Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན།
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན།next

ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན།


CMR035_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR035_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་། །སྤྲུལ་སྐུ་ཐུབ་དྲུག་རིགས་གསུམ་མགོན་པོ་དང་། །བཀའ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་ལ། །སྒོ་གསུམ་གུས་པས་གསོལ་འདེབས་ཕྱག་འཚལ་ནས། །དུས་གསུམ་སངས་རྒྱས་བྱང་སེམས་སྤྲུལ་སྐུ་རྣམས། །ལས་དང་སེམས་ཅན་སྐལ་ལྡན་འདྲེན་དོན་དུ། །ཐབས་ལ་མཁས་པས་སྤྲུལ་པ་སྣ་ཚོགས་འགྱེད། །ཕྲིན་ལས་རྣམ་བཞིའི་སྤྲུལ་པ་སྣ་ཚོགས་བསྟན། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཕྱིར་དུ། །ཚིག་ཉུང་བྱ་སླ་དོན་གཉིས་འགྲུབ་པའི་


CMR035_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ལས་བཞི་ལྷུན་གྲུབ་ཆོས་ཀྱི་འཁོར་ལོ་འདིའི། །ཕན་ཡོན་བརྗོད་འདས་དཔག་མེད་བསམ་ཡས་རྣམས། །རྒྱལ་བའི་བཀའ་དང་རྒྱུད་གཞུང་དུ་མ་ནས། །གཞན་ལ་ཕན་ཕྱིར་ཉུང་ཙམ་བསྡུས་ནས་ནི། །བློ་རྨོངས་གོ་བདེ་ངེས་ཤེས་བསྐྱེད་པའི་ཕྱིར། །ཕྱོགས་མེད་དོན་དུ་ཕྱོགས་གཅིག་བཀོད་པར་བྱ། །དེ་ཡང་སྤྱི་ཡི་འཁོར་ལོ་ལ། བསྒོམ་པའི་འཁོར་ལོ། སྲུང་ཟློག་བསད་གསུམ། འཁོར་བའི་འཁོར་ལོ། གཅོད་པའི་འཁོར་ལོ། འཕྲོ་བའི་འཁོར་ལོ། བཀྲ་ཤིས་ཚེ་རིང་གི་འཁོར་ལོ། ཞི་རྒྱས་དབང་དྲག་གི་འཁོར་ལོ། བཞིའི་འཁོར་ལོ། ལས་ཐམས་ཅད་


CMR035_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཀྱི་འཁོར་ལོ། བསྐོར་བའི་འཁོར་ལོ་དང་བཅུ་གཅིག་ཡིན། བསྐོར་བའི་འཁོར་ལོ་ལ་ཆུ་འཁོར་རླུང་འཁོར་མེ་འཁོར་ས་འཁོར་ལག་འཁོར་དང་ལྔའོ། །དེའི་ནང་ནས་ཁྱད་པར་ལག་འཁོར་འདི་ཤིན་ཏུ་གལ་ཆེ་བས་དེ་ཡི་བྱ་ཐབས་ནི། རབ་གསེར་དངུལ་མཚལ་གསུམ། འབྲིང་གཡུ་དང་དུང་། ཐ་མ་སྣག་ཚས་བཞེངས་ལ། བརྒྱ་དང་རྩ་བརྒྱད། རབ་གནས་བཀྲ་ཤིས་བྱས་ནས་བསྐོར་ན། ཞི་རྒྱས་དབང་དྲག་སོ་སོའི་འདོད་པའི་དངོས་གྲུབ་ཐོབ་ལ། ཡིད་བཞིན་ནོར་བུ་རིན་པོ་ཆེ་ལག་ཏུ་ཡོད་པ་ཡིན་ནོ། །འཁོར་ལོ་འདི་ལུས་ངག་ཡིད་གསུམ་གྱིས་ནན་ཏན་དུ་འབད་ན་བྱ་སླ། དོན་ཆེ་རྒྱུ་ཆུང་ཕན་ཡོན་ཤིན་ཏུ་ཆེ། འགྲུབ་མགྱོགས་རང་གིས་འབད་རྩོལ་དྲག་པོ་མི་དགོས་པར་ཡི་དམ་དྷཱ་ཆོས་སྐྱོང་རང་བཞིན་དུ་འཁོར། གནོད་བྱེད་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་རོ། །གནད་ཀྱི་མན་ངག་གི་འཁོར་ལོ་རིན་པོ་ཆེ་རྒྱུན་དུ་བསྐོར་བའི་མི་རྣམས་ནི། བླ་མ་ཡི་དམ་མཁའ་འགྲོ་བསྒོམ་ཞིང་། སྙིང་པོ་ཐམས་ཅད་དུས་གཅིག་བསྒང་བར་འགྱུར་རོ། །བཀའ་བརྒྱུད་ལུང་གསུམ་གྱི་སྙིང་པོ། འབྱུང་བའི་བཅུད་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡོན་ཏན་


