Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ།
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousམར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ།next

མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ།


CMR035_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ་འདི་ལྟར་ཡོད། །


CMR035_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འོད་མཐའ་ཡས་ལ་ཕྱག་འཚལ་ལོ། །མར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ་ནི་འདི་ལྟ་སྟེ།་མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། མར་མེ་འབུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནས་ཤི་ནས་མཐོ་རིས་ངེས་འགྲོ་ཤིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང་། མཐའ་ཡས་ཆོས་བདག་དྲང་སྲོང་ཆེན་པོ་འདི། །མཆོད་རྟེན་རྣམས་ལ་མཁས་པ་གང་ཞིག་གིས། །མར་མེ་ཕུལ་བར་


CMR035_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་ལས་དེ་ནི། །བདེ་དང་དོན་དང་རྙེད་པ་མཐའ་ཡས་འཐོབ། །ཅེས་དང་། འཆི་དུས་བྱས་ཚེ་སྡུག་བསྔལ་དེས་མི་མྱོང་། །བྱང་ཆུབ་དམ་པ་མཆོག་ལ་སེམས་ཀྱང་དགའ། །དེ་ལ་འཆི་བའི་འཇིགས་པ་འབྱུང་མི་འགྱུར། །ཞེས་དང་། དྲང་སྲོང་མཆོད་རྟེན་མར་མེ་ཕུལ་བས་ནི། །དེ་ཡི་ལུས་ནི་རབ་ཏུ་འོད་གསལ་ཞིང་། །གཞན་གྱིས་མི་ཚུགས་དཔལ་དང་ལྡན་པ་དང་། །ལྔ་སྟོང་གི་ནི་གཙོ་བོར་དེ་འགྱུར་རོ། །ཞེས་དང་། དེ་བཞིན་དེ་ཡི་མར་མེ་ཕུལ་བའི་འབྲས། །དེ་དང་དེར་ནི་ཚེ་རབས་དེས་དྲན་འགྱུར། །བྱ་བའི་འོས་མིན་ལ་ནི་དེས་མི་སྤྱོད། །གདོན་མི་


CMR035_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་དེ་ནི་ཁྱིམ་ནས་འབྱུང་། །ལོང་བར་མི་འགྱུར་ཞ་བོར་མི་འགྱུར་ཞིང་། །དེ་ཡི་མིག་ནི་མེད་པར་འགྱུར་མ་ཡིན། །ནད་ཅན་མ་ཡིན་འཇིགས་རུང་དགྲ་ཟླར་མིན། །བླུན་པོར་མི་འགྱུར་མི་ཤེས་མི་འགྱུར་རོ། །མིག་མེད་པར་ནི་ནམ་ཡང་མི་འགྱུར་ཞིང་། །དེ་ཡི་མིག་ནི་ན་བར་འགྱུར་མ་ཡིན། །མིག་གཅིག་མ་ཡིན་ཁྲག་ལོང་མིག་མ་ཡིན། །དེ་ཡི་མིག་ལ་མི་གསལ་མེད་པར་འགྱུར། །མིག་གི་རང་བཞིན་གཞན་ལས་རྣམ་པར་གསལ། །སྲིད་པའི་མིག་ནི་རྣམ་པར་དག་པར་འགྱུར། །ནོར་བུ་འོད་བཟང་ལྟར་ནི་དོན་བཞིན་རྟོགས། །བསྐལ་པ་གྲངས་མེད་དག་ཏུ་ནམ་ཡང་དེའི། །ཤ་ཡི་མིག་ནི་ནམ་ཡང་ཉམས་མི་འགྱུར། །དེ་ལ་མིག་ནད་དག་ནི་མི་འབྱུང་སྟེ། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །དྲང་སྲོང་ཆེན་པོའི་མཆོད་རྟེན་མར་མེ་འབུལ། །རྣམ་པར་གྲགས་པའི་ལོངས་སྤྱོད་ལྡན་པ་དང་། །ཡོན་ཏན་མཆོག་ལྡན་རབ་མཆོག་ཁྱིམ་དུ་སྐྱེ། །སྐྱེས་ནས་ཚེ་རབས་དྲན་པ་ཉིད་དུ་འགྱུར། །གཡོག་འཁོར་ཕུན་སུམ་ཚོགས་པ་མཆོག་ལྡན་འགྱུར། །ཅེས་དང་། བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བྱས་པས། །དེ་ཡི་ལས་བྱས་པ་ནི་དེ་ཉིད་ཀྱིས། །འཁོར་ལོས་སྒྱུར་བ་མི་བདག་


