Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློག
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློགnext

ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློག


CMR035_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློག་བྱ་བ་བཞུགས་སོ། །


CMR035_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱ་ཡུཿཛྙཱ་ན་ཡེ། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ནས། ཚེ་ཐར་བཤད་པ་ཅུང་ཟད་འདིར་བརྗོད་བྱ། དེ་ལ་ཚེ་ཐར་འདི་ལ་མདོ་ལུགས་དང་སྔགས་ལུགས་གཉིས་ཡོད་དེ། མདོ་ལུགས་ནི་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའ་གྱུར་པའི་ཚེ་དོམ་དུ་སྐྱེ་བ་བཞེས་ཏེ། དེར་མི་ཞིག་བྲག་ཕུག་དོམ་གྱི་ཚང་ཡོད་སར་ཉལ་བས། ཁ་བས་ལམ་བཅད་དོམ་དེས་མི་མ་བསད་པར་ཚེ་ཐར་བྱས་ནས་ཤིང་ཐོག་བྱིན་ཏེ་གསོས་ནས། ཁ་བ་ཞུ་བ་དང་ལམ་བསྟན་ཏེ་བཏང་བའི་ལོ་རྒྱུས་དང་། ཡང་བཅོམ་ལྡན་འདས་སེང་གེར་སྐྱེ་བ་བླངས་པའི་ཚེ་རྔོན་པས་དུག་མདའ་


CMR035_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུན་པ་ན། སེང་གེས་རྔོན་པ་དེ་གསོད་ཐུབ་ཀྱང་མ་བསད་པར་ཚེ་ཐར་བྱས་པ་དང་། ཡང་བཅོམ་ལྡན་འདས་སྤྲེའུར་སྐྱེས་པའི་དུས་། མི་ཞིག་གཡང་ལ་ལྷུང་ནས་བྲག་འཁྲིལ་མི་ཐར་ས་ཞིག་ཏུ་ཚུད་ནས་འཆི་ལ་ཐུག་ཚེ་ཤིང་གི་ཡལ་ག་བརྐྱངས་ནས་དེ་ལ་འཇུས་ནས་གཡང་ལ་མ་ལྷུང་ནས་ཚེ་ཐར་བ་སོགས་མདོ་རྒྱུད་ལས་རྒྱ་ཆེར་གསུངས་སོ། །གསང་སྔགས་ལུགས་ལའང་དུད་འགྲོ་རྟ་ཕྱུགས་གཡུང་དྭགས་སོགས་སྲོག་ཆགས་རྣམས་མགོན་པོའི་རྟེན་འབུལ་བསྐང་རྫས་སུ་ཚེ་ཐར་བྱས་ནས་འབུལ་བ་ཕན་ཡོན་སོགས་ཀྱི་ལུང་ནི། ༈ འཁོར་ལོ་རིམ་གསུམ་གསེར་གྱིས་བྲི། །དབང་


CMR035_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རབ་གནས་བྱས་ནས་ནི། །དེ་ཡི་སྐེ་ལ་བཏགས་གྱུར་ན། །མགུ་ཞིང་ལས་རྣམས་བྱེད་པ་ལྟར། །ཞེས་དང་། བྱ་རོག་གདོང་གི་རྒྱུད་ལས། ཕྱི་རྟེན་ལུག་ནག་གཡག་ནག་དང་། །སྙིང་པོ་བྲིས་ཏེ་རྟེན་དུ་བཅའ། །རྔ་མ་སྔོ་དམར་མེ་ལོང་བརྒྱན། །ཞེས་དང་། འཕགས་པ་སྤུ་གྲི་ཀླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། རྟ་ནག་ཁྱི་ནག་ལུག་ནག་གསུམ། །ཆོས་སྐྱོང་བླ་རྡོའི་དམ་ཚིག་ཡིན། །ཅེས་གསུངས་པ་སོགས། ལྷ་སོ་སོའི་རྒྱུད་སྒྲུབ་ཐབས་སུ་འབྱུང་བ་ལྟར་ལྷ་སོ་སོའི་ཁ་དོག་དང་མཐུན་པར་གཡུང་དྭགས་རྣམས་ཚེ་ཐར་བྱས་ལ། རབ་ལྷ་སོ་སོའི་སྲོག་འཁོར་བཏགས། འབྲིང་སྔགས་ཀྱི་ཤོག་དྲིལ་བཏགས། ཐ་མ་ལྷ་སོ་སོའི་གཟུངས་སྔགས་བཟླས་པ་སྲུང་སྐུད་བཏགས། རྭ་ཅོ་དམར་པོ་བྱ། །དར་ཚོན་དང་རྔ་མ་སྔོ་དམར་གྱིས་བརྒྱན་ནས། རྣམ་འཇོམས་གཟུངས་ཆུས་བྲན་པས་ཁྲུས་བྱ། དེ་ནས་ནང་མཆོད་ཀྱིས་བྲན་ལ་ལྷ་སོ་སོའི་ལས་བྱང་བཏང་ལ་ལྷ་ཁྱེད་རྟེན་འདི་ལ་བརྟན་ཆོས་ལ་བདག་ཅག་མི་ནོར་འཁོར་བཅས་སྲུང་བ་དང་། སྡོང་གྲོགས་མེལ་ཚེ་མཛོད་ཅེས་བཀའ་བསྒོ། གཏོར་མར་གྱི་སྲུང་སྐུད་གཏོར་ཟན་བྱིན། དེ་ནས་ལོ་དུས་སུ་དེ་ལྟར་ཐོན་ན་ཡང་


