Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ།
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousམར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ།next

མར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ།


CMR035_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །


CMR035_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སངས་རྒྱས་མར་མེ་མཛད་ལ་ཕྱག་འཚལ་ནས། མར་མེའི་བཤད་པ་ལག་ལེན་ཅུང་ཟད་འདིར་བརྗོད་པར་བྱ། དེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མར་མེ་མང་ན་ཡང་། མདོ་སྔགས་ཐུན་མོང་པ་སྤྱིའི་མར་མེ་བཤད་ན། དང་པོ་རྐོང་བུ་ནི། ནད་གདོན་སྡིག་སྒྲིབ་ཞི་ཕྱིར་ཡིན་ན་རབ་དངུལ་གྱི་རྐོང་བུ། མ་རྙེད་ན་དཀར་ཡོལ་ལམ་ཡུངས་དཀར་པོའི་རྐོང་བུ། ལི་ཕོར་འཇམ་ཀོང་མཁར་བ་དཀར་པོ་ལ་ཁྲ། ས་ཀོང་ལ་ས་དཀར་བྱུག་པར་བྱའོ། །ཚེ་དང་བསོད་ནམས་ཉམས་དང་རྟོགས་པ་ཡེ་ཤེས་ཡོན་ཏན་རྒྱས་པར་འདོད་ན། རབ་གསེར་ཀོང་རག་ཀོང་། པད་


CMR035_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་མ་ལི་སེར་ཀོང་བུ། རགི་འགག་ཡུངས་སེར་པོ་ས་ཀོང་ལ་བ་བླ་བྱུག་པར་བྱའོ། །སྣང་སྲིད་དབང་དུ་འདུ་བ་དང་རླུང་སེམས་དབང་དུ་འདུ་བ་དང་། ལྷ་པདྨ་རིགས་ཡིན་ན་རབ་ཟངས་ཀྱི་ཀོང་བུ། སྤེན་སྤུང་མའམ། ཟངས་སྡེར་ཡུངས་དམར་པོའི་ཀོང་བུ། ཞལ་ལུ་དམར་པོ་། རྫའི་ཀོང་བུ་དམར་པོ། ལྗོན་དམར་ཀོང་བུ། མཁར་བ་དམར་པོའི་ཀོང་བུའོ། །དགྲའི་དཔུང་ཟློག །ས་གདོན་ཟློག་པ། གནོད་སྦྱིན་བདུད་དང་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་གཅོད་འདོད་ན། ལྕགས་ཀྱི་ཀོང་བུ་ལྕགས་སྡེར་ཁྲོ་ནག་ཀོང་བུ། སེ་ཁེའི་ཀོང་བུ་ས་ནག་ཀོང་


CMR035_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བུ། མིའི་ཐོད་པ་མ་རྙེད་ན་ས་ཀོང་ལ་ནག་པོ་བྱུག་གོ །དེ་ལྟར་སོ་སོ་ལ་ཀོང་བུ་སོ་སོ་གང་ལས་བཤད་སྙམ་ན། ལེགས་པར་གྲུབ་པའི་རྒྱུད་སྡེ་ཆེན་པོ་ལས། གསེར་རམ་དངུལ་ལམ་ཟངས་མའམ་ལྕགས་སམ་ཡང་ན་ཁམ་ས་ལས། མར་མེ་བླུག་པའི་སྣོད་བྱས་ན། གསང་སྔགས་ཡོངས་སུ་མཉེས་པར་འགྱུར། ཞེས་གསུངས་པའི་དོན་ནོ། །དེ་ལ་སྡོང་བུ་ནི། ཞི་བ་ལ། སྦ་སྙུག་སམ། ཙནྡན་དཀར་པོ་སུར་དཀར་རམ། །མེ་ཏོག་དང་། འབྲུ་དཀར་པོ་ཡོད་པའི་ཤིང་། མགོ་མཇུག་མ་ལོག་པར་རས་དཀར་གཙང་མའམ། གླང་མ་སོགས་ཤིང་བལ་ལ་དྲིལ། རྒྱས་པ་ལ་དར་ཤིང་སྐྱེར་པ་འབྲས་བུ་ཅན་གྱི་ཤིང་ལ། རས་ཆེན་ནམ་རས་སེར་པོ། དབང་ལ་ཙནྡན་དམར་པོ་མཛོ་མོ་ཤིང་ངམ་ཤིང་དམར་པོ་ལ། གོས་དམར་རམ་རས་དམར་པོའི་སྡོང་བུ།། དྲག་པོ་ལ་དུར་ཤིང་ཚེར་མ་ཅན་མགོ་མཇུག་ལྡོག་ལ་བཙུགས། རས་སྔོན་པོ་ལྗང་གུ་ནག་པོ་བྱ་སྟེ། ལེགས་པར་གྲུབ་པའི་རྒྱུད་སྡེ་ཆེན་པོ་ལས། ལས་རྣམས་བཤད་པའི་བྱེ་བྲག་གི །ཤིང་བལ་དང་ནི་རས་སར་དང་། །དུ་གུ་ལ་དང་གོས་རིས་དང་། །དེ་ལ་སོགས་པས་སྙིང་པོ་བྱ། །ཞེས་གསུངས་སོ། །ཞི་བའི་ལས་སྒྲུབ་ན་ཏིལ་


CMR035_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མར། ཤིང་ལས་བྱུང་བའི་མར། སྨན་ལས་བྱུང་བའི་མར། །ནོར་ཕྱུགས་ཁ་དོག་དཀར་པོའི་མར་ལ་བྱའོ། །ཚེ་བསོད་རྒྱས་པའི་ལས་སྒྲུབ་ན། ཡུངས་མར། སྤོས་གང་མར། ཟར་མའི་མར། ནོར་ཕྱུགས་སྤྱི་མདོག་སེར་པོའི་མར་ལ་བྱའོ། །དབང་གི་ལས་ལ་ནི་ཁ་བའི་ཤིང་གི་མར་་་་རྒྱ་གར་དུ་ཡོད། བྷ་ལ་ཀའི་མར་་་་རྒྱ་གར་དུ་ཡོད། ནོར་ཕྱུགས་སྤུ་མདོག་དམར་པོའི་མར་ལའོ།། འབྲུ་མར་རྩི་མར་བསྲེ་མི་རུང་ཀླུ་མི་དགའ་བས་མཛེ་འོང་ཟེར་བའི་ཁ་ངག་སྣང་ངོ་། །མཆན་བུ། དྲག་པོ་དགྲ་བགེགས་འདུལ་ན། ཚིལ་དང་རྐང་དེང་ཉའི་སྣུམ་དང་། ནོར་ཕྱུགས་ནག་པོའི་མར་ལ་བྱ་ཚུལ་རྒྱ་ཆེར་ལེགས་གྲུབ་ལས་གསུངས་ཤིང་། ལེགས་གྲུབ་རྒྱུད་དེ་ལས། ལས་རྣམ་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས་། །ཡང་ན་རྒྱུད་ལས་གསུངས་པ་བཞིན། །བ་ཡི་ཁ་དོག་རྣམ་པར་བརྟག །ཅེས་གསུངས་སོ། །དེ་ལྟར་སོ་སོའི་མར་རྙེད་ན་བཟང་ལ། མེད་ན་མར་གང་རུང་ལ་བྱའོ། །དེ་མར་མེའི་སྨྲ་བརྟག་བྱེད་ན་མར་ཕུད་མ་ཉམས་པ་གལ་ཆེའོ། །མར་ཁུ་བཞུ་དུས་ནས་འབྲུ་བདུན་བཏབ་པས་མི་འཕྱུར་རོ། །མར་དཀར་ཆུ་མ་བཙག་ན་ཚག་ཚག་ཟེར་ཞིང་སྣུམ་ཡར་


