Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ།
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ།next

ཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ།


CMR035_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ་ཞེས་བྱ་བ་ཡོད།། རྒྱ་གར་སྐད་དུ། སཾ་སྐྲ་ཏའི་སྐད། སུ་ར་ཞེས་ནི་བྱ་བ་སྟེ། བོད་སྐད་ཆང་ཞེས་བྱ་བ་ཡིན། །སྒྲ་དོན་ངན་པ་གཅིག་ལ་འཇུག། །ཆང་ལས་ངན་པའི་ཟས་མེད་དེ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། །སྲོག་བཅད་ལ་སོགས་རྩ་བ་བཞི། །ཉེས་པ་བཅུ་རེ་ལས་མ་གསུངས། །ཆང་ལ་ཉེས་པ་དྲུག་ཅུ་བཤད། །སྐྱ་སེར་སྐྱེས་པ་བུད་མེད་འདྲ། །ཆང་ལ་དགའ་བ་སྡིག་ཆེན་ཡིན། །ཉེས་ལྟུང་ཀུན་གྱི་གཞི་ཡིན་ཕྱིར། །ཆང་བཏུང་སྡིག་པ་ཤིན་ཏུ་ཆེ། །རྒྱ་གར་རྒྱལ་པོའི་ཁྲིམས་ཕོག་ཀྱང་། །ཉིན་གཅིག་གསོན་བསྲེགས་བྱས་ནས་འཆི། །རྒྱུན་དུ་གསོན་སྲེག་བྱེད་རྒྱུ་མེད། །ལན་གཅིག་ཆང་བཏུང་སྡིག་པ་ཡིས། །དམྱལ་བ་ངུ་འབོད་ཆེན་པོ་རུ། །ལོ་ནི་བྱེ་བ་སྟོང་དུ་བསྲེག །རྒྱལ་པོ་ཆེན་པོས་ཁྲིམས་ལས་ཀྱང་། །སྐྲག་འཇིགས་ཆེ་བ་ཆང་ཡིན་ནོ། །སྲོག་གསུམ་བེ་དཀར་རྒྱལ་པོས་ཀྱང་། །ལན་གཅིག་སྨྱོ་ནས་འཆི་བར་བྱེད། །སྐྱེ་བ་མང་པོར་སྨྱོ་མི་ནུས། །ལན་གཅིག་ཆང་བཏུང་ཉེས་པ་རྣམ་སྨིན་གྱིས། །།སྐྱེ་བ་ལྔ་བརྒྱར་སྨོན་པར་སྐྱེ། །ཕོ་གདོན་རྒྱལ་འགོང་


CMR035_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བས་ཀྱང་། །བཙོག་པའི་རྒྱལ་འགོང་ཆང་འདི་ཡིན། །འདྲེ་མོ་ལྟེ་ཕུར་ནག་མོས་ཀྱང་། །རྨི་ལམ་ཡུལ་དུ་ཐིག་ལེ་རྐུ། །དངོས་སུ་ངོ་ཚ་ཤོར་མི་བྱེད། །ཆང་གིས་བཟི་བའི་མི་དག་ནི། །བཙུན་པ་ཡིན་ན་སྡོམ་པ་འཆོར། །མི་ཆེན་ཡིན་ན་སྤྱང་མོ་སྤྱོད། །སྒོམ་ཆེན་ཡིན་ན་འདོད་ཆགས་སྐྱེ། །ལྟེ་ཕུར་བྱ་མཆུ་མ་ལས་ཀྱང་། །བཙོག་པའི་མོ་གདོན་ཆང་འདི་ཡིན། །ཀླུ་བདུད་ནག་པོ་མགོ་དགུས་ཀྱང་། །གཅོང་ནད་སྡེ་བཞི་བཏང་མོད་ཀྱི། །མྱུར་དུ་འཆི་བའི་ནད་མི་བཏང་། །ཆང་གིས་བཟི་བའི་མི་དག་ནི། །རྟ་གྲི་རྦབ་གྲི་གཡང་གྲི་དང་། །མཚོན་གྲིར་མྱུར་བ་ཉིད་དུ་འཆི། །ཀླུ་བདུད་སྦྲུལ་མགོ་དགུ་པ་བས། །བཙོག་པའི་ཀླུ་གདོན་ཆང་འདི་ཡིན། །བཙན་དུག་ཧ་ལ་ནག་པོས་ཀྱང་། །ལན་གཅིག་སྲོག་ནི་གཅོད་མོད་ཀྱི། །རྒྱུན་དུ་ཐར་པའི་སྲོག་མི་གཅོད། །ཆང་གིས་ངན་སོང་གསུམ་དུ་འཁྱམས། །མཐོ་རིས་ཐར་པའི་སྲོག་རྩ་གཅོད། །བཙན་དུག་ཧ་ལ་རྒྱུག་འགྱེལ་བས། །བཙོག་པའི་ཟས་ངན་ཆང་འདི་ཡིན། །བན་བོན་སྟོང་གིས་བྲུབ་ན་ཡང་། །ཞག་དྲུག་ཚུན་ལ་མཐུ་མི་འདུ། །ཆང་གིས་བཟི་བ་དེ་མ་ཐག །མཐུ་གཏད་འདུ་བའི་རྟགས་རྣམས་ཚང་། །ཉེ་དུ་