CMR035_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཏེ། དུད་འགྲོ་དེ་ལ་ཁལ་མི་འགེལ། འགེལ་དགོས་བྱུང་ན་ཡང་ལུད་དང་མི་གཙང་བ་མི་འགེལ། མི་ཞོན། གལ་ཏེ་ཞོན་ན་ཡང་དམེ་ཕོ་ཡུགས་ས་མཛེ་ཕོ་དམ་ཉམས་སོགས་གྲིབ་ཅན་མི་བསྐྱོན། སྤྱི་དང་རྩིད་པ་མི་བྲེག་གོ །དེ་ལྟར་བྱས་པས་ལྷ་གང་ཡིན་དེ་རང་བཞིན་ཤུགས་ཀྱིས་འཁོར་ནས། མི་ནོར་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད་དོ། །གསུམ་པ་བསྐང་རྫས་སུ་བཤམས་པའི་ཚེ་ཐར་བྱ་བའི་ལུང་ནི་སྤུ་གྲི་ཀླད་གཟེར་དངོས་གྲུབ་འབྱུང་བའི་རྒྱུད་ལས། དེ་ནས་ལུས་ཀྱི་འཁོར་རྣམས་ཀྱི། །རྡོ་རྗེ་སྲིན་པོ་ལྷ་ཡི་གཙོ། །བསྐང་དང་བཤགས་པ་ཅི་ལྟར་ལགས། །ཞེས་གསོལ་བ་དང་། རྡོ་རྗེ་སྲིན་པོས་བཀའ་སྩལ་པ། ཐུགས་དང་འགལ་འཁྲུལ་མཆིས་ན་ཡང་། །བསྐང་ཞིང་བཤགས་པ་འདི་ལྟར་ཏེ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ཞེས་དང་། ཁྱེད་དང་མཐུན་པའི་དམ་རྫས་ནི། །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རྭ་རྣམས་རྒྱན། །ཅེས་དང་། དགོངས་འདུས་མདངས་བསྐང་ལས། ཟ་ལེ་འབྲི་དང་ཤེལ་སྒོང་ལུག །ཙ་ར་མཁའ་ལྡིང་ནག་པོའི་མདངས། །ཞེས་བསྐང་རྫ་ས་སུ་གསུངས་པ་དང་། བཀའ་


CMR035_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་མདངས་བསྐང་ཡང་དེ་དང་མཚུངས་ལ། ཞི་བའི་བསྐང་བ་དྲི་མེད་རབ་གསལ་ལས། ཟ་ལེ་འབྲི་དང་ཤེལ་སྒོང་ལུག །མཁའ་ལྡིང་ནག་པོ་ཙ་ར་ར། །ཞེས་དང་། དྲག་པོའི་བསྐང་བ་ལས། བྱ་ནག་རི་དམར་ལུག་ནག་དང་། །ཁྱི་ནག་ར་ནག་ཟ་ལེ་འབྲི། །ཞེས་དང་། མ་མགོན་གཉིས་ཀྱི་བསྐང་གསོ་རིན་ཆེན་ཀརྨ་པས་མཛད་པ་ལས་ཀྱང་། ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཞེས་གསུངས་པ་དང་། གཞན་ཡང་བསྐང་བའི་གཞུང་ཐམས་ཅད་ནས་བཤད་ཅིང་། ཁྱད་པར་བསྐང་རྒྱུད་ཀྱི་འགྲེལ་པར། ལུག་ལ་ཤེས་ཆད་དང་། ར་ལ་ཙ་ར། འབྲི་ལ་ཟ་ལེ་སོགས་ཀྱི་བརྡའི་སྐད་ཀྱིས་གསུངས་སོ། །དེ་ལྟར་སྲོག་ཆགས་དེ་དག་དར་སྣ་དང་རྔ་ཚོན་བརྒྱན། གཟུངས་ཆུས་བསངས། བདུད་རྩིས་བྲན་ལ་བསྐང་བ་རྣམས་གྱེར་ནས།། ཚེ་ཐར་བྱ་བ་ནི་མདངས་བསྐང་སྟེ། ཉམས་ཆག་བསྐང་ཞིང་རྐྱེན་འོང་བཟློག་གོ །བཞི་པ་དཀོར་ནོར་དུ་འབུལ་བའི་ཚེ་ཐར་ལུང་ནི། རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རུ་སྔོན་སྤྱི་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་ཚོགས། །ལུག་ནག་རྒྱུན་ལྡན་ཚོགས་རྣམས་འབུལ་བར་བགྱི། །ཞེས་


CMR035_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། ལེགས་ལྡན་ནག་པོའི་ཆོས་རབ་ལས། འཇིག་རྟེན་ལྷའི་མིང་རྣམས་སྨོས་ནས། །གཡག་དཀར་ལུག་དཀར་རི་དཀར་དང་། །བྱ་དཀར་མཐུན་པའི་དམ་རྫ་ས་འབུལ། །ཞེས་གསུངས་སོ། །དེ་ལ་ལྷ་སོ་སོའི་རིགས་དང་མཐུན་པའི་སྤུ་ཅན་གྱི་གཡུང་དྭགས་དར་སྣ་རྔ་མ་སོགས་ཀྱིས་རྩེན་ལ། ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་སོ་སོ་ལ་ཕུལ་ན་ཕྲིན་ལས་གང་བཅོལ་འགྲུབ་ཅིང་། སོ་སོའི་དངོས་གྲུབ་འབྱུང་བ་དང་ཁ་འཛིན་སྡོང་གྲོགས་བྱེད་དོ། །ལྔ་པ་སྲོག་བླུ་བཏང་བའི་ཚེ་ཐར་ནི། སུན་ཟློག་གི་བསྐང་བ་གླུད་བརྗེ་སྐག་ཟློག་འདོན་པའི་སྒྱུར་དང་། གཟའ་མདོས་ཀྱི་གཟའ་ཁ་ཡོ་བའི་ར་ལུག་དང་། དམ་ཅན་འཁྲུགས་བསྐང་གི་ར་འབུལ་ཡིན་ཏེ། བསྐང་བ་གླུད་བརྗེ་སྐག་བསྒྱུར་ལས། སེམས་ཅན་འདི་ཡི་མགོ་བོ་དང་། །ཡོན་བདག་མགོ་བོ་བརྗེ་སྲོལ་མཛོད། །ནད་འདི་སོལ་ལ་རྐྱེན་འདི་ཟློག །འཆི་ལྟས་ངན་པ་བསྒྱུར་དུ་གསོལ། །ཞེས་དང་། གཟའ་ཁ་སྤོ་བ་ལས་གཟའ་འབེབས་ན་ར་ལ་འབེབས། འགྲོལ་ན་ལུག་ལ་འགྲོལ། ཞེས་དང་། དམ་ཅན་འཁྲུགས་བསྐང་གི་ར་འབུལ་ལས། བཀྲེས་ན་གསོལ་བའི་ཟས་སུ་འབུལ། །ཞེས་གསུངས་