CMR035_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆུ་བཙག་གོ །མར་ཁུ་བསྐོལ་ཡུན་ཐུང་བས་ཐོན་མི་ཐུབ། ཡུན་རིང་ན་ཚིག་པས། མར་དཀར་ཡིན་ན་ཡུན་རིང་བསྐོལ། མར་སེར་ཡུན་ཐུང་ངུ་ལས་མི་བསྐོལ། དེ་ནས་ཡུད་ཙམ་གྲང་བཅུག་ལ་སྙིགས་མ་སོང་བར་བླུག་གོ །དེ་ནས་བརྟག་པ་ཡིན་ན། ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཤམས། དོན་གང་ཡིན་སྨོད་ལ་མར་མེའི་ནང་གི་ཕྱོགས་བཞིར་ནས་འབྲུ་བཞི་འཕང་། ལྷ་ལ་ཕུལ་རྒྱུ་ཡིན་ན། ཞི་བ་ལ་སྨན་སྣ་ཚོགས་བཏབ། རྒྱས་པ་ལ་སྤོས་སྣ་ཚོགས་བཏབ། དབང་ལ་སྡོང་བུ་དང་སྐག་ཞུན་ལ་བུ་རམ་འབྲི་མོག་ཅུང་ཟད་བྱུག །མང་ན་མི་གསལ་ལོ། །དྲག་པོ་ལ་དུག་ཁྲག་གི་ཕྱེ་མ་བཏབ་བོ། །སྤྱི་འཚམ་ལ་དེ་རྣམས་མ་འཛོམ་ཡང་རུང་ངོ་། །ལྷ་ལ་འབུལ་བའམ་ཆོས་ལ་ཕུལ་བ་ཧ་ཅང་ཉེ་དྲགས་ན་མེ་མཆེད་པ་དང་སྣུམ་ཡར་བས། ཉེ་རིང་འཚམ་པར་བཞག །མར་མེའི་འོད་དེ་དཀོར་དུ་རྩི་བས་རང་ངོས་དེ་འོད་ཡོལ་བྱའོ། །དཀྱིལ་འཁོར་ཡིན་ན་ནུབ་ཏུ་བཞག །དེ་ནས་མར་མེ་གེགས་སེལ་བྱ་བ་ནི།་་ཕྲོག་ལ་ཟར་མཆན། རིག་པ་མཆོག་གི་རྒྱུད་ལས་གསུངས་ཏེ། ལོག་འདྲེན་གཙུག་ཕུད་ཅེས་བྱ་བ་ནི། མཐུ་ཆེ་ཞིང་བརྩོན་འགྲུས་ཆེ་བ་སྟེ། དེ་མར་མེའི་མེ་ལྕེ་ལ་


CMR035_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་བྱེད་གསུངས་པ་དང་། དཔུང་བཟང་གིས་ཞུས་པ་ལས་ཀྱང་། མར་མེ་འབུལ་བའི་དུས་བགེགས་གཙུག་ཕུད་ཅན་ཞུགས་ཏེ། སྙིང་ཁ་ཚ་ཞིང་གཟེར་ཐབས་སུ་ན་བ་དང་། སེམས་དམྱ་བ་སོགས་འབྱུང་བར་གསུངས་པ། བགེགས་དེ་སེལ་ཐབས་རས་དཀར་གྱི་སྡོང་བུ་བྱས་པའི་མར་མེ་ཆུང་ངུ་གཉིས་སྦར་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མར་མེ་དེ་གཉིས་ཁ་ཐུར་དུ་བསྟན་ལ་བཞག་ནས། སྔགས་དེ་བརྒྱ་འདོན་ནོ། །དེ་བྱས་པས་བགེགས་དེ་མགོ་མཇུག་ལོག་པར་གྱུར་ནས་ཕྱིན་ཆད་མི་གནོད། འདི་ནི་ཚེ་འབར་དང་མར་མེའི་རྒྱལ་མཚན་བལྟམས་དུས་གལ་ཆེའོ། །གེགས་སེལ་འདི་བྱ་སྤྱོད་ཀྱི་ལུགས་ཡིན་པས། མདོ་ལུགས་དང་བླ་མེད་ལུགས་ལ་མ་ཐོན་ཀྱང་ཧ་ཅང་སྐྱོན་མེད་དོ། །མར་མེ་བྱིན་རླབས་ནི་མདོ་ལུགས་དང་། སྔགས་ཕྱི་ནང་གཉིས་དང་ལུགས་གསུམ་ལས། མདོ་ལུགས་ལ་སྔགས་དང་ཕྱག་རྒྱ་མི་དགོས་ཏེ། གེགས་སེལ་ཡང་མི་དགོས་པར། དོན་དམ་པར་སྟོང་པ་ཉིད་རང་བཞིན་མ་གྲུབ་པའི་ངང་ལས། ཀུན་རྫོབ་སྒྱུ་མའི་རྣམ་པར་རིན་པོ་ཆེ་སྣ་ཚོགས་ཀྱི་ཀོང་བུ་ཕྱི་སྣོད་འཇིག་རྟེན་ཙམ་གྱི་ནང་དུ། མར་ཁུ་ཕྱིའི་རྒྱ་མཚོ་ཆེན་པོ་ཙམ། སྡོང་


CMR035_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དབུས་ཀྱི་རི་རྒྱལ་ལྷུན་པོ་ཙམ། མར་མེའི་འོད་ཀྱིས་ནམ་མཁའི་མཐར་ཐུག་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གསལ་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་བསམ་མོ། །བྱ་རྒྱུད་དང་སྤྱོད་རྒྱུད་ལུགས་ལ། གོང་ལྟར་བགེགས་བསྐྲད་གལ་ཆེ། དེ་ནས་སྟོང་པའི་ངང་ལས་དོན་ལ་ལྷ་མོ་དྷི་པོ་མའི་རང་བཞིན་ལ། རྣམ་པ་མར་མེའི་འོད་ཟེར་ལས་མར་མེ་གྲངས་མེད་པ་འཕྲོ་བས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྱན་སྔར་མར་མེ་རེ་རེར་གྱུར་པར་བསམས་ལ།་་མར་མེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་། རྣལ་འབྱོར་རྒྱུད་ཀྱི་ལུགས་ལ་སྟོང་པའི་ངང་ལས་ལྷ་མོ་ཨཱ་ལོ་ཀེ་མའི་ཕྱག་མཚན་དང་དབྱེར་མེད་པའི་མར་མེ། དེའི་འོད་ཟེར་ལས་ལྷ་མོ་ཨཱ་ལོ་ཀེ་དམར་མོ་མར་མེ་ཐོགས་པ་གྲངས་མེད་པར་འཕྲོ་བ། ནམ་མཁའི་མཐར་ཐུག་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྤྱན་ལ་མཆོད་པར་བསམ་མོ། །གསང་སྔགས་བླ་མེད་ལུགས་ལ་སྟོང་པའི་ངང་ལས་ཧཱི༔ཡིག་དམར་པོ་ལས་འོད་འཕྲོས་སངས་རྒྱས་མཆོད། སེམས་ཅན་གྱི་མུན་པ་ཐམས་ཅད་བསལ། ཚུར་འདུས་པ་ལས་ལྷ་མོ་ཨཱ་ལོ་ཀེ་མ་པདྨའི་ཁ་དོག་ཅན། མཛེས་སྡུག་རྒྱན་སྣ་ཚོགས་དང་


CMR035_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱིས་བཀླུབས་པ། ཕྱག་གཡས་འཁོར་འདས་ཐམས་ཅད་གསལ་བའི་མར་མེ་དང་། གཡོན་དྲིལ་བུ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། མར་མེ་དེ་ལས་རང་འདྲ་བའི་ལྷ་མོ་མར་མེ་ཐོགས་མ་བྱེ་བ་དུང་ཕྱུར་རྒྱུན་ཆད་མེད་པར་འཕྲོ་བས། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་སྟེ། སངས་རྒྱས་བྱང་སེམས་ཐམས་ཅད་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་བསམས་ལ། ཁུ་ཚུར་བཅངས་ནས་མཐེ་བོང་བསྒྲེང་བ་མར་མེའི་ཕྱག་རྒྱ་དང་། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་སྔགས་ཡིན་ནོ། །དེ་ནས་མར་མེའི་སེམས་བསྐྱེད་ནི། རང་ངན་སོང་ན་མི་སྐྱེ་བའི་ཕྱིར་དང་། ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་ཕྱིར་དང་། ཉན་ཐོས་རང་རྒྱལ་ཐོབ་ཕྱིར་མར་མེ་ཕུལ་བ་བསོད་ནམས་ཆུང་སྟེ། མར་མེ་ཕུལ་བའི་མདོ་ལས། རང་རྒྱལ་ཐོབ་པའི་སེམས་ཀྱིས། རང་རྒྱལ་ལ་མར་མེ་རི་རབ་ཙམ་ཕྱོགས་ཀུན་ཏུ་བསྐལ་པ་བརྒྱར་ཕུལ་བ་བས། བྱང་ཆུབ་ཐོབ་ཕྱིར་རྩྭ་ཐུར་སྦྱར་ན་བསོད་ནམས་ཆེ་བར་གསུངས་པ་དང་། རང་རྒྱལ་འདོད་པའི་སེམས་ཀྱིས་ཕྱོགས་བཅུའི་སྐྱེ་བོ་ཐམས་ཅད་ཀྱི་རེ་རེས་མར་མེ་རི་རབ་ཙམ་གྱིས་ཕྱོགས་ཐམས་ཅད་བཀང་སྟེ། བསྐལ་