CMR035_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་ལྡན། །ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར། །དེ་ཡི་ལས་བྱས་པ་དེས་ཚེ་རིང་འགྱུར། །གཅིག་ཏུ་དག་པ་ཉིད་དུ་བདེ་དང་ལྡན། །དེ་ཡི་ལུས་ཀྱིས་ནད་ཀྱི་སྨྱོན་མི་སྟོན། །མར་མེ་ཕུལ་བའི་རྣམ་སྨིན་དེ་ཡིན་ནོ། །བདེ་བར་གཤེགས་ལ་མར་མེས་མཆོད་བྱས་པས། །།རྐུན་པོའི་ནད་མེད་རྒྱལ་པོའི་ཆད་པ་མེད། །གཤེད་མ་མེད་ཅིང་ཆུང་མར་བྱི་ཕོ་མེད། །དེ་ཡི་ལུས་ཀྱིས་ནམ་ཡང་རྩོད་མི་འགྱུར། །བདེ་ཞིང་ལོ་ལེགས་གང་དུ་འཇིགས་པ་མེད། །རྟག་ཏུ་འབྱོར་ཞིང་ལེགས་འབྱོར་ནོར་འབྲུ་ལྡན། །དེ་ཡི་སྐྱེད་མོས་ཚལ་མཆོག་ཕྲེང་བ་དང་། །ཚལ་དང་ཤིང་ཕྲན་ལོ་མ་སྣ་ཚོགས་བརྒྱན། །དེ་ཡིས་འཇིག་རྟེན་གཙོ་བོ་སངས་རྒྱས་མཐོང་། །མཐོང་ནས་ཀྱང་ནི་ཤིན་ཏུ་དགའ་འགྱུར་ཏེ། །དེ་དག་རྣམས་ལ་གུས་པས་དེ་མཆོད་བྱེད། །རྒྱལ་སྲིད་སྤངས་ནས་དགེ་སློང་ཉིད་ལ་སྟེ། །བསྔགས་པ་མཐའ་ཡས་གཟིགས་པ་མཐའ་ཡས་ཤིང་། །མཐའ་ཡས་བློ་ལྡན་བདེར་གཤེགས་མཆོད་རྟེན་ལ། །མར་མེ་ཕུལ་བས་མཐའ་ཡས་བློ་ལྡན་འགྱུར། །མར་མེ་བཞིན་དུ་ཕྱོགས་རྣམས་ཀུན་ཏུ་གསལ། །མར་མེ་ཆེན་པོས་སྐྱེས་མཆོག་ཐུབ་པ་ཡི། །མཆོད་རྟེན་གསལ་


CMR035_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་རྣམ་དག་མིག་གིས་ནི། །བྱང་ཆུབ་རྡུལ་བྲལ་ཟག་པ་མེད་ཐོབ་ནས། །ཕྱོགས་བཅུ་ཀུན་ཏུ་མར་མེ་བཞིན་དུ་གསལ། །བདེ་གཤེགས་མཆོད་རྟེན་མར་མེ་ཕུལ་བས་ན། །རྣམ་རོལ་བློ་ལྡན་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཡང་འཕགས་པ་སྤྱན་རེས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ནས། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ནས། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལེགས་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །ཞེས་གསུངས་སོ། །གཞན་ཡང་མར་མེ་འབུལ་བའི་མདོ་ལས། མར་མེའི་ཕན་ཡོན་མཐའ་ཡས་པ་