CMR035_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྙིང་པོ། སྒྲུབ་པ་ཐམས་ཅད་ཀྱི་ལས་སྦྱོར་སྟོབས་ཆེ་ལ་རྒྱ་ཆེ་ལས་མྱུར་བ། དྲག་དཔའ་བ་འཁོར་ལོ་འདི་ལན་གཅིག་བསྐོར་བའི་ཡོན་ཏན་ལ་ཡང་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལོང་གསུངས་སོ། །མེ་ལ་བསྐོར་ན་དུད་པས་གར་ཁྱབ་ཐར་པའི་ས་བོན་ཐེབ་པར་འགྱུར་རོ། །ཆུ་དང་རླུང་ལ་བསྐོར་ན་ཆུ་དང་རླུང་གིས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར་རོ། །ལག་པས་བསྐོར་ན། མི་དང་འཁོར་ལོ་དེ་གཉིས་སུས་མཐོང་བ་དང་། །མཐོང་ཐོས་དྲན་རེག་གིས་སེམས་ཅན་ཐམས་ཅད་དཀར་པོ་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། །དགོས་འདོད་ཐམས་ཅད་འབྱུང་བའི་འཁོར་ལོ་འདི། རྒྱུན་དུ་བསྐོར་བའི་བསོད་ནམས་ནི། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་འགྱུར་རོ། །དེ་ཡི་དཔལ་དང་འབྱོར་པ་གཟི་བརྗིད་དང་། །ཚེ་ཡི་བཀྲག་མདངས་ནུས་པ་ཐམས་ཅད་རབ་ཏུ་རྒྱས་པར་འགྱུར་རོ། །མཐུ་རྩལ་སྟོབས་དང་བྱིན་རླབས་ཆེ་བར་འགྱུར་རོ། །འཁོར་ལོ་འདི་དུས་རྒྱུན་དུ་བསྐོར་བའི་བསོད་ནམས་ནི། །ཚེ་རབས་ཐམས་ཅད་དུ་སངས་རྒྱས་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཞལ་མཇལ་བར་འགྱུར་


CMR035_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཆོས་ལ་ལོངས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །བདག་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐལ་པ་དང་ལྡན་པར་འགྱུར་རོ། །གཞན་ཡང་འཁོར་ལོ་འདི། །དབང་སྡུད་དང་ནོར་སྒྲུབ་དང་ཚེ་སྒྲུབ་ཆེན་པོ་ཡིན། འཁོར་ལོ་འདིས་ཚེ་རིང་བ་དང་། ནད་ཉུང་བ་ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར་རོ། །འཁོར་ལོ་འདིས་དགྲ་རྐུན་ཇག་གསུམ་མེ་ཡི་འཇིགས་པ་དང་། ཆུ་ཡི་འཇིགས་པ་དང་། རླུང་གི་འཇིགས་པ་དང་། ས་ཡི་འཇིགས་པ་དང་། གཟའ་དང་ཐོག་གི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་མཚོན་དང་དུག་གི་འཇིགས་པ་དང་། ནད་དང་མུ་གེ་དང་དུཁ་དང་། ཉེས་སྐྱོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་གྱི་མི་དང་།་རྒྱལ་པོའི་ཆད་པ་ལས་ཀྱང་ཐར་བར་འགྱུར་རོ།། །འཁོར་ལོ་འདིས་འབྱུང་པོ་དང་། རྒྱལ་འགོང་དང་། བདུད་དང་། མུ་སྟེགས་ལ་སོགས་དམ་ཉམས་དང་། གཟའ་དང་། ཀླུ་དང་། ས་བདག་དང་། བཙན་དང་། བདུད་དང་། མ་མོ་དང་། ལྷ་དང་། ཤ་ཟ་དང་། སྲིན་པོ་དང་། དྲི་ཟ་དང་། ཐེའུ་རང་དང་། ཁ་ཤོར་དང་། །སྡེ་བརྒྱད་ལྷ་