CMR035_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲངས་མེད་པར་སྦར་བ་བས། བྱང་ཆུབ་འདོད་ནས་སངས་རྒྱས་ཀྱི་མཆོད་རྟེན་ལ་མར་མེ་ཕུལ་ན་བསོད་ནམས་ཆེ་བར་གསུངས་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་དུ། མར་མེ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ་བསམ་པའི་སེམས་བསྐྱེད་འདི་ཤིན་ཏུ་གལ་ཆེའོ། །འབུལ་བ་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་རབ། མེད་ན་ཡང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་དམིགས་ན་དངོས་སུ་བཞུགས་པ་དང་འདྲའོ། །སངས་རྒྱས་ཐོབ་པའི་ཆེད་དུ་སངས་རྒྱས་ལ་དམིགས་ནས་མར་མེ་ཕུལ་བའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཅུང་ཟད་གློག་གི་ཡུན་ཙམ་དུ་ཐེམ་སྐས་གཅིག་སྣང་བར་བྱེད་པའི་བསོད་ནམས་ནི་ཉན་རང་རྣམས་ཀྱིས་སྟོན་པར་མི་ནུས། དད་གུས་གཡོ་སྒྱུ་མེད་པས་སངས་རྒྱས་ལ་དད་ནས་མར་མེ་ཆུང་ངུ་ཙམ་བྱས་ནས་སངས་རྒྱས་ཀྱི་མཆོད་རྟེན་ལ་ཐེམ་སྐས་ཅི་སྣང་ངམ། མིག་ཕྱེ་བ་བཙུམ་ཙམ་དུ་མཆོད་རྟེན་དེ་སྣང་བར་བྱེད་ན། དེའི་བསོད་ནམས་སངས་རྒྱས་མ་གཏོགས་སུས་ཀྱང་སྟོན་པར་མི་ནུས་ཏེ་དཔག་ཏུ་མེད་པར་གསུངས་སོ། །གཞན་ཡང་མར་མེ་འབུལ་བའི་མདོ་ལས་རྒྱ་ཆེར་གསུངས་


CMR035_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་ཉུང་ངུར་བསྡུས་ཏེ་བཤད་ན། མར་མེ་ཕུལ་བའི་ཕན་ཡོན་ཚེ་འདི་ལ་ངེས་པ་གསུམ་ཐོབ་སྟེ་ལོངས་སྤྱོད་སྙིང་པོ་མེད་པ་ལ་སྙིང་པོ་ལེན་སྙམ་པ་དང་། བདག །ངན་སོང་སྤོང་སྟེ་མཐོ་རིས་སམ་བྱང་ཆུབ་ཐོབ་སྙམ་པ་དང་།་བདག་བསོད་ནམས་བྱས་པ་པོ་སེར་སྣ་སྤོང་ངོ་སྙམ་པའོ། །འཆི་བའི་དུས་སྣང་བ་གསུམ་ཐོབ་སྟེ། དགེ་བ་དེ་དྲན་པ་དང་། དེ་སངས་རྒྱས་རྗེས་སུ་དྲན་པ་དང་། བདག་གིས་མར་མེ་ཕུལ་ལོ། །ཕྱིས་སྦྱིན་པར་བྱའོ་སྙམ་མོ། །འཆི་དུས་སྣང་བ་བཞི་ཐོབ་སྟེ། མདུན་དུ་ཉི་མ་དང་ཟླ་བ་དང་ལྷའི་འཁོར་དང་། སངས་རྒྱས་མཐོང་སྟེ། དེ་ལ་རང་གིས་གུས་པས་ཐལ་མོ་སྦྱར་བ་མཐོང་། འཆི་བའི་དུས་དྲན་པ་མི་ཉམས་ཤིང་རྨོངས་པ་མེད་པར་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེའོ། །དེ་ནས་འཕོས་ནས་མིར་སྐྱེས་ཏེ། སངས་རྒྱས་འབྱུང་བ་དང་འཕྲད། ཚེ་རབས་དྲན་ཞིང་རབ་ཏུ་བྱུང་ནས་སངས་རྒྱས་ལ་མཆོད་པ་བྱེད་དོ། །རིགས་མཆོག་ཏུ་སྐྱེ་བ་དང་། གཟུགས་མཛེས་པ་དང་། དེ་ལ་སུས་ཀྱང་བསམ་ངན་མི་བྱེད་པ་དང་། ནད་དང་སྡུག་བསྔལ་དང་། མྱ་ངན་དང་རྨི་ལམ་ངན་པ་མི་འབྱུང་ངོ་། །དེས་ཡོངས་སུ་དག་པ་བཞི་ཐོབ་སྟེ། ལུས་


CMR035_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དང་ངག་དང་ཡིད་དང་བཟའ་བ་ཡོངས་སུ་དག་པའོ། །དེས་ལུས་ཀྱི་རྩ་བཞི་ཆང་ལྔ་སྤོང་བ་དང་། ངག་གི་བཞི་དང་ཡིད་ཀྱི་གསུམ་པོ་སྤོང་བར་འགྱུར་རོ། །བག་མེད་པ་ཆང་ཡང་སྤངས་ནས། སངས་རྒྱས་དང་ཉན་ཐོས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །དེས་འདུན་པར་འགྱུར་བའི་ཆོས་བརྒྱད་ཐོབ་སྟེ། ཤའི་མིག་དང་ལྷའི་མིག་དང་། ཚུལ་ཁྲིམས་ཉམས་པ་མེད་པ་དང་། མཐོ་རིས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ཚངས་པ་ཐོབ་པར་འགྱུར༔ ཡང་ཕན་ཡོན་བརྒྱད་ཐོབ་སྟེ། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། སེམས་ཅན་གྱི་སེམས་དང་། བསམ་གཏན་དཔག་ཏུ་མེད་པ་ལ་འཇུག་པ་ཐོབ་པར་གསུངས་སོ། །ཁྱད་པར་དུ་ཡང་མར་མེ་འབུལ་བ་ཞེས་བྱ་བའི་མདོ་སྡེ་ལས་ཚིགས་སུ་བཅད་ཏེ་གསུངས་པ་ལས། མར་མེ་ཕུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་


CMR035_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་གསུངས་པ་དང་། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་ཡིས། །མཆོད་རྟེན་རྣམས་ལ་མཁས་པའི་གང་ཟག་གིས། །མར་མེ་འབུལ་བར་བྱེད་པའི་ལས་དེ་ཡིས། །བདེ་དང་དོན་དང་རྙེད་པ་མཐའ་ཡས་འཐོབ། ཅེས་དང་། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །ཞེས་དང་། དྲང་སྲོང་ཆེན་པོར་མར་མེ་ཕུལ་བ་ན། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཐུབ་དཔལ་དང་ལྡན་པ་དང་། །ལྷ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ཞེས་དང་། དེ་ནི་དེའི་མར་མེ་འབུལ་བའི་འབྲས། །དེ་དང་དེ་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །ནད་ཅན་མ་ཡིན་འཇིགས་རུང་དགྲ་ཟླར་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་


CMR035_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁྲག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་གི་རང་བཞིན་གཞན་། ལས་རྣམ་པར་གསལ། །སྲིད་པའི་མིག་ནི་དག་པར་འགྱུར་བ་སྟེ། །ནོར་བུ་འོད་བཟང་ལྟར་ནི་དོན་བཞིན་རྟོགས། །བསྐལ་པ་གྲངས་མེད་དག་ཏུ་དེ་ཡི་ནི། །ཤ་ཡི་མིག་ནི་དག་པར་འགྱུར་བ་སྟེ། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་ཕུལ། །རྣལ་འབྱོར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །ཅེས་དང་། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པ། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བའི་མི་བདུག་སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་བ་དག་པར་འགྱུར་། །དེ་ཡི་ལས་བྱས་པ་དེས་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་དུ་བདེ་དང་ལྡན། །དེ་ཡི་ལུས་ཀྱི་ནད་ཀྱི་སྙོན་མི་སྟོན། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་


CMR035_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་ལ་མར་མེས་མཆོད་བྱས་པས། །རྐུན་པོའི་ནད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མར་བྱི་ཕོ་མེད། །དེ་ཡི་ལུས་ཀྱིས་ནམ་ཡང་རྩོད་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུ་འཇིགས་པ་མེད། །རྟག་ཏུ་འབྱོར་ཞིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡི་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡིས་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་ཤིན་ཏུ་དགའ་འགྱུར་ཏེ། །།དེ་དག་རྣམས་ལ་གུས་པས་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེ། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་ཡས་བློ་ལྡན་བདེ་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །ཕྱོགས་བཅུ་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེར་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་གྲོལ་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་