CMR035_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མཚོན་ཆ་འདེབས། །ཁྱིམ་གྱི་སྣོད་སྤྱད་ཐམས་ཅད་དཀྲུགས། །མདའ་གཞུ་གོ་ཆ་རྣམས་ཀྱང་བཅག །རང་སྲོག་གཅོད་ལ་ཐེ་ཀྲི་མེད། །བན་བོན་བརྒྱ་ཡི་མཐུ་བརྒྱ་བས། །བཙོག་པའི་རང་གིས་རང་བྲུབ་པའི། །རྫས་ངན་བསེ་རག་ཆང་འདི་ཡིན། །མཛེ་དམར་མེ་ཡི་འཁོར་ལོས་ཀྱང་། །ལོ་དགུའི་བར་དུ་འཆི་མི་ནུས། །ཆང་ལ་དགའ་བའི་མི་རྣམས་ནི། །ཚད་པ་ཕོག་ན་དོན་ལ་འགྲོ། །ཞག་གཅིག་མི་འགྱང་ཧུར་ཐུམ་འཆི། །གྲང་བའི་ནད་ལ་དམུ་ཆུ་འབྱམས། །སྨུག་པོའི་ནད་ལ་ཁྲག་ཏུ་སྐྱུག །སྲོག་རླུང་ནད་ལ་སྨྱོ་འབོག་འོང་། །མཁྲིས་པའི་ནད་ལ་གཤའ་ཡར་འགྱུར། །ཆམ་པ་ཕོག་ན་ནད་ངན་འགྱུར། །ནད་གཞན་རྣམས་ནི་ལྷ་རྗེས་གཅོས། །ཆང་གིས་བཟི་ལ་བཅོས་རྒྱུ་མེད། །མཛེ་བས་བཙོག་པའི་ནད་ངན་པ། །ཆང་འདི་ཡིན་པས་འཛེམ་པར་བྱ། །འགོང་པོ་རི་བོང་མགོ་ཅན་གྱི། །སྟབས་ཉེས་ཁ་སྨྲས་རེ་རེ་སྟོང་། །ཆང་ནི་འབག་ཚད་བཏུང་བ་སྟེ། །ཐོབན་དེས་བཏུང་ན་སྡོམ་པ་འཆོར། །བཙུན་མས་བཏུང་ན་བྱི་ཕྲུག་གསོད། །ཚོང་པས་བཏུང་ན་ཚོང་ཉེས་འོང་། །མི་ཆེན་བཏུང་ན་བློ་ཉེས་འོང་། །བུད་མེད་བཏུང་ན་མི་ཁ་བསྡུ།


CMR035_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་མིས་བཏུང་ན་མགོ་ཆག་འོང་། །རྐང་ཐང་བཏུང་ན་ས་སྟོང་གཉིད། །འགྲིམ་པས་བཏུང་ན་ལམ་འདྲེས་འདྲེབ། །ནད་པས་བཏུང་ན་སྲོག་དང་བྲལ། །ལྷ་རྗེས་བཏུང་ན་ནད་པ་གསོད་། །སྔགས་པས་བཏུང་ན་བསྐྱེད་རིམ་བརྗིད། །སྒོམ་ཆེན་བཏུང་ན་གཉིད་རྨུགས་འཕེལ། །མི་ངན་བཏུང་ན་ཁ་མཆུ་སློང་། །བླ་མས་གསོལ་ན་བསྟན་ལ་གནོད། །ཐམས་ཅད་ཕུང་བའི་འགོང་པོ་ནི། །ཆང་འདི་ཡིན་པས་བཀར་ཡར་ཐོངས། །ཆང་གིས་བཟི་བའི་མི་དག་ནི། །མིག་རྩ་དམར་བས་མཛེ་ཕོ་འདྲ། །མཐའ་ཁོ་འགྲིམ་པས་ལྕེབས་པ་འདྲ། །ཁ་མང་ལག་རྫ་སྨོན་པ་འདྲ། །འཛིང་གཞི་མེད་ཀྱང་འཛིང་འདོད་ཆེ། །ཚིག་རྩོད་བྱུང་ནས་གྲི་མགོ་འཕུར། །ལྷ་མིན་སྐྱེ་བའི་སྔ་ལྟས་ཡིན། །ཆང་ནི་ཡི་དྭགས་ས་བོན་ཏེ། །ཇི་ལྟར་བཏུང་ཡང་ཚིམ་པ་མེད། །འཐུང་འཐུང་སྐོམ་ཞིང་སྐོམ་དུག་ཆེ། །ངས་ནི་ཐིགས་གཅིག་མ་རག་ཟེར། །བླུད་ལོང་མེད་པར་ཕོ་རུ་རྡེབ། །ཡི་དྭགས་སྐྱེ་བའི་སྔ་ལྟས་ཡིན། །སྐྱུགས་རྒྱུ་མེད་ཀྱང་མཆིལ་མ་བཏང་། །གཏམ་ལ་མཇུག་ཏུ་སྐད་མཇུག་འཆོར། །གཏོ་འཕང་བཞིན་དུ་སྲང་མདོར་འགྱེལ། །གོས་ཀྱི་སྒབ་མ་མགོ་ལ་གྱོན། །སྨད་གཞི་གསང་གནས་མི་ལ་


