལ་ལ་བདར་བ་ནི་ལྟུང་བའོ། །ཞེས་གསུངས་སོ། །དེ་བཞིན་དགེ་བསྙེན་ཡན་ཆད་ཀྱིས་ཆང་བཙོས་པ་དང་འཚོང་བ་དང་འདྲེན་པ་ལ་


CMR035_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེས་པ་ཡོད་དོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། སངས་རྒྱས་ཀྱིས་བུ་སྨྱོ་བའི་ཁུ་བ་བཙོ་བའི་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་བཙོ་བའི་རྐྱེན་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་རྐྱེན་བྱེད་དམ་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་ལས་བྱེད་པ་ལ་སོགས་ཏེ། སྨྱོ་བའི་ཁུ་བའི་ཅོར་འཆང་དུ་མི་རུང་ངོ་། །སྨྱོ་བའི་ཁུ་བའི་རྐྱེན་གྱིས་ཁ་ན་མ་ཐོ་བ་སྐྱེས་སོ། །ཞེས་དང་། ལ་ལ་ཞིག་ལུས་དང་ངག་གིས་ཆང་གི་སྣོད་བླངས་ཏེ། ཕ་རོལ་པོ་ལ་བྱིན་ཏེ་བླུད་ན། ཚེ་རབས་ལྔ་བརྒྱར་ལག་པ་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ན། བདག་ཆང་འཐུང་བ་ལ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཞེས་གསུངས་སོ། །དེ་བཞིན་དུ་དགེ་བ་བྱས་ནས་ཆང་འཚོང་མ་བྱས་ན་སྡིག་ཆེ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། མར་བཙིར་བ་ནི་བཅུ་པའི་སྡིག་སྤྱི་ལ་འཚང་བའི་གནས་གཅིག་སྡིག་དང་མཉམ། སྤུ་ལ་འཚང་གནས་བཅུ་བཅས་པ། ཆང་འཚོང་མ་ཡི་གནས་བཅུ་བཅས་པ། ཤན་པའི་གནས་གཅིག་སྡིག་མཉམ། ཤན་པའི་གནས་དང་བཅུ་བཅས་པ། རྒྱལ་པོ་གོ་ལ་ས་དག་གི་གནས་མཉམ། ཞེས་གསུངས་ཏེ་སྡིག་པ་བཅུ་འགྱུར་དུ་བཤད་དོ། །དཔེར་ན་རབ་བྱུང་བ་


CMR035_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགེ་ཚུལ་སློང་གིས་ཆང་སྤྱོད་ན་དེ་དག་ལ་བརྒྱ་སྟོང་འགྱུར་བས་སྡིག་ཆེ་ཞིང་། ཆང་སྤངས་ན་ཕན་ཡོན་བརྒྱ་སྟོང་གིས་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་ལུང་ནོད་པས་རྩ་མཆོག་གིས་ཀྱང་མི་སྦྱིན་མི་བཏུང་ངོ་ཞེས་དང་། འཕགས་པ་ཉེ་སྦས་ཀྱིས། མཚམས་མེད་པ་ལྔ་དང་། ལྟུང་བ་རིགས་ལྔ་དང་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཆང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་བཞིན་དུ་ཉེས་པར་སྤྱོད་དོ། །ཞེས་གསུངས་ལ། སློབ་དཔོན་ཡོན་ཏན་འོད་ཀྱིས་ནི། ཆང་ནི་བཅས་པ་ཁོ་ནའོ། །ཞེས་བཅས་པའི་ལྟུང་བར་གསུངས། འདུལ་བ་རྒྱ་ཆེར་འགྲེལ་ལས། ངན་སོང་གི་རྒྱུར་བསྟན་པའི་ཕྱིར་དང་། བག་མེད་པའི་གནས་ཀྱི་གཞི་ཡིན་པའི་ཕྱིར་དང་། གཅིག་ཏུ་ངེས་པར་མ་གནང་བའི་ཕྱིར།་ཞེས་གསུངས་སོ། །མདོ་རྩ་བར་ནད་པས་ཆང་རྩ་མཆོག་གིས་མི་བཏུང་ངོ་། །ཞེས་དང་། ནད་པ་ལ་ཉེས་མེད་དོ། །ཞེས་པ་ནི། ལུས་ལ་བྱུག་པ་དང་། མཁུར་བར་བསྲེལ་བ་ཙམ་སྟེ་ཁོང་པར་མེད་པ་ནི་མ་ཡིན་ནོ། །ནད་པ་ལ་ནི་ཞུན་མར་དང་། འབྲུ་མར་དང་བསྲེས་པ་བཏུང་