CMR035_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཆོས་ཀྱི་ཕ་རོལ་སོན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་གསུངས་ཏེ་ཚིགས་བཅད་དེ་དག་ནི་མར་མེ་འབུལ་བའི་མདོའི་ལུགས་ཡིན་ནོ། །གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་ཆེན་པོར་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལེགས་པ་གཟུ་བ་འདྲ་། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་བརྒྱ་སྟོང་ཁྲག་ཁྲིག་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བསྒྲུང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །ཞེས་གསུངས་སོ། །འོ་བདེ་གཤེགས་མཆོད་རྟེན་ལ་འབུལ་བ་རྙེད་དཀའ་སྙམ་ན། བདེ་གཤེགས་སྐུ་གདུང་རིལ་པོའི་མཆོད་རྟེན་རྙེད་དཀའ་ནའང་། བདེ་གཤེགས་རིང་བསྲེལ་གྱི་མཆོད་རྟེན་ནི་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་སྐུ་གཟུགས་དང་མཆོད་རྟེན་ཡིན་ལ། གཟུངས་སྔགས་ཟབ་མོ་རྣམས་


CMR035_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པའི་གཟུངས་སྔགས་ཀྱི་རིང་བསྲེལ་ཡིན་པས། མཆོད་རྟེན་དང་སྐུ་འདྲ་ཐམས་ཅད་ལ་གཟུངས་གཞུག་ཡོད་པའི་ཕྱིར། བདེ་གཤེགས་མཆོད་རྟེན་ཡིན་ནོ། །སྐུ་གསུང་ཐུགས་རྟེན་གྲོང་ནག་ཏུ་མེད་ན་ཡང་། སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཡིད་ཀྱིས་དམིགས་ཏེ་ཕུལ་ན། དངོས་སུ་མདུན་དུ་ཕུལ་བ་དང་ཕན་ཡོན་ཁྱད་པར་མེད་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་ཉིན་མཚན་དྲུག་ཏུ་སེམས་ཅན་ཐམས་ཅད་ལ། །སོ་སོར་རེ་རེ་ནས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས་ཀྱང་། སེམས་ཅན་སུ་ལ་ཕན་འདོག་པའི་སྐལ་བ་ཡོད་དགོངས་པའི་ཕྱིར། མར་མེ་ཕུལ་བས་ནི་ངེས་པར་མཁྱེན་ཅིང་གཟིགས་པར་འགྱུར་ལ། གཟིགས་ནས་ཀྱང་དེ་ཚོགས་རྫོགས་པའི་ཕྱིར་དུ་ཡང་བཞེས་པར་མཛད། ཡང་དཀྱིལ་འཁོར་གྱི་ལྷ་ལ་མར་མེ་བརྒྱ་ཕུལ་བ་ན། མཆོག་གི་དངོས་གྲུབ་ཐོབ་པར་གསུངས་ཏེ། བདེ་མཆོག་ཨ་བྷི་དྷ་ནའི་རྒྱུད་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ཡང་འབུལ་བར་བྱ། །ཞེས་གསུངས་སོ། །སྔོན་རྒྱལ་པོ་བེ་གར་ནད་པ་ཞིག་གི་དབུགས་ལེན་དུ་


CMR035_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བ་ལ། མར་མེ་མ་འདས་བར་ཉེ་མ་ཕོད་པའི་ལོ་རྒྱུས་བྱུང་བ་ལྟར་རོ། །གདོན་གདུག་པ་ཅན་ཐམས་ཅད་ཀྱིས་བླ་ཁྱེར་བ་དང་། །སྲོག་དབུགས་ལེན་པ་ཡང་ཕལ་ཆེར་མཚན་མོ་གཉིད་དུ་སོང་ཚེ། མུན་པ་ལ་བག་བཅའ་ནས་བླ་ཁྱེར་བ་ཡིན་པས། དེས་ན་ནད་པ་སོགས་ཀྱི་ཉེ་ལོགས་སུ་མར་མེ་མཚན་ཐུབ་དཀོན་མཆོག་གསུམ་ལ་ཕུལ་ནས་ཡོད་ན། ནད་པའི་སྔས་སྲུང་དུ་འགྱུར་རོ། །གཞན་ཡང་བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། ལེགས་གྲུབ་ལས།་གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རབ་སེལ་འདི་། །བདག་གིས་དད་པས་འབུལ་བར་བགྱི། །།མར་མེ་འདི་ནི་བཞེས་སུ་གསོལ། །ཅེས་གསུངས་སོ། །ཡང་རྨི་ལམ་དུ་རང་ཉིད་འཆི་བའི་ལྟས། ཉི་མ་ནུབ་པ། མུན་རུབ་ལམ་མ་རྙེད་པ། སྐྱག་ཅིང་མི་དགའ་བཞིན་དུ་གཡང་ས་འཇིགས་སུ་རུང་བར་འགྲོ་བ། ཐུར་ལ་ཡང་འགྲོ་བ། རང་ལ་མཚོན་ཆ་བརྒྱབ་པ། ཆུར་མཆོང་བ་རྨིས་པ་རྣམས་ནང་གི་འཆི་རྟགས་བྱ་བ་ཡིན་པས་མར་མེ་བརྒྱ་རྩ་ཕུལ་ན། ཚེ་ཤུགས་འོང་བར་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ནས་བཤད་དོ། །གཞན་ཡང་སྲོག་རྒུད་པ་དང་། སྲོག་ལ་དགྲ་དར་བ་དང་། སྲོག་དུར་དུ་


CMR035_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཚུད་པ་རྣམས་ལ། རབ་ཚེ་འབར་བཙུགས། དེ་མི་ཐུབ་ན་ཚེ་འབར་ཁ་གསོས་ན་ཕན་པར་རྒྱ་ནག་འགྱུར་རྩིས་གཞུང་རྣམས་ནས་གསུངས། གཞན་ཡང་ཀོང་བུ་པད་ཟླའི་གདན་ལ།་མར་ཁུ་ལས་སྒྲིབ་རྒྱུན་གཅོད་པའི་གཟུངས། སྡོང་བུ་ཧཱུྃ་ཡིག་ཏུ་བསྒོམས་ནས་ཚེ་འདས་ཀྱི་སྒྲིབ་པ་སྦྱང་ཚུལ་མི་འཁྲུགས་པའི་རྒྱུད་ནས་གསུངས་པ་དང་། བ་དམར་སེར་གྱི་མར་གྱིས་མར་མེ་བསྟེན་ནས་དབང་གི་ལས་སྒྲུབ་ཚུལ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པ་དང་། མར་མེ་ལ་བརྟེན་ནས་ལས་ཀྱི་སྤྱན་རས་གཟིགས་ཀྱི་དབང་བསྐུར་བར་རྒྱལ་བ་རྒྱ་མཚོ་ལས་གསུངས་པ་དང་། མར་མེའི་དཀྱིལ་འཁོར་དབུས་སུ་ལྷ་དང་དབྱེར་མེད་དུ་བསྒོམས་ནས་བྱང་བུ་བཞུ་ཚུལ་རྙིང་མའི་བྱང་ཆོག་མང་པོ་ནས་གསུངས་པ་དང་། མར་མེ་ལིངྒའི་སྟེང་དུ་སྦྱབ་ནས་ཡང་བཟློག་པ་བྱ་ཚུལ་གཤིན་རྗེ་ཚེ་བདག་གི་མར་མེའི་མན་ངག་དང་། མར་མེ་ལ་བརྟེན་ནས་བོན་དང་མུ་སྟེགས་བསྒྲལ་ཐབས་ཁྲོ་ཆུའི་མན་ངག་དང་། མར་མེ་ལ་བརྟེན་2ནས་དགྲ་བགེགས་བསྒྲལ་ཐབས་དཔལ་ལྡན་ལྷ་མོའི་གདམས་ངག་དང་མར་དང་སྡོང་ཤིང་སྡོང་རོས་གསུམ་ལ་ཚོགས་བདག་གི་སྙིང་པོ་བརྒྱ་རེ་བཟླས་ནས་མར་མེའི་པྲ་བརྟག་ཐབས་དང་།