CMR035_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྲིན་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་འགྱུར་རོ། །འཁོར་ལོ་འདིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་ཅིང་བར་ཆད་བཟློག་ནས་བསྲུང་བར་འགྱུར་རོ། །འཁོར་ལོ་འདིས་ནོར་བུ་རིན་པོ་ཆེའི་དབྱིག་དང་། མུ་ཏིག་དང་། མུ་མེན་དང་། མེ་ཤེལ་དང་། ཆུ་ཤེལ་དང་། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་། སྟག་གཟིག་གོས་དར་རས་ཕྲུག་ལ་སོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་ནས་དང་། འབྲས་དང་། གྲོ་དང་། སྲན་མ་ལ་སོགས་པ་འབྲུ་སྣ་དགུ་ལ་ལོངས་སྤྱོད་པར་འགྱུར་རོ། །རྟ་དང་མ་ཧེ་གླང་པོ་ཆེ་བ་གླང་མཛོ་དང་དྲེལ་དང་ར་ལུག་དང་ནོར་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་རྒྱན་དང་གོས་དང་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་རྒྱུན་དུ་མཆོད་ཅིང་། སེམས་ཅན་ལ་ཆོས་དང་ཟང་ཟང་གི་སྦྱིན་པ་རྒྱུན་ཆད་མེད་པར་འགྱུར་རོ། །འཁོར་ལོ་འདིས་རང་གི་བླ་མ་དང་གྲོགས་པོ་དང་། ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་ལ་


CMR035_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཆག་ཉམས་དང་། འཐབ་པ་དང་། འཁོན་པ་དང་། རྩོད་པ་དང་། གཞན་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉེས་སྐྱོན་ཐམས་ཅད་དག་པར་གསུངོས། འཁོར་ལོ་འདིས་མཚམས་མེད་པ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། མི་དགེ་བ་བཅུ་ལ་སོགས་པའི་སྡིག་པ་ཐམས་ཅད་ནི་འཁོར་ལོ་བསྐོར་བ་དང་འགྱོད་པ་དྲག་པོས་བཤགས་ན་བྱང་གསུངས། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ཆོས་གསུམ་ཐམས་ཅད་འདུ་བར་འགྱུར་རོ། །འཁོར་ལོ་འདིས་ལྷ་མི་ཐམས་ཅད་དགའ་བར་འགྱུར་རོ། །དཀོན་མཆོག་གསུམ་པོ་ཐུགས་རྗེའི་བདག་ཉིད་ཅན་དང་། བླ་མ་དང་འཕགས་པའི་ཚོགས་ཐམས་ཅད་རྗེས་སུ་ཡི་རང་བར་འགྱུར་རོ། །ཆོས་དེའི་འགྲོ་དོན་ཕྲིན་ལས་ནི་ཕྱོགས་དང་ཕྱོགས་མེད་འབྱུང་བའི་སྙན་གྲགས་ཀྱིས་སྟོང་གསུམ་གང་བར་འགྱུར་རོ། །ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་། འགལ་རྐྱེན་བར་ཆད་ཐམས་ཅད་དང་ནད་དང་གནོད་པ་རྐྱེན་དང་བར་ཆད་ནད་རིགས་སུམ་བརྒྱ་དྲུག་ཅུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གློ་བུར་ཉི་ཁྲི་གཅིག་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། བྱད་དང་གཏད་མནན་པ་དང་། མོ་


CMR035_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཆོ་འཕྲུལ་ཆེ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འཁོར་ལོ་འདི་ཡི་ཡོན་ཏན་གྱིས་བཟློག་པར་ཨོ་རྒྱན་གྱིས་གསུངས་སོ། །འཁོར་ལོ་འདིས་ཚེ་ཡི་སྒྲུབ་པ་བརྒྱ་དང་། སྲུང་འཁོར་བརྒྱ་བཙུགས་པ་དང་། སྲུང་འཁོར་བརྒྱ་བཏགས་པ་བས་སྟོབས་ཆེ་བ་གསང་བདག་ཉིད་ཀྱིས་གསུངས། འཁོར་ལོ་འདིས་ཡོན་ཏན་ཅན་དང་། བསམ་གཏན་ཅན་དང་། ཁ་གྲགས་འབྱོར་པ་ཅན་དང་། མཐུ་རྩལ་ཅན་དང་། དྲག་ཤུལ་ཅན་དང་ལྡན་པར་འགྱུར་རོ། །སྡུག་བསྔལ་དང་དུཿཁ་ཐམས་ཅད་དང་། གོད་ཁ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཁོར་ལོ་འདིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཀའ་སྲུང་ཅད་ཀྱི་སྤྱན་ལམ་དུ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་ནས་མཉེས་ཤིང་དགྱེས་ཏེ་དངོས་གྲུབ་སྟེར་བར་འགྱུར་རོ། །འཁོར་ལོ་འདི་སྐྱེ་བོ་ཕོ་མོས་བསྐོར་ན། དེ་ཡི་བསོད་ནམས་ནི་འཁོར་གཡོག་ལོངས་སྤྱོད་འཁྱིལ་ཞེས་དགྱེས་ཏེ་བང་ཁང་ཁ་རྗེ་དབང་ཐང་ཐམས་ཅད་ཆོས་དང་མཐུན་པའི་འབྱོར་བ་ཐམས་ཅད་ཆར་བཞིན་བབས་ནས་ལོངས་སྤྱོད་ཅིང་