CMR035_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལྷ་འདྲེ་གླུད་བུ་ལོན་ལན་ཆགས་སུ་འཇལ། ཕོག་ཐུག་བྱུང་བའི་ཆས་སུ་འཇལ་བ་ཡིན་ནོ། །དེ་ནས་བླ་མ་དང་ཡོན་བདག་སུས་འཚག་ཀྱང་ནོར་བཅོལ་ཉ་ར་བྱེད་པ་ལྟར། ཚེ་ཐར་བྱེད་དགོས་གལ་ཏེ་བཤས་ན་ནི། བུ་ལོན་འཇལ་བའི་ནོར་བཤས་ནས་ཟོས་ན་བུ་ལོན་འཇལ་ཝིག་དགོས་པ་དང་། དཔོན་ལ་ཆད་པ་འཇལ་བའམ་ཁ་མཆུ་ལ་འཇལ་བའི་ནོར་བཤས་ནས་ཟོས་ན་ཁ་མཆུ་ལོག་པ་དང་འདྲ་བས་ཤིན་ཏུ་མི་རུང་ངོ་། །གལ་ཏེ་ཡོན་བདག་གིས་བཤས་ན་སྲོག་བཅད་པས་ཚེ་རིང་བར་མི་སྲིད་པ་དང་། ལྷ་འདྲེ་ལ་སྦྱིན་འཕྲོག་བྱས་པས་སླར་ཕོག་ཐུག་འོང་ལ། བླ་མཆོད་ཀྱི་ཁྲིད་ནས་བཤས་ན་ལྷ་འདྲེའི་ནོར་འཕྲོག་པས་བླ་མཆོད་དེ་ལྷ་འདྲེ་དང་འགྲས་ནས་གོད་ཀ་ལྡང་བ་དང་དབུལ་པོར་འགྱུར་རོ། །དེ་ལྟར་ཚེ་ཐར་གྱི་དབྱེ་བ་བཤད་ནས་ཕན་ཡོན་ནི། སྤྱིར་སྲོག་གཅོད་པ་སྤངས་བ་ནི་དགེ་བ་བཅུའི་དང་པོ་ཡིན་ཅིང་། སྲོག་གཅོད་སྤོང་བ་ལ་ཡང་སྤྱིར་སྲོག་གཅོད་ཐམས་ཅད་སྤོང་བ་དང་། བྱེ་བྲག་རེ་རེ་ནས་སྤོང་བ་གཉིས་ཡོད་པ་ལས། ཚེ་ཐར་ནི་སེམས་ཅན་རེ་རེའི་སྲོག་གཅོད་སྤོང་བ་ཡིན། སྲོག་གཅོད་སྤོང་བའི་ཕན་ཡོན་མདོ་དྲན་པ་ཉེར་བཞག་ནས་གསུངས་པའི་དམ་ཚིག་ཉུང་ངུར་བསྡུས་


CMR035_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་མི་འཇིགས་པའི་སྦྱིན་པར་འགྱུར་བ་དང་། ཚེ་རིང་བ་དང་། ཚེ་འདིར་གཞན་གྱིས་བསྟོད་པ་དང་། མདོག་དང་དབང་པོ་གསལ་བ་དང་། ཚེ་རིང་པོར་ཐུབ་པ་དང་། ལྷ་སྲིན་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་ཕྱི་བཞིན་འབྲང་ཞིང་བསྲུང་བ་དང་། ཕྱི་མ་མཐོ་རིས་སུ་སྐྱེ་བ་དང་། སྲོག་བྱིན་པས་སྦྱིན་པའི་མཆོག་ཏུ་འགྱུར་བ་དང་། མཐར་ཐུག་ཉན་ཐོས་སམ་རང་སངས་རྒྱས་རྫོགས་པའི་བྱང་ཆུབ་སྟེ་སྨོན་ལམ་གང་བཏབ་པ་དེ་ཐེབས་པར་གསུངས་སོ། །ཉི་མའི་སྙིང་པོའི་མདོ་ལས་ཀྱང་། སྲོག་གཅོད་སྤང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ཏེ། སྐྲག་པར་མི་བྱེད་འཁྲུགས་པར་མི་བྱེད་སྤུ་ཟིང་ཞེས་འགྱུར་བར་མི་བྱེད་དོ། །དེ་དགེ་བའི་རྩ་བ་ལས་ཀྱི་རྣམ་པར་སྨིན་པ་དང་དེ་སྲོག་གཅོད་པ་སྤོང་བའི་འཁོར་དེས་སྔོན་གྱི་མཐའི་མུ་ནས་འགྲོ་བ་ལྔའི་འཁོར་ལོར་ཞུགས་ཤིང་། འཁོར་བའི་ཆུ་བོས་ཁྱེར་ནས་སྲོག་གཅོད་པའི་རྒྱུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་བྱས་པ་དང་། བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བ་གང་ཡིན་པ་ཐམས་ཅད་འཇོམས་