CMR035_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་བསྡུས་ཏེ། དོན་གོ་བདེ་ཞིང་ཚིག་ཉུང་ངུར་བསྡུས་ཏེ་བཤད་པ་ནི་འདི་ལྟ་སྟེ། ཚེ་འདིར་སེམས་ལ་ངེས་པ་གསུམ་ཐོབ་སྟེ།་ལོངས་སྤྱོད་སྙིང་པོ་མེད་པ་ལ་སྙིང་པོ་ལེན་སྙམ་པ་དང་། བདག་ངན་སོང་སྤང་སྟེ་མཐོ་རིས་སམ་ས་བཅུ་ཐོབ་སྙམ་པ་དང་། བདག་གིས་བསོད་ནམས་བྱས་ལ་སེར་སྣ་སྤང་སྙམ་པའོ། །འཆི་དུས་སྣང་བ་གསུམ་འཐོབ་སྟེ། དགེ་བ་དེ་དྲན་པ་དང་། དེ་སངས་རྒྱས་རྗེས་སུ་དྲན་པ་དང་། བདག་ཉིད་མར་མེ་ཕུལ་ལོ། །ཕྱིས་སྦྱིན་པ་བྱའོ་སྙམ་མོ། །ཡང་འཆི་དུས་སྣང་བ་བཞི་ཐོབ་སྟེ། མདུན་དུ་ཉི་མ་དང་ཟླ་བ་དང་ལྷའི་འཁོར་དང་། སངས་རྒྱས་མཐོང་སྟེ་དེ་ལ་རང་གིས་གུས་པས་ཐལ་མོ་སྦྱར་བ་མཐོང་ངོ་། །འཆི་དུས་དྲན་པ་མི་ཉམས་ཤིང་རྨོངས་བར་མི་འགྱུར་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེའོ། །དེ་ནས་ཚེ་འཕོས་ནས་མིར་སྐྱེ་སྟེ། སངས་རྒྱས་འབྱུང་བ་དང་འཕྲད་ནས། ཚེ་རབས་དྲན་ཅིང་རབ་ཏུ་བྱུང་ཞིང་སངས་རྒྱས་མཆོད་དོ། །སྐྱེ་བ་ཀུན་ཏུ་རིགས་བཟང་། གཟུགས་མཛེས་སུས་ཀྱང་དེ་ལ་བསམ་ངན་མི་བྱེད། ནད་དང་སྡུག་བསྔལ་དང་རྨི་ལམ་ངན་པ་མི་འབྱུང་ངོ་། །ཡོངས་སུ་དག་པ་བཞི་ཐོབ་སྟེ། ལུས་དག་པ་རྩ་བཞི་


CMR035_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ལྔ་སྤོང་བར་འགྱུར། ངག་གིས་རྫུན་སྨྲ་བ་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི་སྤོང་བར་འགྱུར། ཡིད་དག་པ་བརྣབ་སེམས་གནོད་སེམས་ལོག་ལྟ་སྤོང་བར་འགྱུར། བག་མེད་པ་དང་ཆང་སྤོང་བར་འགྱུར། སངས་རྒྱས་དང་ཉན་ཐོས་ལ་བསྙེན་བཀུར་བྱེད་པར་འགྱུར། ཡང་འདུན་པར་འགྱུར་བའི་ཆོས་བརྒྱད་ཐོབ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཚུལ་ཁྲིམས་ཉམས་པ་མེད་པ་དང་། མཐོ་རིས་ཀྱི་ལུས་དང་། དལ་བ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། །བརྒྱ་བྱིན་དང་། ཚངས་པའི་ལུས་ཐོབ་པར་འགྱུར། ཡང་ཕན་ཡོན་བརྒྱད་འཐོབ་སྟེ། སངས་རྒྱས་ཀྱི་སྤོབས་པ་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། སེམས་ཅན་གྱི་སེམས་ཤེས་པ་དང་། བསམ་གཏན་དཔག་ཏུ་མེད་པ་དེ་འཇུག་པ་ཐོབ་བོ། །དེ་ཡང་མན་ངག་ནི། རང་སངས་རྒྱས་ཐོབ་འདོད་པས་རང་རྒྱལ་ལ་མར་མེ་རི་རབ་ཙམ་ཕྱོགས་ཀུན་ཏུ་བསྐལ་པ་བརྒྱར་ཕུལ་བ་བས། བྱང་ཆུབ་ཐོབ་འདོད་པས་རྩྭ་ཐུར་གཅིག་སྦྱར་ན་བསོད་ནམས་ཆེའོ། །སངས་