CMR035_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་ཉིད་དོ། །ཆང་མ་ཡིན་པར་གྱུར་པ་ཉིད་ལ་ནི་ཉེས་པ་མེད་དོ། །དེ་ནི་བསྐོལ་བ་ལས་འགྲུབ་བོ། །ཞེས་པའི་འགྲེལ་བར། ཞུན་མར་དང་འདྲེས་པ་ནི། མར་བྲེ་གསུམ་ཆང་བྲེ་གསུམ་བཙོས་པ་ཡིན་ནོ། །ཞེས་དང་། མདོ་རྩ་བར། དེ་བསྐོལ་བ་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ། །ཞེས་དང་། ཆང་སྐྱོ་ཟན་ཆང་ནི་ཉེས་པ་མེད་པར་མངོན་ཏེ། ཆང་གི་སྲེད་པ་དང་བྲལ་བའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཚང་གིས་དྲིས་བསྒོས་པ་བཏུང་ངོ་། །ཆང་དང་བཅས་པའི་སྣོད་དུ་དཔྱད་ད་བཞག་པས་བགོ་བར་བྱའོ། །རེག་པ་སྲུང་ངོ་། །ཞེས་གསུངས་ཏེ་བསྐོལ་ལྡབ་ཀྱང་ཤིན་ཏུ་བསྐོལ་ནས་བཟི་བའི་ནུས་པ་མེད་པ་དགོས་ཀྱི་ཅུང་བསྐོལ་བས་མི་ཕན་ནོ། །ནད་པ་མིན་ན་མཁུར་བར་བསྲེལ་བ་ཙམ་ཡང་མི་རུང་སྟེ། མདོ་རྩ་བར། མཁུར་བར་བསྲེལ་བ་དང་ལུས་ལ་བསྐུས་ན་ནི་སྦྱོར་བ་དང་འདྲའོ། །ཞེས་གསུངས་སོ། །དེ་བཞིན་དུ་དགེ་སློང་གིས་གླུམ་ཟ་ན་ཡང་ལྟུང་བ་བཤད་ན། འཐུང་བ་ལྟ་ཅི་སྨོས། དེས་ན་མ་བཟི་བར་འཐུང་ན་སྐྱོན་མེད་པར་བརྩི་བ་མི་འཐད་དོ། །རྩྭའི་རྩེ་མོས་མྱོང་ན་ཡང་སྟོན་པའི་བཀའ་བཅག་པའི་


CMR035_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་འབྱུང་བ་དང་འཐུང་ཚོད་ཡང་ཟིན་པར་དཀའ་སྟེ། སློབ་དཔོན་ཤཱཀྱ་འོད་ཀྱིས། ཚོད་ཟིན་པར་འཐུང་ན་སེམས་འཁྲུགས་པ་མེད་པའི་ཉེས་པར་མི་འགྱུར་མོད་ཅེ་ན། དེ་མ་ཡིན་ཏེ་མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེ་རིགས་དང་ལྡན་པ་ཡིན་པས་འཐུང་ཙམ་ལ་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་རབ་བྱུང་གིས་ཆང་སྤྱོད་པའི་ཉེས་པ་ནི། མདོ་སྡེ་དྲན་པ་ཉེར་བཞག་ལས། གང་གིས་ཁྱིམ་གྱི་གནས་ནས་བྱུང་སྟེ་སྡོམ་པ་བླང་པས་བསམ་གཏན་གྱི་བདེ་བས་སེམས་བླང་ཞིང་། ཞི་བའི་དགེ་སློང་གི་དགེ་འདུན་གྱི་འཁོར་དུ་ཆང་བྲིམ་སྟེ། ར་རོ་བ་བྱ་ན་དེ་ལུས་དང་བྲལ་ནས་ངན་འགྲོ་ལོག་པར་ལྟུང་ཞིང་སེམས་ཅན་དམྱལ་བ་རབ་ཏུ་གདུང་བ་ཆེན་པོ་བྱས་པའི་ཚོར་བ་མྱོང་བར་འགྱུར་རོ། །དེར་གནོད་པ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཕྲ་སྐམ་གྱིས་ཁ་གདང་བའི་ནང་དུ། ཟངས་ཁུ་འབར་བ་དག་བླུག་གོ །དེ་འཐུང་བས་ན། །དེའི་ཚེ་སླར་མཆུ་སྲེག་གོ །མཆུ་བསྲེགས་ནས་རྐོན་བསྲེག་གོ །རྐན་བསྲེགས་ནས་ལྕེ་སྲེག་གོ །ལྕེ་བསྲེགས་ནས་མིད་པ་དེ་བཞིན་དུ་སྲེལ་ཀླུང་། དེ་བཞིན་དུ་རྒྱུ་མ། དེ་བཞིན་དུ་


CMR035_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བ་ལོང་བསྲེགས་ནས་རོ་སྨད་དུ་འབྱུང་བར་འགྱུར་ལ། དེ་ལྟར་ཆང་འཐུང་བ་དེ་ནི། མི་དགེ་བ་མྱོང་བར་འགྱུར་ཏེ། དེ་འོ་དོད་འབོད་ཅིང་ངུ་། འཁྲུག་ཅིང་སྨྲ་སྔགས་འདོན་ནོ། །ཞེས་གསུངས་སོ། །དེས་ན་རབ་ཏུ་བྱུང་ནས་ཆང་འཐུང་བ་ལྟ་ཅི་སྨོས། ཆང་ལ་རེག་པ་དང་སྣོམ་པ་ཡང་མི་རུང་སྟེ། དྲན་ཉེ་ལས། ཆང་འཐུང་རྒྱག་པས་མྱོས་པའི་མི། །སེམས་ཅན་གཏི་མུག་དབང་གྱུར་རྣམས། །གཏི་མུག་ཞགས་པས་མངོན་ནས་སུ། །སྲེད་པའི་རོས་ནི་འཐུང་བར་བྱེད། །གཏི་མུག་ཞགས་པ་ཆང་ཡིན་ཏེ། །འཐུང་ན་གཤིན་རྗེ་བསྐུལ་བར་བྱེད། །མཐོ་རིས་ནས་ནི་དམྱལ་བར་འགྲོ། །དེ་བས་ཆང་ལ་མ་རེག་ཅིག །མཐོང་དང་རེག་དང་མནམ་པ་ལས། །ཆང་གིས་མི་ནི་རྨོངས་པར་བྱེད། །དེ་ལས་ཀུན་ཏུ་ཞགས་པ་ཡིན། །དེ་ནི་རིགས་སྤང་ཡོངས་སུ་སྤང་། །མཐོང་བ་ལས་ནི་ཆགས་པ་སྐྱེ། །རེག་པ་ལས་ནི་དྲི་འབྱུང་ལ། །དྲི་ལས་རོ་ལ་ཆགས་པ་འབྱུང་། །རོ་རྣམས་ཀྱིས་ནི་ཐ་མལ་འགྲོ། །ཇི་ལྟར་ཆང་ལ་ངེས་བསྟེན་ན། །དེ་ལྟར་མིང་དང་གཟུགས་འཇིགས་ཏེ། །ཞགས་པའི་ནང་ནས་ཐ་མ་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་གསུངས། །