CMR035_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མ་ལུས་པར་རྣམ་པར་སྨིན་པར་འགྱུར་བར་བྱེད་དོ། །དེ་ལ་རིས་མཐུན་པའི་ལྷ་རྣམས་དགའ་བར་འགྱུར་རོ། །ནད་མེད་པ་དང་ཚེ་རིང་བར་འགྱུར་རོ། །ཞེས་གསུངས། དེས་ན་ཚེ་ཐར་བཏང་བས་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཁྱད་པར་སྔར་བཤའ་བསད་མང་པོ་བྱས་པ་ལ་ཕྱིས་ཚེ་ཐར་མང་པོ་བཏང་བས་སྡིག་པ་དག་པ་ཡིན་ནོ། །སྲོག་གཅོད་སྤོང་བ་དགེ་བ་བཅུའི་དང་པོ་ཡིན་ལ། ཚེ་ཐར་ནི་དོན་སེམས་ཅན་སྲོག་གཅོད་སྤོང་བ་ཡིན་པས། དེའི་དགེ་བས་བདེ་འགྲོ་མཐོ་རིས་སྐྱེ་བ་ཀུན་ཏུ་ཐོགས་ཏེ། རིན་ཆེན་ཕྲེང་བ་ལས། དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །དགེ་བ་སྲོག་མ་བཅད་ཚེ་ཐར་བཏང་བ་དེའི་རྣམ་སྨིན་གྱི་འབྲས་བུ་ངན་སོང་སྤངས་ནས་མཐོ་རིས་ཐོབ་སྟེ། ཀླུ་སྒྲུབ་ཀྱི་ཞལ་ནས། ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པར་འཐོབ། །ཅེས་གསུངས་སོ། ཚེ་ཐར་བྱས་ནས་སེམས་ཅན་དེའི་སྲོག་བཅད་པའི་རྒྱུ་མཐུན་གྱི་འབྲས་བུ་སྐྱེ་བ་ཀུན་ཏུ་ཚེ་རིང་བར་འགྱུར་རོ། བྱེད་པ་རྒྱུ་མཐུན་སྐྱེ་བ་ཐམས་ཅད་དུ་སྲོག་


CMR035_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ལ་མི་མོས་ཤིང་སྲོག་མི་གཅོད་པར་འགྱུར་བ་དང་། བདག་སེམས་ཅན་དབང་གི་འབྲས་བུ་ནི་ཡུལ་གཟི་མདངས་ཅན་དུ་སྐྱེ་བ་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ཤི་བསོད་ནམས་ཏེ། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་སོ། །སེམས་ཅན་མ་བསད་པར་ཚེ་ཐར་བྱས་པ་དེ་ནི་བྱམས་པའི་སྦྱིན་པ་སྟེ། བྱམས་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་མཆོད་པ་སྣ་ཚོགས་ཀྱིས་བཀང་སྟེ་སངས་རྒྱས་རྣམས་ལ་ཉིན་རེ་བཞིན་དུ་འབུལ་བ་བས།། སེམས་ཅན་ཐམས་ཅད་ལ་བྱམས་པ་ཡུད་ཙམ་བསྒོམ་པ་ཕན་ཡོན་ཆེ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། བྱེ་བ་ཁྲག་ཁྲིག་བལྟམས་པའི་ཞིང་དག་ན། །མཆོད་པའི་རྣམ་པ་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་དང་། སེམས་ཅན་གསོད་པ་ལ་སྙིང་རྗེ་ནས་ཚེ་ཐར་བྱས་པ་ནི་སྙིང་རྗེ་ཡིན་ལ། སྙིང་རྗེ་ནི་སངས་རྒྱས་ཐོབ་པ་ལ་དང་པོ་གལ་ཆེ་བ་ས་བོན་དང་འདྲ། བར་དུ་གལ་ཆེ་བ་ཆུ་ལུད་དང་འདྲ། ཐ་མ་གལ་ཆེ་བ་སྟོན་ཐོག་ཕུན་སུམ་


CMR035_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་འདྲ་སྟེ། འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་པ་དང་། སྲོག་བྱིན་པ་ནི་སྦྱིན་པའི་མཆོག་ཡིན་པས། སྡུད་པ་ལས། བྱང་ཆུབ་སེམས་དཔའ་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དེ་བཞིན་དབུལ་བ་དང་ནི་ཡིད་མི་བདེ་བ་ཐམས་ཅད་སེལ། །ཞེས་གསུངས་པས། ཚེ་ཐར་བྱས་ན་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པ་དང་། ཚེ་རབས་ཐམས་ཅད་དུ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། ཞེས་གསུངས་པ་ལྟར། སེམས་ཅན་དེ་གསོད་མི་བཅུག་པར་གནས་སྐབས་སུ་བདེ་བར་འདོད་པ་ནི་བྱམས་པ། སེམས་ཅན་གསོད་པ་དེ་སྙིང་རྗེ་བས་མི་གསོད་ཚེ་ཐར་བྱེད་པ་ནི་སྙིང་རྗེ། །འདི་དགེ་བའི་དངོས་པོ་ཚེ་ཐར་བྱས་པའི་ཕན་ཡོན་ཡོད་སྙམ་པ་ཡིས་དགའ་ན་དགའ་བ། འདི་ནི་ཤ་ཟའོ་ཚིལ་ལྡན་ནོ་ཁྲག་འཐུང་ངོ་རུས་པ་དང་རྐང་ལྡག་གོ །ནང་ཆ་ཟའོ་པགས་པ་གྱོན་ནོ་སྙམ་དུ་