CMR035_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐོབ་པའི་ཆེད་དུ་སངས་རྒྱས་ལ་དམིགས་ནས་མར་མེ་ཕུལ་བའི་བསོད་ནམས་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ། ཅུང་ཟད་གློག་གི་ཡུན་ཙམ་མཆོད་རྟེན་གྱི་ཐེམ་སྐས་གཅིག་སྣང་བར་བྱེད་པའི་བསོད་ནམས་ནི་ཉན་རང་རྣམས་ཀྱིས་སྟོན་པར་མི་ནུས་དད་གུས་གཡོ་སྒྱུ་མེད་པས་སངས་རྒྱས་ལ་དད་ནས་མར་མེ་ཆུང་ངུ་ཙམ་བྱས་ནས། སངས་རྒྱས་ཀྱི་མཆོད་རྟེན་ཐེམ་སྐས་ཙམ་སྣང་ནས་སམ། མིག་ཚ་བཙུམ་ཙམ་དུ་མཆོད་རྟེན་སྣང་བར་བྱེད་ན། དེའི་བསོད་ནམས་སངས་རྒྱས་མ་གཏོགས་སུས་ཀྱང་སྟོན་པར་མི་ནུས་ཏེ་དཔག་ཏུ་མེད་པར་གསུངས་སོ། །དེ་དག་ཚིག་ལྷུག་པ་རྣམས་ནི་མར་མེ་འབུལ་བའི་མདོའི་དོན་བསྡུས་ཡིན་ལ། གཞན་ཡང་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་། དཔེ་མེད་མཆོད་ཕྱིར་མར་མེ་ཕུལ་བ་ཡིས། །ཨུཏྤལ་སྔོན་པོ་ཁ་བྱེ་འདྲ་བའི་མིག །གསལ་ཞིང་སྡུག་ལ་མིག་གིས་དཀྱུས་རིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །ཞེས་སོགས་གསུངས་ལ། སངས་རྒྱས་ལ་དངོས་སུ་མཆོད་པ་དང་། དངོས་སུ་མི་བཞུགས་ཀྱང་དམིགས་ནས་ཕུལ་བ་བསོད་ནམས་མཉམ་པར་གསུངས་ཤིང་། མར་མེ་ལ་འཇུག་པའི་བགེགས་བསྐྲད་པ་ནི། མར་


CMR035_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གཅིག་སྦར་བའི་སྟེང་ནས་དཀར་ཆུང་གཅིག་མགོ་ཐུར་དུ་སྦྱོར་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་མང་དུ་བརྗོད་ཅིང་དཀར་ཆུང་དེ་མགོ་ཐུར་དུ་མར་ལ་སྔགས་བརྗོད་ཅིང་ཡུངས་ཀར་བྲབ་པས་ཕྱིན་ཆད་བགེགས་མི་འཇུག་པར་གསུངས་སོ། །མར་མེ་ལ་ཕྱི་ནང་གསང་བ་དེ་ཁོ་ནའི་མར་མེ་ཞི་ཁྲོ་སོགས་ནས་གསུངས་ཀྱང་། མདོ་ལས་གསུངས་པའི་ཕན་ཡོན་འདི་དག་ཕྱིའི་མར་མེ་འདི་ཁོ་ནའི་ཕན་ཡོན་ཡིན་པར་ངེས་སོ། །ཞེས་ཨ་རཱ་གས་འཕྲལ་དུ་བསྡུས་ཏེ་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམར་མེའི་ཕན་ཡོན་ཅུང་ཟད་བརྗོད་པ།next