CMR035_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། མདོ་སྡེ་མྱ་ངན་འདས་ཆེན་ལས། སྨྱོ་བའི་ཁུ་བ་ཆང་མི་བཏུང་ཞིང་། དྲི་ཞིམ་པ་ལ་མནམ་པའི་བར་དུ་ཡོངས་སུ་སྤངས་བ་ནི། དགེ་སྦྱོང་གི་ཆོས་ཞེས་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུས་ནས་ཀྱང་ཆང་འཐུང་ན་སྔ་མ་ལས་ཉེས་པ་ཆེ་སྟེ། །འཕགས་པ་སོར་ཕྲེང་ཅན་གྱིས་ཞུས་པའི་མདོ་ལས། གང་ཕྱི་བ་དང་མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ལོག་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆང་འཐུང་ཞིང་ཕྱི་བ་དང་མ་ནིང་དུ་གྱུར་ཏེ། ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ་། །བྱང་ཆུབ་སེམས་དཔའི་བསྒྲུབ་བྱ་ནི་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་པ་ལ་ཆང་སྤང་དགོས་ཏེ། གདགས་པ་ལས། གང་ཚེ་རྒྱལ་བའི་དབུ་ན་གཙུག་ཏོར་ལྡན། །ལྗགས་ཀྱང་རིང་ཞིང་བསླབ་པར་ག་ལ་འགྱུར། །སྲོག་ཆགས་མ་བསད་མ་བྱིན་མ་བླངས་དང་། །འདོད་ལ་ལོག་པར་མ་བསྐྱེད་རྫུན་མ་བྱས། །ཆང་འཐུང་བ་ཡང་རྟག་ཏུ་སྤངས་བྱས་ནས་། །མང་པོ་གཞན་དག་རྣམས་ཀྱང་དེ་ལ་བཙུད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རང་ཆང་འཐུང་བ་ལྟ་ཅི་སྨོས། གཞན་ལ་སྦྱིན་ན་ཡང་མ་དག་པའི་སྦྱིན་པ་སྟེ།


CMR035_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། ཆང་དང་དུག་དང་མཚོན་ཆ་དང་། བཤད་ཤ་སྟེར་བ་མ་དག་པའི་སྦྱིན་པར་གསུངས་ཤིང་། སེང་གེས་ཞུས་པ་ལས་ཀྱང་ཆང་སྦྱིན་ན་སྐྱེ་བ་ལྔ་བརྒྱར་ལག་རྡུམ་དུ་སྐྱེའོ། །ཞེས་གསུངས་སོ། །དེས་ན་ཐེག་པ་ཆེ་ཆུང་གང་ལ་ཞུགས་ཀྱང་ཆང་སྤངས་ནས་འབྲས་བུ་ཐོབ་པར་གསུངས་ཏེ། དྲན་པ་ཉེར་བཞག་ལས། མི་གང་དག་གིས་ཆང་སྤངས་པ། །ཆོས་དང་ངང་ཚུལ་མཉམ་པར་བཞག །གང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །ཞེས་གསུངས་པ་ལྟར། རྒྱ་གར་རྡོ་རྗེ་གདན་དང་ཤྲཱི་ནཱ་ལེནྡྲ་ལ་སོགས་པའི་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱི་སྡེ་ཐམས་ཅད་ལ་ཆང་ཁྲིམས་དམ་པོ་ཡོད་དོ། །གྲུབ་ཆེན་བིརླ་པ་དང་མེ་ཏྲི་པ་རྣམས་གྲུབ་པ་ཐོབ་ནས་ལྐོག་ཏུ་ཆང་ཅུང་ཟད་གསོལ་བས། གྲུབ་ཐོབ་ཡིན་པར་ཡང་མ་ཤེས་ཏེ། དགེ་འདུན་རྣམས་ཀྱིས་ཆད་པ་བཅད་ནས་ཕུད། སླར་གྲུབ་རྟགས་ཆུ་ལ་ཐོགས་མེད་དུ་གཤེགས་པ་སོགས་མཛད་པས་། གྲུབ་ཐོབ་ཏུ་ཤེས་ནས་བཟོད་གསོལ་བྱས་པས་དགེ་འདུན་གྱི་ནང་དུ་དེ་འདྲ་བྱེད་མི་བྱུང་ན་ད་རུང་ཡང་ཆད་པས་ཆོད་ལ་སུན་ཕྱུངས་ཤིག་ཅེས་བཀའ་གནང་སྐད་དོ། །གསང་