CMR035_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ལ་བསྟེན་ནས་དགྲ་བགེགས་འདུལ་བ་བེར་ནག་གི་གིང་དམར་མོ་དང་། མར་མེ་ཁྲག་གིས་བསད་ནས་དགྲ་བོ་མྱུར་དུ་བསྒྲལ་བ་མགོན་པོ་མ་ནིང་གི་ལས་ཚོགས་གཅིག་རྒྱུད་སོགས། མར་མེ་ལ་བརྟེན་ནས་ཕྲིན་ལས་རབ་འབྱམས་བསྒྲུབ་ཚུལ་སོ་སོའི་གཞུང་ལས་ཤེས་སོ། །མར་མེའི་པྲ་བརྟག་རྗེ་དམ་པ་རྒྱ་གར་གྱིས་རྒྱས་པར་མཛད་པའི་དོན་བསྡུས་ཏེ་གོ་སླ་བར་ཅུང་ཟད་བཤད་ན། ནས་ཀྱི་པདྨ་འདབ་བཞིའི་སྟེང་།་ནས་སྡེར་ནང་དུ་ཀོང་བུ་བཞག །མོ་བརྡར་ནས་འབྲུ་བཞི་ལ་སྨོད། །མར་ཁུའི་ནང་གི་ཕྱོགས་བཞིར་བཞག །ཤར་ནི་དཔོན་དང་ཕ་ཁུ་བླ་མའི་ས། །ལྷོ་ནི་རང་དང་ཆེ་རྒྱུད་ས། །ནུབ་ཏུ་དགྲ་ས་འདྲེ་ས་ཡིན། །བྱང་ནི་ཕ་སྤུན་མནའ་མ་བུ་སྲིང་སའོ། །ནས་འབྲུ་ཐང་ཤོར་བླ་འཁྱམ་ངན། །།བྱད་གདོན་ཚེ་དབང་བཟློག་པ་བྱ། །ནས་འབྲུ་ནག་ན་ནད་ངོ་ཡོད། །ནས་འབྲུ་འགྱུར་ན་ནང་མི་འཆི། །ནས་འབྲུའི་སོག་པ་ཕྱིར་བསྟན་ན། །གཡང་ཉམས་གཡང་སྐྱབས་གསེར་འོད་འདོན། །ནས་འབྲུའི་རྩ་ན་སྤུ་ཉག་ལང་། །སྦྲུལ་ཐན་ཀླུ་གདོན་ཀླུ་བཅོས་བྱ། །ནས་འབྲུ་ཆག་ཏོའམ་ནི་འབུས་ཟོས་ཟིན། །དམ་ཚིག་ཉམས་སམ་ཕ་བཙུན་ཉམས། །ཆེ་རྒྱུད་ལ་ངན་བསྐང་


CMR035_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱ། །ནས་འབྲུའི་རྩེ་ན་སོལ་བ་དང་། །ནག་ཐིག་བྱུང་ན་སྤྱད་ནག་གདོན། །བྱབ་ཁྲུས་ཡང་ན་ཐབ་བསང་བྱ། །ནས་འབྲུའི་རྩ་བར་བུམ་པའམ། །དམར་ཐིག་བྱུང་ན་བྱིས་སྦར་ངན། །སྔོན་ཆད་བྱིས་སྦ་གྲོངས་ན་ཐང་། །གྲྭ་ལྔ་འདོན་ནམ་ཆུང་ཡས་བཏང་། །མར་ཁུ་ནག་ན་གྲིབ་ངོ་ཡོད། །ཁྲུས་བྱས་ཡང་ན་གྲིབ་སེལ་བྱ། །མར་ཁུ་ཁྲག་མདོག་སྒྲིབ་པ་ཆེ། །ཕྱག་དང་བསྐོར་བ་ཡིག་བརྒྱ་འདོན། །ཁྲག་ཟེར་འདྲ་འདུག་ཁྲག་ངོ་ཡོད། །ཁྲག་གཏར་ཡང་ན་ཁྲག་ཟེར་བྱ། །མར་ཁུ་ལྷུད་ནས་བོ་ན་ནི། །ཁ་མཆུ་མང་ན་གོད་ངོ་འོང་། །གོད་བྲུབ་དང་ནི་དགྲ་བྲུབ་བྱ། །མར་ཁུ་ལྦུ་བས་གང་བ་ན། །སྙིང་སྟོང་ངོ་ཡོད་གཡང་སྐྱབས་བྱ། །གོད་བྲུབ་དགྲ་ཆོས་བྱས་ན་བཟང་། །མར་ཁུའི་མདོག་དཀར་ནད་གདོན་ཞི། །མར་ཁུ་ལ་ཆེར་བསོད་ནམས་འཕེལ། །མར་ཁུ་འབྱུང་ཚེ་ཟས་ནོར་འཕེལ། །མཚན་ཐུབ་གཅིག་གིས་ཉིན་མཚན་གཉིས། །དེ་བཞིན་ལོག་པོ་གསུམ་ལོགས་ཡུན། །སྐྱོལ་ན་མར་མེ་འཛིན་པ་ཟེར། །འདི་འམ་ཡང་ན་ཕྱི་མ་ལ། །ལྷ་དང་མཁའ་འགྲོས་རྗེས་བཟུང་རྟགས། །སྡོང་བུ་ལན་གཅིག་བཙུགས་པས་བརྟན། །ཚེ་ལ་བར་


CMR035_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པས་བཟང་། །སྡོང་བུའི་རྩ་བར་སྤྱི་འདུག་ན། །ཀླུ་གདོན་སྦྲུལ་ཐན་མཐོང་སྲིད་པས། །ཁྱུང་གི་གཟུངས་འདོན་དབང་ཡང་ཞུ། །ཡང་ན་ཐན་བསྒྱུར་གཏོ་ཡང་བྱ། །སྡོང་བུ་སྐད་འཁྱོག་སྐག་ངོ་ཡོད། །སྐག་བསྒྱུར་མགོན་པོའི་དགྲ་ཆོས་བྱ། །སྡོང་རྩ་བག་ན་ས་སྒོ་བྱེ། །ཀོང་ཙེའི་ལྟོ་འགྱུར་ས་སྒོ་བཅད། །སྡོང་བུ་རྒུར་པོའི་རྒྱབ་ཏུ་ནི། །ནག་ཐོམ་རོ་ཁུར་འདྲ་བ་ན། །དུར་ངོ་དུར་ལོས་ཚང་ཟློག་བྱ། །སྡོང་རྒྱན་བརྒྱ་ཚར་བཏོན་ན་འགྱུར། །མགོ་ན་ནག་ཐོམ་ཆེན་པོ་ཆགས། །གདོན་ངོ་ཡིན་པས་གདོན་ཟློག་བྱ། །གལ་ཏེ་འཕང་འདྲའི་ནག་ཐོམ་ཆགས། །རོ་ལངས་ཞེས་བྱའི་གྲིབ་ངོ་ཆེ། །བྱབ་ཁྲུས་གྲིབ་སེལ་ཡང་ཡང་བྱ། །རྟ་མཛོའི་མཇེ་ཐོ་འདྲ་ན་ངན། །རྐྱེན་ཟློག་གང་རུང་དྲག་ཏུ་བྱ། །སྡོང་བུ་ཡུངས་འབྲུ་འདྲ་བ་ཆགས། །དེ་ནི་བྱིས་སྦ་འབྱུང་ངོ་ཡིན། །དམར་ཞིང་ཆུང་ན་བུ་འབྱུང་ངོ་། །སྡོང་བུ་ཁ་བྲག་འབྱུང་བ་ན། །གནམ་སྒོ་བྱེ་བས་གནམ་སྒོ་བཅད། །ཡང་ན་བསང་ཆེན་བྱས་ན་ཕན། །སྡོང་བུས་ནག་འབུས་གྱོན་པ་ལ། །མདུན་ངོ་གྲིབ་ངོ་ཆེན་པོ་ཡོད། །གྲིབ་མདོས་གྲིབ་སེལ་བསྲེགས་ལོས་དང་། །རྣམ་འཇོམས་སྟོང་ཚར་བཏོན་ན་ཕན། །དེ་ནས་མེ་ལྕེ་


CMR035_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་ནི། །དེ་ནས་སྒྲོན་མི་ཐུབ་ཅིང་ཡ་ང་དང་། །བར་ཆད་ཆེ་བས་རིམ་གྲོ་གཟོབ། །དུད་པ་བྱུང་ཞིང་མི་གསལ་ན། །གྲིབ་དང་སྒྲིབ་པ་ཡོད་པའི་རྟགས། །བྱབ་ཁྲུས་སྒྲིབ་སེལ་སྒྲིབ་སྦྱང་བྱ། །ཚག་ཚག་ཟེར་ཞིང་མེ་སྟག་འཕྲོ། །ཕུགས་སུ་གདོན་ཆེན་ཞུགས་པའི་རྟགས། །གདོན་ཕུད་བགེགས་བསྲེགས་མཚམས་བཅད་བྱ། །མེ་ལྕེ་དུམ་་བུར་ཆད་པ་དེ། །དྲག་པོའི་རྐྱེན་ངན་འོང་བའི་རྟགས། །སྲུང་བ་བྱ་ཞིང་སྤྱོད་ལམ་གཟབ། །མེ་ལྕེ་ལྷབ་ལྷབ་འཁྱུགས་པ་དེ། །དགྲ་རྐུན་མྱུར་དུ་འོང་བའི་རྟགས། །དགྲ་ཆོས་བྱ་ཞིང་མེལ་ཚེ་གཟབ། །འོད་མེད་སྡོང་རོ་ཆེ་བ་ན། །ནད་པ་འཆིའམ་ནད་ཡུན་རིང་། །དུར་ལོས་ཚེ་དབང་བརྒྱ་རྩ་ཞུ། །མར་ཁུ་མྱུར་དུ་སྐམ་དང་ཟད། །གོད་ཁ་ཆེ་ཆུང་འོང་བའི་རྟགས། །གོད་གཅོད་གཡང་སྐྱབས་ནོར་གླུད་བཏང་། །མར་མེ་བྲེལ་ཞིང་རྩེ་མོ་ཆད། །དགྲ་དང་བྱོལ་དྲག་འོང་བའི་རྟགས། །དགྲ་བྲུབ་བྱ་ཞིང་མི་ཚག་བསྡམ། །མར་མེ་གསལ་ཞིང་བྲེལ་བ་ནི། །ཐག་རིང་མགྲོན་པོ་འོང་བའི་རྟགས། །མར་མེ་བྲེལ་ཞིང་འོད་མེད་ན། །གདོན་ཆེན་མྱུར་དུ་འོང་བའི་རྟགས། །ཁྲེལ་ཞིང་ཚག་ཚག་ཟེར་བ་ན། །གདོན་ཆེན་ས་