CMR035_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །མ་སྲིང་རྣམས་ནི་ངོ་ཚས་བྲོས། །བྱི་སྦ་འཚོགས་ནས་ལྟད་མོ་ལྟ། །ཁ་དང་བཤང་ལམ་གོ་ལོག་ནས། །ཟོས་ཚད་ཐམས་ཅད་ཁ་ནས་སྦྱོང་། །སྡ་ལི་རྣམས་ཀྱང་ཁ་སྣ་ལྡག །ཞེ་མི་དགའ་རྣམས་ཁྲེལ་བགད་བྱེད། །མཐུན་པའི་མི་ཀུན་ངོ་ཚ་ཞིང་། །གྲིབ་གཞི་ཕོག་ལྟར་མགོ་ནས་བསྐྱུག །མི་རོ་བཞིན་དུ་ཁུར་དྲུད་བྱེད། །དམྱལ་བར་སྐྱེ་བའི་སྔ་ལྟས་ཡིན། །ཆང་གིས་བཟི་བའི་མི་དག་ནི། །མི་ཁྱིམ་རང་ཁྱིམ་ཁྱད་མེད་པར། །མགོ་བས་རྐུབ་མཐོ་མགོ་མཇུག་ལོག །དོན་མེད་མི་རོ་བཞིན་དུ་གཉིད། །སྡུར་པ་འབྲི་མཛོ་བེའུ་སྟོར་འདྲ། །འོག་རླུང་མེ་མདའ་བཏུད་པ་འདྲ། །ཁྱིམ་གང་ནང་པའི་བཞད་གད་བསླང་། །ངོ་ཚ་སྐྱིད་སྡུག་བསམ་སེམས་མེད། །དུད་འགྲོར་སྐྱེ་བའི་སྔ་ལྟས་ཡིན། །སྐྱ་སེར་གཉིས་པོ་ཁྱད་མེད་པར། །ཆང་བཏུང་བ་ཡི་ཉེས་པ་ཡིས། །ལྕགས་ཁུ་འཐུང་བའི་དམྱལ་བར་སྐྱེ། །རྒྱུ་འབྲས་བསྟན་པའི་མདོ་ལས་གསུངས། །ཁམ་བུ་དུ་འཐུང་གྲངས་ཀ་བཞིན་། །ལྕགས་བཞུས་ཁུ་བ་འཐུང་དགོས་སོ། །ཆང་འཐུང་བ་ཡི་ཉེས་པ་ཡིས། །དམྱལ་བ་ཡི་དྭགས་དུད་འགྲོ་རུ། །སྐྱེ་བར་དྲན་ཉེའི་མདོ་ལས་གསུངས། །ཆང་འཐུང་རྒྱུ་མཐུན་


CMR035_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡིས། །སྦྲང་བུ་སྦྱར་ནམ་ལ་སོགས་པ། །སྒྱུར་དད་ཅན་གྱི་སྲིན་འབུར་སྐྱེ། །ཆང་འཐུང་དབང་གི་འབྲས་བུ་ཡི། །སྨྱོན་པའི་སྐྱེ་བ་ལྔ་བརྒྱར་སྐྱེ། །དེ་དོན་འཕགས་པ་ཀླུ་སྒྲུབ་གསུངས། །དྲན་པ་ཉེར་བཞག་མདོ་སྡེ་ལས། །མི་གང་དག་གིས་ཆང་སྤང་བ། །ཆོས་ཀྱི་ངང་ཚུལ་མཉམ་པར་བཞག །གོང་ན་འཆི་བ་མེད་པ་ཡི། །གནས་མཆོག་དག་ཏུ་དེ་འགྲོའོ། །གསུངས་ཕྱིར་བདེ་བ་ཅན་དུ་སྐྱེ། །དེ་ཕྱིར་བཅད་ན་ཕན་ཡོན་ཆེ། །ཚེ་འདིར་ཆོས་དང་འཇིག་རྟེན་གྱི། །བྱ་བ་གང་བསྒྲུབ་ལམ་དུ་འགྲོ། །གསུང་ཕྱིར་འདི་དང་ཕྱི་མ་ཡི། །དོན་དུ་དུ་ཆང་འདི་དུག་ལྟར་སྤོངས། །མི་རྒན་རཱ་ག་ཨ་སྱ་ཡིས། །དད་ལྡན་མགོན་པོ་མགོན་་་་མཇུག་མ་ཚང་། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousཆང་བཏུང་བའི་ཉེས་དམིགས་དང་བཅད་པའི་ཕན་ཡོན་མཐོང་ཚད་དགའ་བའི་གད་མོ།next