CMR035_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྱ་སྤྱོད་ཉམས་སུ་ལེན་པས་ཆང་སྤང་དགོས་ཏེ། དོན་ཡོད་ཞགས་པའི་རྒྱུད་ལས། ཆང་དང་ཤ་དང་རྐུ་བ་དང་། །འདྲེས་དང་ཟ་འཕྲོ་སོགས་སྤང་དག །ཅེས་དང་། དེ་བཞིན་དུ་བྱ་སྤྱོད་རྒྱུད་ཐམས་ཅད་ནས་བཀག །རྣལ་འབྱོར་རྒྱུད་ཉམས་སུ་ལེན་པས་ཆང་འཐུང་མི་རུང་སྟེ། སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཞེས་སོགས་གསུངས་སོ། །བླ་མེད་རྒྱུད་ལ་ཡང་ཆང་འཐུང་མི་རུང་སྟེ། བླ་མ་ལྔ་བཅུ་པར་བླ་མ་ངན་པའི་མཚན་ཉིད་མ་སྡོམ་པར་གསུངས་ལ། ལྟ་བ་མདོར་བསྟན་ལས། མ་བསྡམས་ཤིན་ཏུ་ཆང་འཐུང་བ། །ཞེས་གསུངས་པས་ཆང་ལ་དགའ་བ་རྡོ་རྗེ་སློབ་དཔོན་མིན་ཀྱང་གསང་སྔགས་བླ་མེད་ཉམས་སུ་ལེན་པས་ཆང་འཐུང་ན་མི་རུང་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། སྔགས་པ་ཚང་གིས་རྣམ་འགྱུར་ཞིང་། འདོད་པ་ལ་བརྐམ་འཁྲིག་པར་བྱེད། །གར་བྱེད་དེ་བཞིན་རྒོད་པ་དང་། །འཐབ་མོ་ལ་སྤྱོད་རྣམ་པར་འཕྲུལ། །སྨོད་ཅིང་ཉམས་པར་བྱེད་པས་ཀྱང་། །དམྱལ་བ་ངུ་འབོད་དུ་འཚོད་འགྱུར། །རྣལ་འབྱོར་མ་ཀུན་ཁྲོས་པ་དང་། །སྡིག་པས་དམྱལ་བར་འགྲོ་འགྱུར་ཞིང་། །དེ་ལ་ནད་དང་མྱ་ངན་འཇིགས། །རྣམ་འཚེ་འཇིགས་སུ་རུང་བ་


CMR035_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །བླ་མ་ལ་འཁུ་བླ་མར་སྨད། །སེམས་ཅན་འཁུ་ལ་སྦྱིན་མི་བྱ། །བདུད་རྩི་དང་ནི་དུག་དེ་ཉིད། །དངོས་གྲུབ་བསྒྲུབ་པ་འབྲས་བུ་མེད། །འདི་དག་སྔོན་གྱི་སངས་རྒྱས་ཀྱིས། །སྔགས་པས་སྤངས་བར་བྱ་བར་གསུངས། །ཞེས་དང་། དགོངས་པ་ལུང་སྟོན་ལས། ཉ་དང་ཤ་དང་དེ་བཞིན་ཆང་། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་བླུན་པས་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །ཅེས་སོགས་ནས། དེ་རྣམས་བདུད་ཀྱི་བྱིན་རླབས་ཀྱིས། །གལ་ཏེ་དངོས་གྲུབ་ཕྲ་འདོད་ནི། །དེས་ནི་མངོན་པར་ང་རྒྱལ་བས། །མཁས་པ་མཉམ་དུ་ཤེས་པར་འབྱུང་། །ཞེས་གསུངས་པ་སོགས་དང་། ཨོ་རྒྱན་རིན་པོ་ཆེས་ཀྱང་། བྱིན་གྱིས་མ་བརླབས་ཤ་ཆང་དག །ཞག་གསུམ་བར་དུ་སྔགས་ཀྱི་ནུས་པ་ཉམས། །ཞེས་གསུངས་སོ། །གསང་འདུས་སོགས་ཀྱི་དབང་ཆོག་ཏུ་ཡང་། ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། །ཆང་ནི་རྣམ་པར་སྤང་བར་བྱ། །ཞེས་དང་། དུས་འཁོར་ནས་གསུངས་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔའི་དམ་ཚིག་གི་ཚིགས་སུ་བཅད་པ་ལས། ཆང་འཐུང་མྱོས་པར་བྱེད་པ་སྟེ། །ཡང་ཞིང་བསླབ་པའི་གཞི་ལྔའོ། །ཞེས་སོགས་གསུངས་