CMR035_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲོགས་འོང་རྟགས། །མར་མེའི་རྩེ་མོ་གུག་པ་ན། །ལྷ་ངོ་དམའ་བས་ལྷ་གསོལ་བྱ། །སྡོང་བུའི་རྩེ་ན་ནག་འཐོམ་གཉིས། །མདུན་ངོ་ཡོད་པས་བདུན་ཞུ་ཕུད། །ཤིན་ལྷགསལ་གཟུགས་མི་མཐོང་། །ཚེ་དང་དབང་ཐང་ཟད་པའི་རྟགས། །ཚེ་དབང་ཚེ་ཆོག་བརྒྱ་རྩ་དང་། །ཚེ་ཡི་མདོ་གཟུངས་སྟོང་ཚར་འདོན། །བྲེལ་ཞིང་རྩེ་མོ་གཉིས་གསུམ་གྱེས། །གདོན་ཆེན་གློ་བུར་འོང་བའི་རྟགས། །དེ་ལ་བདུད་བཟློག་དུར་དྲག་བྱ། །མི་གསལ་དུད་པ་མེ་ལྕེ་འདྲེས། །བསེ་རག་སྲིད་སྒབ་ཟ་བའི་རྟགས། །བསེ་རག་བཀར་ཞིང་གསེར་འོད་འདོན། །ཞེན་ཅིང་མེ་ལྕེ་སྔོ་དམར་འགྱུར། །ནད་གཞི་ཆེ་བའི་ནད་ལྡང་ངོ་། །སྨན་བླའི་དབང་ཞུ་སྨན་ཆོག་བྱ། །མི་གསལ་རྩེ་མོ་སོལ་བ་རེད། །ཡོ་བྱད་རྒྱུད་ནས་གྱོད་རྐྱེན་ངོ་། །རྐྱེན་ལ་གཟབ་ཅིང་དགྲ་སྲི་བྲུབ། །མར་ཕུད་ཉམས་ན་མི་གསལ་ཏེ། །དེ་མིན་མི་གསལ་སྒྲིབ་པ་ཡིན། །དེ་ལ་བསྐང་བཤགས་མང་དུ་བྱ། །དུད་པ་དངོས་གྲུབ་བར་ཆད་ཡིན། །སློབ་དཔོན་བློན་རིས་གྱོད་རྐྱེན་ངོ་། །ཚོགས་དང་བསྐང་གསོ་བྱས་ན་འགྱུར། །མཛེས་པར་འབར་ན་ཡུན་རིང་བདེ། །འཇམ་ཞིང་དལ་ན་དངོས་གྲུབ་འབྱུང་། །གཅུ་ཞིང་


CMR035_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་རྣོ་བ་བཟང་། །ཁ་དོག་ལྔ་ལྡན་མཐུ་རྩལ་ཆེ། །ཕྲ་ཞིང་གྱེན་ལ་ལྡེམ་པ་ནི། །མི་ནུབ་རྒྱལ་མཚན་ཚུགས་པའི་རྟགས། །གཉིས་ལོག་སུམ་ལོག་མེ་ལྕེ་ནི། །ཕྲ་ཞིང་གྱེན་ལ་ལྡེམ་པ་ནི། །མར་མེའི་རྩེ་མོ་འཕེལ་བ་སྟེ། །གསང་སྔགས་དངོས་གྲུབ་ཐོབ་རྟགས་སུ། །བྱ་བའི་རྒྱུད་ལས་གསུངས་པ་ཡོད། །གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནི། །བཀྲ་ཤིས་དཔལ་གཡང་ཐོབ་པའི་རྟགས། །དཀར་གསལ་རྩེ་མོ་རྣོ་བ་ནི། །མི་འགྱུར་དབང་ཐང་བརྟན་པའི་རྟགས། །དཀར་གསལ་དལ་ལ་རྩེ་མོ་ཟླུམ། །སྒྲིབ་མེད་ཤེས་རབ་འཕེལ་བའི་རྟགས། །པ་ཏྲ་མེ་ཏོག་ཆགས་པ་ནི། །རིགས་བཟང་དམ་ཚིག་གཙང་བའི་རྟགས། །རྒྱལ་མཚན་འདྲ་བ་ཆགས་པ་ན། །ལས་ཐོབ་ཡིག་ཚང་ངོ་སོ་ཐོབ། །བླ་རེ་གདུགས་འདྲ་ཆགས་པ་ན། །ཚོགས་རྫོགས་ཤེས་རབ་ཆེ་བའི་རྟགས། །སྡོང་བུ་སྔོ་སྐྱ་ཐལ་བ་རེད། །ཡུལ་འཆོར་ཡུལ་འབུད་འབྱུང་ངོ་ཡོད། །ཡུལ་ལྷ་མཆོད་ཅིང་རྐྱེན་ལ་གཟབ། །མགོ་མཇུག་ནག་ཐོམ་མང་པོ་ཆགས། །འཕྲལ་དུ་རོ་འབྲུལ་ངོ་ཡིན་པས། །ཚ་ཚ་འཆི་བླུ་ཚེ་དབང་ཞུ། །མ་གྱིས་སྡོང་བུ་ཁ་བྲག་རེད། །བུད་མེད་ལ་ངན་མོ་གླུད་བཏང་། །སྡོང་བུ་


CMR035_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་སེར་སོང་བ་ན། །བནེ་ཡིན་ན་ཚ་ཚ་བཏབ། །བོན་པོ་ཡིན་ན་གསས་མཁར་བསྟོད། །སྐྱེ་བོས་གཤིན་རྗེའི་ཚང་བཟློག་དང་། །གཡང་སྐྱབས་བྱས་ན་བཟང་བ་ཡིན། །སྡོང་བུ་ཐལ་བ་རང་ས་ན། །ནོར་ལ་ངན་པས་གཡང་སྐྱབས་དང་། །གསེར་འོད་བཏོན་ན་འགྱུར་བར་བཤད། །སྡོང་བུ་ནག་ཧྲཱིང་གྱུར་པ་ན། །བཙོག་འདྲེ་ཤི་འདྲེ་བར་ཆད་གདོན། །ཁྲུས་དང་ཞི་བ་དཀར་པོའི་བསང་། །རྫ་མདོས་འདྲེ་མོ་ཁ་ཆིངས་བཏགས། །སྡོང་བུའི་རོ་མ་འགྱེལ་ལུགས་ལ། །ཤར་འགྱེལ་སློབ་དཔོན་ཆེ་རྒྱུད་ངན། །ལྷོར་འགྱེལ་རང་ངམ་གདོས་བདག་དང་། །ཐམས་ཅད་ཀུན་ལ་ངན་པ་ཡིན། །ནུབ་འགྱེལ་དགྲ་བགེགས་ཐུབ་པས་བཟང་། །བྱང་འགྱེལ་མནའ་མ་བུ་སྲིང་ངམ། །ཡང་ན་ནོར་ལ་ངན་པའི་ཕྱིར། །སོ་སོ་ཐ་དད་རིམ་གྲོ་བྱ། །ཀོང་བུ་ཚིག་ནས་མེ་ལྕེ་གཡབ། །དགྲ་ངོ་ཡོད་པས་དགྲ་བཟློག་བྱ། །སྡོང་བུ་ཆག་ནས་རོ་གཞོབ་བྲོ། །དུར་ལོས་འཆི་བསྒྲག་ཚེ་ཐར་བྱ། །སྡོང་རོའི་སྟོད་སྨད་བར་གསུམ་ནི། །པྲ་རྒན་དར་མ་ཆུང་གསུམ་སད། །གང་དུ་ཆད་པ་དེ་ལ་རྩུབ། །དབང་ཞུ་སྐྱབས་གནས་བྱིན་རླབས་ཞུ། །སྡོང་བུ་སྡོང་ཁྲ་ནུབ་ཏུ་འགྱེལ། །ཡང་ན་མ་འགྱེལ་དེ་