CMR035_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ངན་པ་མང་པོ་མི་སྐྱེ་བ་ནི་བཏང་སྙོམས་ཏེ། ཚངས་པའི་གནས་བཞི་ཡང་ཚེ་ཐར་ལ་ཚང་ངོ་། ཚངས་པའི་གནས་བཞི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་སྤྱོད་པ། །ཞེས་གསུངས་པ་ལྟར། གསོད་འོས་པའི་སེམས་ཅན་དེ་ལ་སྲོག་སྦྱིན་པ་ནི་མཁོ་བ་སྦྱིན་པའོ། །ཚེ་ཐར་དེ་ལ་འདི་ཚེ་ཐར་ཡིན་ནོ་ཞེས་མིང་བཟང་པོ་བཏགས་པ་ནི་སྙན་པར་སྨྲ་བའོ། །དེ་ལྟར་མིང་བཏགས་པ་དང་མཐུན་པར་དུས་ནམ་ཡང་མི་བཤའ་བ་ནི་དོན་མཐུན་པའོ། །དེ་འཚོ་སྐྱོང་གསོ་གསན་བྱེད་པ་གདུལ་བྱ་དུད་འགྲོ་དེའི་དོན་སྤྱོད་པ་སྟེ། བསྡུ་བའི་དངོས་པོ་བཞི་ཡང་ཚེ་ཐར་ལ་ཚང་ཞིང་བསྡུ་དངོས་བཞི་ནི། འགྲོ་དོན་གྱི་རྩ་བ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག །ཅེས་གསུངས་པ་ལྟར། སྲོག་བྱིན་པ་ནི་སྦྱིན་པའོ། །སྲོག་གཅོད་པ་སྤོང་བ་ནི་ཚུལ་ཁྲིམས་སོ། །དེའི་ཤ་དང་ལྤགས་པ་ལོངས་སྤྱོད་རྒྱུ་མེད་པར་བྱེད་པ་ནི་བཟོད་པའོ། །དེའི་འཚོ་སྐྱོང་གསོ་གསན་ལ་བརྩོན་པ་ནི་བརྩོན་འགྲུས་སོ། །འདི་བཤའ་མི་རུང་ཚེ་ཐར་ཡིན་ནོ་


CMR035_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་ནི་དགེ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་ནོ། །དེ་བསད་ན་ཉེས་པ་ཆེ་བར་ཤེས། ཚེ་ཐར་བྱས་ན་ཕན་ཡོན་ཆེ་བར་ཤེས་པ་ནི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག །ཀྱང་ཚེ་ཐར་ལ་ཚང་ངོ་། །ཕར་ཕྱིན་དྲུག་ནི་སངས་རྒྱས་ཐོབ་པའི་ལམ་གྱི་དངོས་གཞི་ཡིན་ནོ། །དད་དང་ཚུལ་ཁྲིམས་ཐོས་དང་བཏང་བ་དང་། །ཤེས་རབ་ཁྲེལ་ཡོད་ངོ་ཚ་ཤེས་པ་སྟེ། །ཞེས་གསུངས་པ་ལྟར། ཚེ་ཐར་བྱས་པའི་ཕན་ཡོན་ལ་ཡིད་ཆེས་པའི་དད་པའམ། ལྷ་ལ་དད་པ་བརྩོན་པ་ནི་དང་བ། སེམས་ཅན་དེའི་སྲོག་གཅོད་སྤོང་བ་ནི་ཚུལ་ཁྲིམས་སམ་སྲོག་བཅད་པ་ནི་ཉེས་དམིགས་དང་ཚེ་ཐར་བྱས་པའི་ཕན་ཡོན་ཐོས་པ་ནི་ཐོས་པ། སྲོག་བྱིན་མ་སྦྱིན་པ་བཏང་བའི་མཆོག་ཡིན་པ་དང་། ཚེ་ཐར་གྱི་རིན་འཇལ་བ་དང་། གསོན་པོ་བྱེད་པ་ནི་སྦྱིན་པ་བཏང་བ། ཕན་ཡོན་དང་ཉེས་དམིགས་ཤེས་པ་ནི་ཤེས་རབ། སེམས་ཅན་ཚེ་རབས་མང་པོའི་ཕ་མ་ཡིན་པ་དེ་མི་གསོད་ཚེ་ཐར་བཏང་བ་ནི་ཁྲེལ་ཡོད་པ། ཚེ་ཐར་བཤས་ན་གཞན་གྱི་འཕྱ་དོགས་པ་ནི་ངོ་ཚ་ཤེས་པ་སྟེ། འཕགས་པའི་ནོར་བདུན་ཡང་ཚེ་ཐར་ལ་ཚོང་ངོ་། །འཕགས་པའི་ནོར་བདུན་པོ་དེ་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །འོ་ན་ཕན་ཡོན་དེ་


CMR035_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡོད་ན་ཚེ་ཐར་བཤས་ན་ཉེས་པ་ཅི་ཙམ་ཡོད་ཅེ་ན། དེ་ལ་སྤྱིར་སྲོག་གཅོད་པའི་ཉེས་པ་དང་། ཚེ་ཐར་བསད་པའི་ཉེས་པ་གཉིས་འབྱུང་སྟེ། སྲོག་བཅད་པའི་ཉེས་པ་ནི། འཕགས་པ་དགའ་བ་ཅན་གྱི་མདོ་ལས་སྲོག་བཅད་པའི་ཉེས་དམིགས་བཅུ་གསུངས་པ། ཚིག་བསྡུས་ཏེ་བཤད་ན། ཚེ་འདི་ལ་མཁོན་སྐྱེད་པ་དང་། སྐྱེ་བ་གཞན་དུ་མཁོན་རྗེས་སུ་འབྲེལ་བ་དང་། སྐྱེ་བོ་མང་པོས་ཡིད་མི་རྟོན་པ་དང་། སྡིག་པའི་རྨི་ལམ་མཐོང་བ་དང་། བདག་ཀྱང་འཇིགས་པ་སྐྱེ་བ་དང་། སེམས་ཅན་ཐམས་ཅད་ཀྱང་དེ་ལ་འཇིགས་པ་སྐྱེ་བ་དང་། བདེ་བར་ཉལ་བ་ཡང་སྡུག་བསྔལ་བ་དང་། སྡིག་པ་རྣམ་པར་སེམས་པ་དང་། རྨོངས་པ་དང་བཅས་པར་འཆི་བའི་དུས་བྱེད་ཤི་ནས་དམྱལ་བར་སྐྱེ་བ་དང་། །མིར་སྐྱེས་ཀྱང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ་གསུངས་སོ། །ཁྱད་པར་ཚེ་ཐར་རྣམ་གྲངས་སོ་སོ་ལ་ཉེས་པ་སོ་སོར་འབྱུང་སྟེ། མདོ་ལུགས་ཀྱི་ཚེ་ཐར་བསད་པ་ཡིན་ན་རྫུན་སྨྲས་པའི་ཉེས་པ་དང་། ངོ་ཚ་མེད་པའི་ཉེས་པ་དང་། ཁྲེལ་མེད་པའི་ཉེས་པ་དང་། ཆད་མི་བཙན་པའི་ཉེས་པ་དང་། གནའ་གཞུང་མེད་པའི་ཉེས་པ་དང་། མི་རྣམས་ཀྱིས་འཕྱ་བ་དང་།