CMR035_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆང་མི་འཐུང་བ་གསང་སྔགས་ཀྱི་དམ་ཚིག་ཡིན་ནོ། །འོ་ན་བདེ་མཆོག་སྙན་བརྒྱུད་སོགས་གསང་སྔགས་ཀྱི་བསྒོམ་སྐོར་ལམ་རིམ་མང་པོ་ནས། སྟོབས་དང་མྱོས་བྱེད་རྟག་ཏུ་བསྟེན། །ཞེས་ཤ་ཆང་བསྟེན་པར་གསུངས་པ་ཅི་ཞེ་ན། དེ་ནི་དུས་རྟག་ཏུ་བག་མེད་དུ་བསྟེན་པ་མ་ཡིན་ཏེ། བསྐྱེད་རིམ་བརྟན་པ་ཆེར་ཐོབ་ནས། སྦྱོར་ལ་དྲོད་ཀྱི་ཡེ་ཤེས་ཅུང་ཟད་སྐྱེས་ནས། ལམ་རྩ་རླུང་གི་ཐིག་ལེ་སྒོམ་པའི་ཚེ་ལུས་ཟུངས་རྒྱས་ཤིང་བྱང་སེམས་འཕེལ་བའི་ཆེད་དུ། ལས་ཀྱིས་ཤི་བའི་ཤ་དང་། ཆང་ལ་བདུད་རྩི་རིལ་བུ་བཏབ། ལག་མཆོད་དམ་ཚོགས་ཀྱི་མཆོད་པར་བྱིན་བརླབས་ནས་ཟ་བའི་རྣལ་འབྱོར་ལྡན་པས། སྨན་བཅུད་ལེན་གྱི་ཟས་ཀྱི་ཚུལ་དུ་ཅུང་ཟད་བསྟེན་ཏེ། ཕལ་པ་ལྟར་འགྲང་ཚད་ནི་བཟའ་བ་མ་ཡིན་ནོ། །དུས་འཁོར་ལས་གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ། ངེས་པར་སྔགས་པ་རྣམས་ལ་མྱོས་བྱེད་གསུངས་པ་ཉིད་མ་ཡིན། ཅེས་དང་། དེའི་འགྲེལ་པར། དེ་བཞིན་དུ་ཆང་གི་བཏུང་བ་ནི་ཅུང་ཟད་ཁ་ཚིམ་པར་བྱེད་པ་སྟེ། བུམ་པ་ལ་སོགས་པ་བཞིན་དུ་མ་ཡིན་ཏེ། མྱོས་བྱེད་ནི་རྣལ་འབྱོར་གྱི་དབང་པོ་རྣམས་ལ་ཐར་པ་སྟེར་བར་བྱེད་པར་མི་འགྱུར་རོ། །ཞེས་གསུངས་


CMR035_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེས་ན་གྲུབ་པ་ཐོབ་པ་ནི་མ་གཏོགས་ཏེ། ཚོགས་ཆང་བྷནྡྷ་གང་བས་མང་འཐུང་མི་རུང་། ཚོགས་འཁོར་ཞིག་ལ་གསོག་འཇོག་བྱས་ཏེ་རྗེས་ནས་ཡང་བྷན་གང་སོགས་འཐུང་མི་རུང་། བྷན་གང་སྔར་གྱི་མི་རྣམས་ལུས་ཆེ་བའི་ཕྱིར་ཀ་པཱ་ལ་ཆེ་བས་མི་རུང་། དེའི་ལུས་ཧ་ཅང་ཆེ་བའི་རིགས་མིན་པར་ཚད་ལ། ཀ་པཱ་ལ་དེ་སྨིན་མཚམས་ནས་བྲེག་པའི་ཆད་ལྷག་མ་ཡིན་པ། མཛོད་སྤུ་ཡན་ཆད་ནས་དྲིས་པ་ཞིག་གི་གང་འཐུང་རུང་། དེ་ཡང་ཚོགས་བྱེད་མཁན་སློབ་དཔོན་དམ་ཚིག་དང་ངེས་པར་ལྡན་ཞིང་བསྙེན་སྒྲུབ་ཚད་དུ་སྐྱེལ་བ་བསྐྱེད་རྫོགས་ཀྱི་ཉམས་རྟོགས་དང་ལྡན་པ་ཞིག་ནི་གལ་ཆེའོ། །ཆོ་ག་ཤེས་པ་ཙམ་གྱིས་ནི་མི་ཆོག་གོ །དེའི་དོན་ཅིས་ཤེས་ཤེ་ན། སྔོན་རྒྱལ་བ་ཐམས་ཅད་མཁྱེན་པ་དྲུག་པ་ཉིད་ཀྱིས་ཚོགས་དབུར་བཞུགས་ཤིང་ཚོགས་མཛད་པ་དང་། མིན་ཀྱང་རང་ཚང་གི་ཚོགས་འཁོར་དུས་ཀྱི་སྤྱན་ལྟོས་ཡིན་ཏེ། རང་ག་ཆང་འཐུང་ན་ཆད་པས་ཀྱང་མི་ཆོག་པར། མདོ་སྒྲུབ་རྒྱག་ནས་ཕུད། ཚོགས་འཁོར་དུས་འཚོགས་ཞལ་རེ་རེ་ཐམས་ཅད་ཀྱིས་གསོལ་ལོ། དེ་བས་ཐིགས་གཅིག་ཀྱང་མི་བཏུང་བ་ཡིན་ནོ། །ལུགས་དེ་ལེགས་པའི་རྒྱུ་མཚན་དེ་བས་མང་ན་གོང་