CMR035_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གར་བསྡད། །སྨོད་པའི་ནས་འབྲུ་མ་ཚིག་བཟང་། །བརྟག་པ་མདོར་བསྡུས་པའོ། །མར་མེ་ཆེ་ཆུང་གི་ཁྱད་པར་མེད། བསམ་པ་རྣམ་པར་དག་ན་མར་མེ་དཀར་ཆུང་རེ་ལ་ཡང་ཕན་ཡོན་རྒྱ་ཆེ་སྟེ། སྔོན་རྒན་མོ་དབུལ་མོ་ཞིག་གིས་ཀོང་བུ་མ་རྙེད་ནས། ཨ་ཁྲད་ཀྱི་ཕྱི་རྟིང་ནང་དུ་མར་མེ་བྱས་ཏེ། སངས་རྒྱས་ལ་ཕུལ་བས་ཉིན་ཞག་དུ་མ་ལ་མ་ཟད་པས། དེ་བདའ་བསམས་ནས་མོའུ་འགལ་གྱི་བུས་ཆོས་གོས་ཐུ་བ་བརྒྱབ་ཀྱང་མ་འདས་བས། བཅོམ་ལྡན་འདས་ཀྱིས་དེ་བསམ་པ་རྣམ་པར་དག་པའི་མཐུ་ཡིན་གསུངས་ནས་རྒན་མོ་བྱང་ཆུབ་ཏུ་ལུང་བསྟན་ཏེ་རྒྱལ་པོས་ཐོས་ནས་ཕྲག་དོག་དང་ང་རྒྱལ་འགྲན་སེམས་ཀྱི་དབང་གིས། མར་མེ་ཉིན་ཞག་དུ་མར་ཤིང་རྟའི་འཕང་ལོ་ཙམ་སྦར་ཀྱང་། དེ་ལ་བཅོམ་ལྡན་འདས་ཀྱིས་བསྔགས་པ་མ་མཛད། དེ་བས་རྒན་མོ་མཆོག་ཡིན་གསུངས་སོ། །བསྐལ་བཟང་ལས། རྩྭ་ཡི་སྒྲོན་མེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པས། དེས་ན་བསམ་པ་དག་པ་དང་རྒྱུ་རྒྱ་ཆེ་བ་གཉིས་ཀ་འཛོམ་ན་བསོད་ནམས་ཚད་མེད་དོ། །བསམ་པ་དེ་ཅི་ལྟ་བུ་ཞེ་ན། སྤྱིར་མར་མེ་འདི་ཡིད་བཞིན་གྱི་


CMR035_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དང་འདྲ་བས། རྐྱེན་ཟློག་འདོད་ན་རྐྱེན་ཟློག །ཕྱི་མ་ལྷ་མིའི་བདེ་སྐྱིད་འདོད་ན་བདེ་སྐྱིད་འབྱུང་། ཉན་ཐོས་དང་རང་རྒྱལ་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་སོགས་གང་འདོད་པ་དེ་ཐོབ། གཞན་གྱིས་བྱས་པ་ལ་འགྲན་སེམས་དང་། རང་གི་སྙན་གྲགས་འདོད་པའི་གྲགས་འདོད་སོགས་ཀྱིས་བྱས་ན། བླུན་པོས་ཙནྡན་མེར་བསྲེགས་པ་དང་འདྲ་བར་ཕན་ཡོན་མི་འབྱུང་ངོ་། །དེས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར། སེམས་ཅན་ཐམས་ཅད་འདྲེན་པའི་ཕྱིར་རང་ཉིད་སངས་རྒྱས་ཐོབ་པའི་ཕྱིར་དུ་འབུལ་བ་བསམ་པ་རྣམ་པར་དག་པའོ། །དེ་བས་ན་ལོ་ཡག་ན་སོག་མ་དང་ཕུབ་མ་ཞོར་ལ་འབྱུང་བའི་དཔེ། ཚེ་འདིའི་རྐྱེན་ཟློག་པ་དང་། ཕྱི་མའི་བདེ་སྐྱིད་ཐམས་ཅད་ཞོར་ལ་འོང་ཞིང་མཐར་སངས་རྒྱས་ཐོབ་བོ། །།བསམ་པ་དེ་ལྟ་བུས་འབུལ་བའི་ཚིག་ནི། རབ་འབྱམས་རྒྱ་མཚོ་མའམ་ཤེས་རབ་གཟི་ལྡན་ཞེས། སྟོང་གསུམ་འདིའམ་ཞེས་སོགས། རང་རང་གི་ཆོ་ག་ནས་གསུངས་པ་ལྟར་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནི། སྐུ་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད། ས་པ་རི་ཝཱ་ར་ནི་འཁོར་དང་བཅས་པའོ། །བཛྲ་ཨཱ་ལོ་ཀེ་ནི་རྡོ་རྗེའི་མར་མེ་སྟེ། །


CMR035_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཨཱ་ལོ་ཀེ་མ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཕོ་ཉ་མོ་ཡིན་པར། །དེ་ཉིད་འདུས་པའི་རྒྱུད་ཆེན་པོ་ལས་གསུངས་སོ། པུ་ཛ་ནི་མཆོད་པ། མེ་གྷ་ནི་སྤྲིན། ས་མུ་དྲ་ནི་རྒྱ་མཚོའོ། །སྤ་ར་ཎ་འཕྲོ་བ། ས་མ་ཡེ་དམ་ཚིག །ཨཱཧུཾ་ཞེས་པ། ཨོཾ་སྐུ་དང་ཨཱགསུང་ཧཱུཾ་ཐུགས་ཏེ་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་ནོ། །དེ་ལྟར་སྔགས་དང་ཚིགས་བཅད་མི་ཤེས་ན། མདོ་ལུགས་ལྟར་སངས་རྒྱས་ལ་འབུལ་ལོ། །ཆོས་ལ་འབུལ་ལོ། །དགེ་འདུན་ལ་འབུལ་ལོ། །ཞེས་སམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །ཞེས་པ་ཙམ་གྱིས་ཆོག་གོ །གལ་ཏེ་འཇིག་རྟེན་གྱི་ཕྱོགས་སྐྱོང་བཅུ་དང་། ཞིང་སྐྱོང་ཉི་ཤུ་རྩ་བཞི་དང་། ལྷ་མ་སྲིན་སྡེ་བརྒྱད་རྣམས་ལ་ཡང་ཕུལ་ན་དགའ་ཞིང་གྲོགས་བྱེད་པར་འགྱུར་ཏེ། དཔུང་བཟང་གིས་ཞུས་པ་སོགས་ནས། བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཅེས་གསུངས་སོ། །དེ་ཡན་ཆད་ཀྱིས་ཕྱི་པ་ནང་པ། བན་དང་བོན། མདོ་དང་སྔགས། གསར་མ་དང་རྙིང་མ་ཐམས་ཅད་ལ་ཡོངས་སུ་


CMR035_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི། ཕྱི་རྟེན་འབྲེལ་རྫས་ཀྱི་མར་མེ་ལེགས་པར་བཤད་ཚར་རོ། །གཉིས་པ་ནང་ལུས་ཀྱི་མར་མེ་ལ་མདོ་ལུགས་སྔགས་ལུགས་གཉིས་ལ། མདོ་ལུགས་ནི་སྔོན་སངས་རྒྱས་མར་མེ་མཛད་བྱང་ཆུབ་སེམས་དཔར་གྱུར་པ་ན། སྐུ་ལུས་མར་མེ་མཛད་ཅིང་། སངས་རྒྱས་ནས་དེའི་ལོ་རྒྱུས་བཤད་པས། རྒྱལ་པོ་དད་ནས་རང་གི་ལག་པ་མར་མེར་ཕུལ་བས། ལག་པ་གསེར་དུ་གྱུར་པས་ན། རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བར་གྲགས། སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་དགེ་སློང་དུ་གྱུར་པ་ན། སྐུ་ལུས་ཧྲཱིལ་པོ་མཆོད་རྟེན་གྱི་དྲུང་དུ་མར་མེ་ཕུལ་བ་དང་། ཡང་བཅོམ་ལྡན་འདས་སྔོན་དགེ་སློང་དུ་གྱུར་པ་ན། ཕྱག་མར་མེར་སྦར་ནས་ཚངས་པ་རྣམས་གླིང་བར་མུན་པར་འཁྱམས་པའི་མུན་པ་བསལ་ཚུལ་རྒྱ་ཆེར་སངས་རྒྱས་ཀྱི་སྐྱེས་རབས་ནས་གསུངས་སོ། །དེ་ལ་ལུས་ཧྲཱིལ་པོར་འབུལ་བ་ནི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མིན་པས་མི་རུང་བར་བཤད་ལ། སོར་མཛུབ་སོགས་འབུལ་བ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་བཟང་པོས་ན་ཚ་ཟིལ་གྱིས་གནོན་ནུས་པ་དགོས་ཀྱི་དེ་མེད་ན་འགྱོད་པ་སྐྱེ་བས་ཆོས་ལམ་དུ་འགྲོ་དཀའོ། །དེ་ཡང་མདོ་ལུགས་གཙོ་བོར་བྱེད་པ་གཅིག་དགོས་ཀྱིས། གསང་