CMR035_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་མི་དགའ་བར་འགྱུར་རོ། །ཚེ་ཤུགས་བཏང་བའི་ཚེ་ཐར་བཤས་ན། ཚེ་ཐུང་བར་འགྱུར་བ་དང་། སངས་རྒྱས་ཚེ་དཔག་ཏུ་མེད་པ་དབུ་གཡོགས་པའི་ཉེས་པ་དང་། ཚེ་དཔག་ཏུ་མེད་པའི་དཀོར་འཕྲོག་པའི་ཉེས་པ་འབྱུང་སྟེ། སྲོག་བཅད་པས་དམྱལ་བར་སྐྱེ། སངས་རྒྱས་དབུ་གཡོགས་པའི་ཉེས་པས་ཐར་བར་དཀའ། སངས་རྒྱས་ཀྱི་དཀོར་འཕྲོག་པའི་ཉེས་པས་ཡི་དྭགས་སུ་སྐྱེ། ཕན་ཡོན་དང་ཉེས་དམིགས་ཁྱད་དུ་བསད་པས་དུད་འགྲོར་སྐྱེའོ། །ལྷ་ལ་རྟེན་དུ་བཙུགས་པའི་ཚེ་ཐར་བཤས་ན། བསྟན་པ་བཤིགས་པས་ཕྱིན་ཆད་ལྷ་མི་འཁོར་ལྷ་དང་དམ་ཚིག་ཆག་པས་ལྷ་བདུད་དུ་འབབ་བོ། །རང་གིས་རང་བྲུབ་པ་ཡིན་ནོ། །ལྷ་ལ་དཀོར་དུ་ཕུལ་བའི་ཚེ་ཐར་བཤས་ན། ལྷ་དེའི་འོག་རྟ་གྲྭ་གལ་བསད་པ་དང་འདྲ་བས་ལྷ་བདུད་བབས། གོད་ཀ་དང་བཀྲ་མི་ཤིས་པ་འབྱུང་ངོ་། །སྲོག་བླུ་བཏང་བའི་ཚེ་ཐར་བཤས་ན། མི་ལ་བུ་ལོན་འཇལ་བའི་ནོར་བཅོལ་བཤས་ནས་ཟོས་པ་དང་འདྲ་བས་ལྷ་འདྲེའི་ཟ་ཁ་རང་ལ་སྟོན་པས་ཚེ་ཐུང་ནད་མང་བར་འགྱུར་རོ། །ཡང་ཚེ་སྤོ་ཟེར་ནས་ཚེ་ཆེ་བཤས་ནས་ཆུང་ཆུང་ཚབ་བཏང་བ་ནི་ཤིན་ཏུ་མི་རུང་སྟེ། དཀོན་མཆོག་གསུམ་དང་ལྷ་རྣམས་


CMR035_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བསྐོར་བ་དང་། རྫུན་སྨྲས་པ་དང་། བསྟན་པ་སྨྲ་ཕབ་པའི་ཉེས་པ་འབྱུང་ངོ་། །དེ་ལྟར་ཕན་ཡོན་དང་ཉེས་དམིགས་བཤད་པས། ཚེ་ཐར་གྱི་ལས་ཚོགས་ནི། ཚེ་ཐར་གྱི་ནི་ལས་སྦྱོར་དཔག་མེད་པ། །རྒྱ་མཚོ་ཆུ་ཐིགས་ཙམ་ཞིག་འདིར་བརྗོད་བྱ། །འཆི་ངོ་ཤེས་པའི་སེམས་ཅན་སྲོག་བླུས་ན། །དུས་མིན་འཆི་བ་ཐམས་ཅད་བཟློག་འགྱུར་བ། །རྫོགས་པ་ཆེན་པོའི་རྒྱུད་ཀྱི་གདམས་ངག་ཡིན། །བཤའ་ལུག་ཤན་པའི་ལག་ནས་བླུས་བྱས་ནས། །ཚེ་དཔག་མེད་ལ་ཕུལ་ནས་ཚེ་ཐར་བྱས། །ཚེ་ཟད་ཟླ་བ་དགུ་ནས་འཆི་བ་ཡང་། །ཚེ་ནི་བསྲིང་བ་པད་འབྱུང་མན་ངག་ཡིན། །བརྒྱ་རྩ་ཉེར་གཅིག་བཅུ་འམ་བདུན་ནམ་ལྔ། །གསུམ་སོགས་འབྱོར་བ་དང་བསྟུན་ཚེ་ཐར་བཏང་། །འཆི་ལྟས་བཟློག་འགྱུར་འཆི་བླུའི་རྒྱུད་ནས་གསུངས། །གསུམ་མམ་ལྔའམ་བཅུའམ་ཚེ་ཐར་བཏང་། །སྲོག་གུད་འཆི་སར་ཕྱིན་ནམ་དུར་མིག་གི །སྐག་རྣམས་བཟློག་པར་འཇམ་དཔལ་དབྱངས་ཀྱིས་གསུངས་། །ཚེ་ཐར་དཔྲལ་བར་མར་གྱིས་ཉི་ཟླ་བྲི། །ཚེ་ནི་འཕེལ་འགྱུར་ཨོ་རྒྱན་གདམས་ངག་ཡིན། །རྟ་ནག་གཡག་ནག་ལུག་ནག་དར་ནག་བརྒྱན། །མགོན་པོ་བྱ་རོག་དཔོན་