CMR035_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་པའི་ཉེས་པ་ཐམས་ཅད་འབྱུང་ངོ་། །འོ་ན་བྷིན་ལ་ཚད་འཇོག་པ་ཅི་ཡིན་ཞེ་ན། བདེ་མཆོག་སོགས་སྔགས་ཀྱི་རྒྱུད་ཐམས་ཅད་ནས་དུང་ཆེན་སྣོད་དུ་ཆང་གཅིག་པ། ཞེས་བཟའ་བཏུང་གི་སྣོད་མཆོག་ཏུ་བཤད་པ་དང་། མར་པས་མི་ལ་མི་ལས་དྭགས་པོ་སོགས་ལ་ཡང་ཆང་ཀ་པཱ་ལ་རེ་རེ་གནང་བ་ལྷག་མ་མེད་པར་གསོལ་ནས། བརྒྱུད་པ་འཛིན་པ་སོགས་རྟེན་འབྲེལ་འགྲིགས་པའི་རྟེན་འབྲེལ་ལོ། །ཡང་ན་ས་པཎྜི་ཏས། མཆོད་པ་གཏོར་མ་ལ་ཤ་དང་ཆང་ལ་སོགས་པ་འབུལ། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱོང་བ་ཙམ་བྱ། ཞེས་གསུངས་པ་དང་།། སློབ་དཔོན་ཞི་བ་འཚོ་དང་པཎ་ཆེན་ཤཱཀྱ་ཤྲཱི་དང་། ཇོ་བོ་རྗེ་རྣམས་ཀྱིས་བཞེད་པ་ལྟར། ཆང་སྲིན་ལག་གིས་ལྕེར་མྱོང་བ་ཙམ་ངེས་པར་བྱའོ། །དེ་ཡང་ནད་ལ་གནོད་པའམ། ཕ་རོལ་པོ་དག་མི་དད་པར་སྔགས་ལ་སྐུར་འདེབས་སུ་འགྱུར་དོགས་ནས། སྲིན་ལག་གིས་མྱོང་བའམ་བདུད་རྩི་ཐུར་འགྱེད་ཅེས་ཁེམ་གྱིས་འགྱེད་པར་བྱའོ། །།དེ་ལྟར་མ་ཡིན་པར་བྷནྡཱ་རེ་ཙམ་ཡང་བཀག་ནས་རྣམ་རྟོག་བྱས་ནས། ཚོགས་ཆང་རྣམས་ས་འོག་ཏུ་སྦ་བ་དང་། ཕོ་ནས་དོར་བ་སོགས་བྱེད་པ་མི་རུང་ངོ་། ཌོ་བྷི་པས། རྟོག་པ་དང་འཛེམ་


CMR035_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བས་དགེ་སློང་ལ་སོགས་རྟོག་པ་དང་ལྡན་པ་དག་ཀྱང་། འདིར་རྟོག་པར་མི་བྱའོ། །ཞེས་དང་། བློ་ཆུང་བ་དག་གིས་མ་གུས་པ་དང་སྐུར་པ་བཏབ་ན་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་གསུངས་པ་དང་། གྲུབ་ཆེན་བཟང་པོ་སྦྱིན་པས། གུས་པར་བྱས་ཏེ་བླང་བར་བྱ། །མ་དད་པས་ནི་བླང་མི་བྱ། །བདུད་རྩི་བཞིན་དུ་བཏུང་བར་བྱ། །ཞེས་གསུངས་པ་དང་། བཟང་བོ་སྦྱིན་པ་དང་ཨ་ཧྥུ་ཀ་ར་གཉིས་ཀས། བཏུང་བའི་སྣོད་ནི་མང་འགྱུར་ན། །ཀུན་ལ་རེ་རེ་སྦྱིན་པར་བྱ། །ཞེས་གསུངས་པས་བྷནྡྷ་རེ་རེའོ། །ཅ་ནེ་རེ་རེ་བྱེད་པ་ནི་བྷནྡྲ་མང་པོ་མ་རྙེད་པས། བྷན་ལས། དེ་མི་ཆེ་བའི་ཕྱིར་རོ། །དེས་ན་སངས་རྒྱས་ཡེ་ཤེས་ཞབས་དང་ཤཱནྟི་པས་ཀྱང་། མཆོད་རྫས་རྣམས་ཀྱི་སྣོད་དག་ནི། །སོ་སོར་རེ་རེའི་ཀུན་ལ་གཅིག །དག་དང་མ་དག་དཔྱད་མི་བྱ། །ཞེས་གསུངས་པ་ལྟར་རྩྭ་རི་སོགས་ཆང་སྣོད་དུ་ཀ་པཱ་ལ་གཅིག་འཕངས་ནས། དེས་བཅུ་ཞིང་ཐམས་ཅད་ཀྱིས་འཐུང་སྐད་དོ། །བྷན་གང་བས་མང་མི་རུང་། ཌོ་བྷི་པའི་ཚོགས་འཁོར་ལས། བཏུང་བ་མང་པོ་སྤྱད་མི་བྱ། །རྣམ་


CMR035_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཉམས་པས་དངོས་གྲུབ་མེད། །བདུད་ཀྱི་ལས་ནི་ཟློག་པར་དཀའ། །ཞེས་གསུངས་སོ། །ཡང་ཐིགས་པ་ལྕེ་ལ་བཞག་གི་བྷནྡྲ་གང་མི་རུང་སྙམ་ན་མ་ཡིན་ཏེ། རྒྱུད་དང་ཚོགས་འཁོར་གཞུང་དང་འདྲ་བར་བཟའ་ཞིང་ངོམ་པར་བཏུང་། ཞེས་གསུངས་སོ། །རང་གི་སྐལ་པ་གཞན་སྐལ་མེད་ལ་སྟེར་བ་དང་། ས་ལ་ཕོ་བ་མི་རུང་སྟེ། པདྨ་འབྱུང་གནས་དང་ཌ་བྷི་པ་དང་ཨ་བྱཱ་ཀ་ར་དང་། བཟང་པོ་སྦྱིན་པ་རྣམས་ཀྱི་གསུང་མཐུན་པར། གཏར་ག་གཞན་ལ་སྦྱིན་མི་བྱ། །ས་ལ་ཕོ་ན་ཆད་པས་བཅད། །ཅེས་གསུངས་པས་ཚོགས་ཆང་ཕོས་ན་མཁའ་ཚེའགྲོའི་ཆད་པ་འབྱུང་ངོ་། །རང་ཉིད་དགེ་ཚུལ་སློང་སོགས་ཡིན་པས་ཆང་དང་ཕྱི་དྲོའི་ཁ་ཟས་བསྟེན་ན་བསླབ་པ་དང་འགལ་སྙམ་ནས་འཛེམ་ན་ལྟུང་བ་བཅུ་གསུམ་པ་འབྱུང་སྟེ། ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱིས་ཀྱང་རབ་ཏུ་བྱུང་བ་ལ་སོགས་པ་བསླབ་པས་བཅིངས་པས་ཆང་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་བསྟེན་པའི་ལྟུང་བ་འབྱུང་གི་དོགས་པའི་བསམས་པས་མ་བསྟེན་པའོ། །ཞེས་རྩ་ལྟུང་བཅུ་གསུམ་པ་ཉིད་ཡིན་གསུངས་སོ། །སློབ་དཔོན་བྷ་ཝ་བྷ་དྲས། དམ་ཚིག་ལ་ནི་ཇི་བཞིན་སྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །དེ་བཞིན་དུ་བསྙེན་