CMR035_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བླ་མེད་ཀྱི་རྣལ་འབྱོར་པ་ཡིན་ན་ནི། ལུས་ཧྲཱིལ་པོ་ལྟ་ཅི་སྨོས། སོར་མཛུབ་ཀྱང་འབུལ་མི་རུང་། ཕུལ་ན་རྩ་བའི་ལྟུང་བ་ཡིན་ཏེ། རང་ལུས་ནི་ལྷ་དང་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ལྷ་ལ་གནོད་པ་བྱས་པར་འགྱུར་བའི་ཕྱིར་རོ། །དེས་ན་གསང་སྔགས་བླ་མེད་ལུགས་ལ་ནང་གི་མར་མེ་ནི། ན་རཀ་བསྐང་ཆོག་ལས། གདལ་ཁྱབ་ལྤགས་པའི་ཀོང་བུ་རུ། །ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་བཙུགས། །རང་གསལ་བཀྲག་མདངས་སྒྲོན་མེ་སྦར། །ཞེས་གསུངས་ཏེ། ལྤགས་པ་ནི་ཀོང་བུ། རང་བྱུང་ཁྲག་ཆུ་སེར་ཐམས་ཅད་མར་ཁུ། ཤ་དང་རུས་པ་ཐམས་ཅད་སྡོང་བུ། ལུས་ཀྱི་བཀྲག་མདངས་ནི་རང་བྱུང་གི་སྒྲོན་མེ་ཡིན་པས་རང་བྱུང་གི་མར་མེ་འདི་ཉིད་ཡིན་པར་ཤེས་པས། ཕ་རྒྱུད་ལྟར་ན་གསང་འདུས་ལྷ་སོ་གཉིས། མ་རྒྱུད་ལྟར་ན་བདེ་མཆོག་ལྷ་རེ་གཉིས། རྙིང་མ་ལྟར་ན་དམ་པ་རིགས་བརྒྱ་ཐམས་ཅད་རང་གི་ལུས་ལ་རང་བྱུང་གིས་ཡེ་ནས་བཞུགས་པ་ལ་རང་བྱུང་གི་མར་མེའི་མཆོད་པས་ཐུགས་དམ་བསྐངས་ནས། དབང་བཞིའི་དོན་དང་། མཆོག་ཐུན་མོང་གི་དངོས་གྲུབ་རང་བྱུང་དུ་སྩོལ་བའོ། །དེས་མཚོན་ནས་


CMR035_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་ཀྱི་མར་མེ་ལ་རྣམ་གྲངས་དུ་མར་གསུངས་སོ། །གསང་བ་རྩ་རླུང་ཐིག་ལེའི་མར་མེ་ནི། ཨོ་རྒྱན་རིན་པོ་ཆེས། ཨ་ཝ་དྷུ་ཏིའི་ཀོང་བུ་རུ། །རང་གསལ་འོད་ལྔའི་མར་ཁུ་གཏམས། །འཁོར་ལོ་བདུན་བརྩེགས་སྡོང་བུ་བཙུགས། བྱང་ཆུབ་སེམས་ཀྱི་སྒྲོན་མེ་སྦར། །ཞེས་གསུངས་ཏེ། རྩ་ཨ་བ་དྷུ་ཏི་ནི་རང་བྱུང་གི་ཀོང་བུ། རང་གསལ་འོད་ལྔའི་རང་བཞིན་འབྱུང་བ་ལྔའི་རླུང་དབུ་མར་ཞུགས་པ་རང་བྱུང་གི་མར་ཁུ། སྤྱི་མགྲིན་སྙིང་ལྟེ་བ་གསང་བ། གཙུག་ཏོར་ནོར་བུའི་འཁོར་ལོ་སྟེ། རྩ་འཁོར་ལོ་བདུན་བརྩེགས་བསྒོམ་པ་ནི། རང་བྱུང་གི་སྡོང་བུ་འཁོར་ལོ་བདུན་པོ་ཀུན་བྱང་ཆུབ་ཀྱི་སེམས་ཀྱིས་སྦར་ནས། བདེ་གསལ་རྟོགས་པ་ཟུང་དུ་འཇུག་པའི་དགའ་བ་བཞི་དང་བཅུ་དྲུག་གི་ཡེ་ཤེས་གསལ་བ་ནི། རང་བྱུང་གི་སྒྲོན་མེ་སྟེ། དེ་ལྟར་གསང་བའི་མར་མེ་འབུལ་བ་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་གསང་འདུས་ལྷ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་མ་ཧཱ་མཱ་ཡཱ་ལྷ་ལྔ། སྙིང་ག་ཆོས་ཀྱི་འཁོར་ལོ་ན་དགྱེས་རྡོར་ལྷ་དགུ། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་བདེ་མཆོག་ལྷ་དྲུག་ཅུ་རེ་གཉིས། གསང་གནས་བདེ་སྐྱོང་གི་འཁོར་ལོ་ན། ཡེ་ཤེས་མགོན་པོའི་ལྷ་ཚོགས་ཐམས་ཅད་


CMR035_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་ཐིག་ལེའི་ངོ་བོར་བཞུགས་པ་དང་། རྙིང་མ་ལྟར་ན་འཁོར་ལོ་ལྔའི་རྩ་གནས་ན། རིགས་ལྔ་དཔའ་བོ་དྷཱ་ཀི་དང་། དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་རྩ་རླུང་ཐིག་ལེའི་ཚུལ་དུ་བཞུགས་པ་ལ། དེ་དང་དེར་ཤེས་པས་གསང་བའི་མར་མེ་རང་བྱུང་རང་ལ་འབུལ་བའོ། །དེ་ལྟར་ནང་དང་གསང་བའི་མར་མེ་ཤེས་པར་བྱ་བ་དང་། བསྒོམ་པར་བྱ་བ་ཡིན་ཏེ། མེ་སྦྱར་དགོས་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་མར་མེ་ནི། ཀུན་གཞིའི་རྒྱུད་རང་བྱུང་གི་ཀོང་བུ། ཆོས་དབྱིངས་མཐའ་དབུས་དང་བྲལ་བ་ནི། རང་བྱུང་གི་མར་ཁུ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལམ་རྒྱུད་སྡོང་བུ་རང་བྱུང་། སྐུ་ལྔ་ལྷུན་གྲུབ་སྟེ། མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བའི་མུན་པ་སེལ་བ་ནི་རང་བྱུང་གི་སྒྲོན་མེ་སྟེ། དེ་ལ་དགོངས་ནས་སློབ་དཔོན་པད་མས། ཀུན་གཞི་ཀློང་ཡངས་ཀོང་བུ་རུ། །ཆོས་ཀྱི་དབྱིངས་ཀྱི་མར་ཁུས་གཏམས། །བྱང་ཆུབ་སེམས་ཀྱི་སྡོང་བུ་བཙུགས། །སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་ཨོ་རྒྱན་རིན་པོ་ཆེས་ན་རཀ་བསྐང་ཆོག་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་མར་མེའི་རྣམ་བཤད་


CMR035_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་འདི་ནི། དགེ་སློང་རྡོ་རྗེ་འཛིན་པ་ལྟ་སྒོམ་ལྷུན་གྲུབ། རྣལ་འབྱོར་པ་ཨོ་རྒྱན་རིག་འཛིན་སོགས་ཀྱིས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། ཆུ་སྦྲུལ་གྱི་ལོ་རྒྱལ་གྱི་ཟླ་བའི་ཡར་ཚེས་ལ། མིང་ཅན་གྱིས་སྦྱར་བ་ལ། འགལ་འཁྲུལ་ཉེས་པ་གང་མཆིས་བཤགས་ཤིང་། འདི་ལ་བརྟེན་ནས་དགེ་བའི་རྒྱུན་བསམ་གྱིས་མི་ཁྱབ་པ་ཕྱོགས་དུས་ཐམས་ཅད་དུ་འཕེལ་བར་གྱུར་ཅིག །དཔེ་འདི་བྲི་བ་དང་། མིང་ཅན་གྱིས་སྦྱར་བ་ལ། འགལ་མཐའ་ཡས་སོ། །མངྒ་ལཾ། །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམར་མེའི་བཤད་པ་ཕན་ཡོན་ལག་ལེན་དང་བཅས་པ་མ་རིག་མུན་སེལ།next