CMR035_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་ལ་རྩེན་ན། །བསྟན་པ་རྒྱས་ཤིང་དཀོར་ནོར་སྲུང་འགྱུར་ཞེས། །ཙ་མི་སྒ་ལོ་གཉིས་ཀྱི་གདམས་ངག་ཡིན། །གཡག་ནག་ལུག་ནག་ཕྱག་དྲུག་པ་ལ་གཅིག །བར་ཆད་སེལ་བར་ཤ་ཝ་རི་པས་གསུངས། །བོང་བུ་གྲྭ་དམར་དཔལ་ལྡན་ལྷ་མོར་རྩེན། །རྨིག་ཟླུམ་གོད་ཀ་ཆགས་ཤིང་འཕེལ་འགྱུར་ཞེས། །རྒྱ་ནག་ཧྭ་ཤང་ཆེན་པོའི་གདམས་ངག་ཡིན། །ལུག་ནག་གསུམ་ནི་ལྷ་མོ་དཔོན་གཡོག་ལ། །རྩེན་ན་མ་མོ་འཁྲུགས་པ་བསྐངས་གྱུར་ནས། །ཡམས་ནད་མི་ནད་ཕྱུགས་ནད་ཞི་བར་འགྱུར། །ཅོག་རོ་ཀླུ་ཡི་རྒྱལ་མཚན་གདམས་པ་ཡིན། །གཡག་ནི་སེ་བོ་ཡང་ན་ར་སྔོན་པོ། །རྣམ་ཐོས་སྲས་ལ་རྩེན་ན་ནོར་ལྷ་མཉེས། །ཁ་འཛིན་བྱེད་པ་ཁ་ཆེ་པཎ་ཆེན་གསུངས། །ལུག་ནི་མགོ་སེར་གང་བ་བཟང་པོ་ལ། །རྟེན་ན་ལུག་རྣམས་འཕེལ་ཞིང་རྒྱས་པར་བྱེད། །རྟ་སྔོན་ཆུ་རིས་རེ་མནྟ་ལ་རྩེན། །རྟ་རྣམས་སྲུང་ཞིང་འཕེལ་བར་བྱེད་པ་ཡིན། །རྟ་ནག་ཀུ་བེ་ར་ལ་རྩེན་ན་ནི། །ར་ཡི་གནོད་འཚེ་སྲུང་ཞིང་ཟློག་པར་བྱེད། །ཁྱུང་གཡག་ཁྱུང་གླང་དོན་པོ་རྭ་སྣས་བརྒྱན། །ཡུལ་གྱི་ལྷ་ཀླུ་ཀླུ་རྒྱལ་ནོར་རྒྱས་ལ། །རྩེན་ན་གོད་ཀ་ཆད་ཅིང་ནོར་འཕེལ་བ། །རྡོ་རྗེ་ཕུར་པའི་གཞུང་ལས་གསུངས་པ་


CMR035_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ར་དཀར་གཉའ་ནག་རྡོ་རྗེ་ལེགས་པ་ལ། །རྩེན་ན་དམ་ཅན་འགོ་ཞིང་སྟོང་གྲོགས་བྱེད། །གཡག་དཀར་ར་དཀར་ལུག་དཀར་ཡུལ་གྱི་ལྷར། །རྩེན་ན་ཡུལ་ལྷ་དགའ་ཞིང་ཁ་འཛིན་བྱེད། །བ་དཀར་ར་དཀར་དང་ནི་འབྲི་ཟལ་མོ། །ནོར་སྔོན་ཀླུ་ལ་རྩེན་ན་ཀླུ་གཡང་འཕེལ། །དཀར་ཐིག་མེད་པའི་ར་རོག་རཱ་ཧུ་ལར། །ཕུལ་ན་གཟའ་ཡི་གནོད་པ་ཞི་བར་འགྱུར། །ར་དཀར་རྭ་ལ་བཙག་བྱུགས་གནམ་ལྷ་དང་། །རྒྱལ་པོ་ལ་ཕུལ་གནོད་ཞི་ཁ་འཛིན་བྱེད། །ར་ཐང་དམར་པོ་དང་ནི་གཡག་ཁམ་པ། །བཙན་ལ་ཕུལ་ན་པ་གདོན་ཞི་ཁ་འཛིན་བྱེད། །ར་ནི་རྒྱ་མོ་འམ་ནི་བྱ་མོ་ནག །འཇིག་རྟེན་མ་མོ་ལ་ཕུལ་འཆི་བ་ཟློག །ནོར་རྒྱུན་མ་སོགས་ནོར་ལྷ་ཐམས་ཅད་ལ། །འབྲི་དང་གཡག་རྩེན་ནོར་སྒབ་འཕེལ་བར་བྱེད། །དྲེལ་ནི་དཀར་མོ་རྐྱང་པོར་ཕོ་དྲེལ་ནག །དྲེལ་སྔོན་ལྷ་མོར་རྩེན་ན་ལྷ་མོ་སྐྱེས།། །ར་སྐྱེས་དར་དང་རྔ་མ་སྔོ་དམར་བརྒྱན། །སྐྱེས་བུ་ལ་ཕུལ་འཁུ་ལྡོག་འགྲམ་འཁྲུག་ཞི། །གཡག་ལུག་སྤུ་རྟོགས་བཟང་བ་ཕ་མཚུན་ལ། །རྩེན་ན་ཕ་བླ་མི་འཁྱམས་རིགས་རྒྱུད་དར། །ལུག་ནག་བདུད་ཀྱི་མགོན་པོ་ཏྲཀཱད་ལ། །རྩེན་ན་བཟང་ངན་པྲ་རྟགས་ལུང་གིས་