CMR035_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དུས་ཀྱང་ཚོགས་ཆང་དང་ཚོགས་ལ་འཛེམ་ན་ལྟུང་བ་འབྱུང་སྟེ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བསྙེན་གནས་ཀྱི་ཞལ་གདམས་ལས། ཐེག་པ་ཆེན་པོ་ཡར་ལྡན་ལ་གནང་སྟེ། གསང་སྔགས་ཀྱི་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་ལོ་བྱེད་པ་དང་། བསྙེན་གནས་ཀྱིས་བསྡམས་ནས་ཚོགས་མ་ཟོས་ན་དམ་ཚིག་ཉམས་པས་བཟའ་ལ་རྩ་བ་ཡན་ལག་གཞན་མ་ཉམས་པར་བསྲུང་ངོ་། །ཞེས་གསུངས་སོ། །དེས་ན་དགེ་སློང་ངམ་བསྙེན་གནས་ཡན་སོ་སོ་ཐར་པ་ཅི་ཙམ་དུ་གཙང་བར་སྲུང་བ་ཞིག་ཡིན་ཀྱང་ཚོགས་གྲལ་ཡོངས་ནས། ཚོགས་སྐལ་དང་ཚོགས་ལོངས་སྤྱོད་པར་བྱ་སྟེ། བྷནྡྷ་གང་ལས་མི་མང་། ཐིགས་པ་སྲིན་ལག་གིས་སམ་ཁེམ་གང་ངམ་ཏིང་འབྲུག་གི་ཐེབ་ཙེ་གང་ཙམ་ངེས་པར་ལོངས་སྤྱོད་དགོས་ཏེ། །ཅི་ལ་མི་མཉམ་ཡང་ཚོགས་ལ་མཉམ། ཞེས་གསུངས་པའི་དོན་ནོ། །དེས་ན་ཚོགས་ཆང་གིས་བཟི་འགྱེལ་དང་འདོད་འཐུང་བྱེད་པ་ནི་བག་མེད་པ་སྟེ་ཆང་འཐུང་བའི་ཉེས་པ་ཐམས་ཅད་འབྱུང་། ཚོགས་ཆང་རྒྱས་པར་བཤམས་ནས་ཅུང་ཟད་ཙམ་ཡང་མྱོང་མི་ཕོད་པར་དོང་དུ་བླུག་པ་དང་འཕོ་བ་ནི་གསང་སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པ་འབྱུང་བས། རྒྱལ་བ་དྲུག་པའི་ཞལ་


CMR035_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱོད་པ་སྟག་མོས་བུ་ཁུར་བ་ལྟར་དམ་ལྷོད་རན་པ་ཞིག་བྱ་གསུངས་པ་ལྟར། ཚོགས་ཆང་བྷན་གང་ལས་མི་མང་། ཐིགས་པ་གཅིག་ཡན་ཆོད་སྤྱོད་པར་བྱའོ། །དེ་ལྟར་ཚོགས་འཁོར་དང་ལག་མཆོད་ཀྱི་ཆོ་ག་ཆ་ཚང་མ་གཏོགས་པར། བྱིན་གྱིས་མ་བརླབས་པའི་ཆང་ནི་རྩྭའི་རྩེ་མོའི་ཐིགས་པ་ཙམ་ཡང་སྲོག་ལ་བབ་ཀྱང་སྤང་བར་བྱའོ། །གལ་ཏེ་གནས་རི་བསྐོར་བ་སོགས་ལ་ཆང་དང་དགོང་ལྟོ་སོགས་གྲྭ་ས་ཐམས་ཅད་ནས་དགོངས་པ་གནང་སྲོལ་ཡོད་པ་ལྟར། ཚོགས་མཆོད་བསྡུས་པ་རྣལ་འབྱོར་པའི་ཟ་ཚོགས་སམ། ལག་མཆོད་ཀྱིས་བྱིན་གྱིས་བརླབས་ནས་རྩི་ཙམ་བཏུང་གི་ར་རོ་བར་མི་བྱའོ། །དེ་ནི་ཆོས་ལྡན་གྱི་བྱ་བ་ཡིན་གྱི་དེ་མ་ཡིན་པར་ཡུལ་དུ་ཆང་བཏུང་ནས་དགོན་དུ་འཛེམ་པ་དང་། ལྐོག་ཏུ་བཏུང་ནས་མི་སྡུན་དུ་འཛེམ་པ་ནི་གོང་དུ་བཤད་པའི་ཉེས་པ་ཐམས་ཅད་འབྱུང་། ལྷ་དང་སྲུང་མ་ཐམས་ཅད་དང་སངས་རྒྱས་བྱང་སེམས་མངོན་ཤེས་ཀྱི་སྤྱན་ལྡན་ཐམས་ཅད་ཀྱིས་ཁྲེལ་བས་ཤིན་ཏུ་སྤང་བར་བྱའོ། །ཞེས་ཨ་རཱ་གས་སྦྱར་བ་ལ། ཉེས་འགལ་གང་མཆིས་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ནས། མྱུར་དུ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །


CMR035_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ནེ་ཡེ། སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྩ་བ་བཞི་ལ་ཉེས་པ་བཅུ་རེ་གསུངས། །ཆང་ལ་ཉེས་པ་དྲུག་ཅུ་ཐམ་པ་གསུངས། །ཆུང་གིས་མི་དགེ་བཅུ་ཡི་སྣ་འདྲེན་བྱེད། །ཆང་འཐུང་རྣམ་སྨིན་དམྱལ་བ་ངུ་འབོད་དུ། །ཁྲོ་ཆུ་ཁོལ་མ་ཁོ་ན་འཐུང་བར་སྐྱེ། །རྒྱུ་མཐུན་འབྲས་བུ་གནོད་སྦྱིན་གདུག་པ་ཅན། །ཆང་ལ་དགའ་བའི་རྒྱལ་འགོང་རིགས་སུ་སྐྱེ། །དབང་གི་འབྲས་བུ་རྒྱ་ལ་མིར་སྐྱེས་ན། །སྨོན་པ་ཁོ་ནའི་སྐྱེ་བ་ལྔ་བརྒྱ་ལེན། །ཆང་ནི་སྤངས་པའི་རྣམ་སྨིན་གྱི། །འབྲས་བུ་དག་པའི་ཞིང་དུ་སྐྱེ། །རྒྱུ་མཐུན་འབྲས་བུ་མི་ཡི་ལུས། །ཆོས་ལྡན་མཉམ་བཞག་བསྒོམ་པ་སྐྱེ། །དབང་གི་འབྲས་བུ་སྐྱེ་བ་ཀུན། །བག་ཡོད་ཚུལ་ཁྲིམས་ལྡན་པར་སྐྱེ། །ཚོགས་ཆང་མ་གཏོགས་ཆང་ནི་གང་འཐུང་བ། །སྐྱེ་བོ་རྣམས་ལ་ཉེས་པ་དེ་རྣམས་འབྱུང་། །སྡོམ་པ་ཞུས་པས་ཆང་འཐུང་འབུམ་འགྱུར་ཐུ། །ཚོགས་ཆང་བྷན་དྷ་གང་ལས་མི་མང་བོ། །ཐིགས་གཅིག་ལྕེ་ལ་བཞག་པ་དམ་ཚིག་སྟེ། །དེ་མ་བྱས་ན་སྔགས་ཀྱི་དམ་ཚིག་ཉམས། །དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་གསུངས། །སྐྱེ་བོ་མིན་ཀྱང་ཆང་འདི་བཅད་ན་བདེ། །བཙུན་


CMR035_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆང་འཐུང་བདུད་ཀྱི་བར་ཆད་ཡིན། །འོན་ཀྱང་ཚོགས་ཀྱི་དམ་རྫས་སྤང་ན་ནི། །དམ་ཚིག་ཉམས་པས་དམྱལ་བར་སྐྱེ་བ་དང་། །མཁའ་འགྲོ་རྣམས་ཀྱིས་བཀའ་ཆད་འབྱུང་བའི་ཕྱིར། །ཅུང་ཟད་ཙམ་ཞིག་ལྕེ་ལ་བཞག་པར་བྱ། །ཆང་དང་མི་འདྲ་ཤ་དང་ཚོགས་ཀྱི་ཟན། །རང་བཞིན་ལྡན་པས་འགྲོ་བ་ཟ་བར་རུང་། །དེ་ཡང་བདུད་རྩི་ཡིན་པའི་ངེས་ཤེས་དང་། །ལུས་དཀྱིལ་མཆོད་པར་དམིགས་པ་གལ་ཆེ་ཞིང་། །དུད་འགྲོ་འདི་ནི་ཚེ་སྔོན་ཕ་དང་མ། །དེ་ལ་སྙིང་རྗེའི་བསམ་པ་སྐྱེ་བྱ་ཞིང་། །ཀཾ་ཀ་ནི་དང་པདྨོ་ཨུཙྪི་ཥའི། །སྔགས་ཀྱིས་ཟ་འཕྲོ་ཤ་དང་རུས་པ་སྔགས། །དུད་འགྲོ་བདེ་བ་ཐོབ་པའི་བསྔོ་བ་བྱ། །ཤ་ཡི་གནད་འགག་གོ་བདེའི་ཚིགས་བཅད་འདི། །དགེ་སློང་རཱ་ག་ཨ་སྱས་སྨྲས།།


previousཆང་གི་ཉེས་པ་བསྟན་པ། དུག་དང་བདུད་རྩིའི་རྣམ་པར་དབྱེ་བ་འཇམ་དབྱངས་བླ་མའི་ཞལ་ལུང་བསྟན་པའི་རྒྱན།next