CMR035_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་། །གཡག་ནག་ལུག་ནག་ཞིང་སྐྱོང་ནག་པོ་ལ། །རྩེན་ན་དཀོར་ནོར་སྲུང་ཞིང་མེལ་ཚེ་བྱེད། །མདོར་ན་ཡེ་ཤེས་དང་ནི་འཇིག་རྟེན་གྱི། །ལྷ་དང་སྲུང་མ་གཞི་བདག་ཐམས་ཅད་ལ། །རང་རང་རིགས་དང་མཐུན་པའི་དུད་འགྲོ་དང་། །ལྷ་ཡི་སྐུ་མདོག་དང་མཚུངས་སྤུ་གྲྭ་ཅན། །དར་ཚོན་རྔ་མས་བརྒྱན་ནས་རྩེན་བྱས་ན། །དེ་ལ་འཁོར་ཞིང་སྲུང་སྐྱོབ་སྡོང་གྲོགས་བྱེད། །དེ་ཡང་དབང་ཕྱུག་ལ་ནི་བོང་བུ་དང་། །བཙན་ལ་ཕག་དང་ཀླུ་ལ་ཁྱིམ་བྱ་དང་། །དགེ་བསྙེན་མཁའ་རི་ལྕམ་དྲལ་ལ་ནི་ར། །དེ་དག་མི་མཉེས་རྩེན་དུ་མི་རུང་ངོ་། །དེ་མིན་སྲོག་ཆགས་རིགས་མཐུན་ཙམ་ཡང་རུང་། །ཁྱི་ནག་རྟ་ནག་ལ་སོགས་རྩེན་པ་ནི། །ལྷ་ནི་དགའ་ཞིང་འཁོར་བར་འགྱུར་མོད་ཀྱིས། །བཤའ་སྲོལ་མེད་ཕྱིར་ཚེ་ཐར་ཕན་ཡོན་མེད་། །དེས་མཚོན་དུད་འགྲོ་མོ་རིགས་ཕན་ཡོན་ཆུང་། །ཤ་ཟན་ཕོ་ཐང་ཚེ་ཐར་ཕན་ཡོན་ཆེ། །བཤའ་ལུགས་གསོད་ཁ་བླས་ན་མཆོག་ཡིན་ནོ། །དེས་མཚོན་མི་དང་གཅན་གཟན་རི་དྭགས་སོགས། །གསོད་ལ་རག་པའི་སྲོག་སྐྱབས་སུས་བྱས་པ། །ཕན་ཡོན་ནམ་མཁའི་ཁམས་སུ་ག་ལ་ཤོང་། །དེ་སྐད་འོ་དོད་དུས་རྣམས་ཀུན་ཏུ་འབོད། །ཁྱད་པར་ཉེས་ཆེན་


CMR035_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་དུ་ཚུད་པའི་མི། །ཚེ་ཐར་བྱས་པས་ཕན་ཡོན་བསམ་མཐའ་ཡས། །དུད་འགྲོ་ཁྲི་འབུམ་བྱེ་བ་ཚེ་ཐར་བས། །མི་གཅིག་ཚེ་ཐར་བྱས་ན་བསོད་ནམས་ཆེ། ཅི་ཕྱིར་ཐོབ་པར་དཀའ་ཞིང་རིན་ཐང་ཆེ། །ལུས་ལ་དམ་པ་རིགས་བརྒྱ་ལ་སོགས་པ། །གསང་སྔགས་དཀྱིལ་འཁོར་ལྷ་ཚོགས་དཔག་མེད་བཞུགས། །དེ་དག་རྣམས་ཀྱི་སྐུ་སྲོག་ཤུག་དང་འདྲ། །གལ་ཏེ་སྔོན་ཆད་མི་སྡིག་ཡོད་ན་ཡང་། །མི་སྲོག་ཤུག་ན་སྡིག་དེ་དག་པར་འགྱུར། །ཚེ་ཐར་བཤད་པ་མདོ་རྒྱུད་མན་ངག་གི །བཅུད་བསྡུས་ཚིག་ཉུང་དོན་འདུས་ཁྱེར་བདེ་འདི། །ལྟ་སྒོམ་ལྷུན་གྲུབ་ཨོ་རྒྱན་རིག་འཛིན་གྱིས། །བསྐུལ་བ་དོན་ཡོད་བྱ་ཕྱིར་ཆུ་སྦྲུལ་ལོར། །རྒྱལ་ཟླའི་ཡར་ངོར་རཱ་གའི་མིང་གིས་སྦྱར། །འགལ་འཁྲུལ་གང་མཆིས་མཁས་མཆོག་རྣམས་ལ་འཆགས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་སོགས། །འགྲོ་ཀུན་མགོན་པོ་ཚེ་དཔག་མེད་འགྲུབ་ཤོག །བཀྲ་ཤིས་དཔལ་འབར་ཚེ་སྲོག་བརྟན་གྱུར་ཅིག །སརྦ་མངྒ་ལཾ། ཛ་ཡནྟ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་ཐར་གྱི་དབྱེ་བ་ཕན་ཡོན་ལས་ཚོགས་དང་བཅས་པ་དུས་མིན་འཆི་བཟློགnext