CMR035_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སངས་རྒྱས་པར་འགྱུར་རོ། །འཁོར་ལོ་འདིས་མཐར་ཐུག་སངས་རྒྱས་རབས་བདུན་དང་། ལྷ་དང་བླ་མའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །རྒྱལ་བློན་བཙུན་མོ་འབངས་ཐམས་ཅད་དང་། འགྲོ་བ་མཐའ་དག་གི་ཡིད་དུ་འོང་ཞིང་མཆོད་གནས་བྱེད་པར་འགྱུར་རོ། །འཁོར་ལོ་འདིས་དགེ་སློང་བཙུན་པ་འགའ་ཞིག་གི་འདུལ་ཁྲིམས་ཉམས་པ་དང་བྱང་སེམས་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་ན་འགྱོད་ཚངས་བཤགས་ཤིང་འཁོར་ལོ་བསྐོར་ན་བྱང་བ་མཁའ་འགྲོ་མ་ཨ་ར་ལི་ལ་ཐུབ་པ་ཆེན་པོས་གསུངས་སོ། །འཁོར་ལོ་འདིས་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དང་ཞ་ལོང་འོན་ལྷུགས་འཕོང་པ་ཅན་གྱི་ཁྱིམ་དུ་མི་སྐྱེ། སྡིག་པས་མི་གོས་ཤིང་རིགས་མཐོ་བ་དང་། ཚེ་རིང་ནད་མེད་གཟུགས་བཟང་འབྱོར་པ་ཆེ། ཆོས་དང་ལྡན་ཞིང་རིགས་མཐུན་ལུས་གཙང་མ་ཐོབ་ནས་མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་དང་ཞལ་མཇལ་ནས། ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་གསུངས། འཁོར་ལོ་འདིས་དཀར་ཕྱོགས་ལྷ་ཐམས་ཅད་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང་། སྦེད་པར་བྱེད་ཅིང་དུས་མིན་གྱི་འཆི་བ


CMR035_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྡུག་བསྔལ་ཐམས་ཅད་ལས་ཐར་ནས་བུད་མེད་བུ་འདོད་པ་རྣམས་ལ་བུ་འབྱུང་ཞིང་། ནོར་དང་ཚོང་སྒྲུབ་བྱེད་པ་རྣམས་ལ་ལྷ་ཡི་སྡོང་གྲོགས་བྱེད་ནས་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཚེ་འཕོས་ནས་ངན་སོང་གསུམ་གྱི་སྒོ་བཀག་སྟེ། སྐྱེ་བ་དམན་པ་དང་། མཐའ་འཁོབ་ཀྱི་ལུས་སྤངས་ཏེ། མི་ལུས་གཙང་མ་ཐོབ་ནས་ཆོས་སྤྱོད་པར་འགྱུར་རོ། །དམྱལ་བ་དང་། ཡི་དྭགས་དང་། ཤ་ཟ་དང་། སྲིན་པོ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་སེམས་ཅན་ཅིར་སྐྱེས་ཀྱང་། སེམས་ཅན་གཞན་ལ་ཆོས་སྟོན་ཅིང་སྨོན་ལམ་བཏབ་པར་འགྱུར་རོ། །འཁོར་ལོ་འདིས་ཚོགས་རྫོགས་སྒྲིབ་གཉིས་བྱང་ནས་མཐར་ཐུག་འགྱུར་མེད་ཀྱི་སྐུ་ཐོབ། འགགས་མེད་ཀྱི་གསུང་ཐོབ། འཁྲུལ་མེད་ཀྱི་ཐུགས་ཐོབ། རྟོགས་པ་འཆར། དགོས་འདོད་འབྱུང་བའི་ཡོན་ཏན་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར། ཐུགས་སུ་ཆུད་ནས་མི་བརྗེད་པའི་གཟུགས་བརྟན་པོར་ཐོབ་ནས། འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་ཐོགས་པ་མེད་པར་འགྱུར་རོ། །འཁོར་ལོ་འདིས་འཆི་མེད་ཀྱི་ཚེ། ཟད་མེད་ཀྱི་


CMR035_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་། འཕང་མེད་ཀྱི་ནོར། མཉམ་པ་མེད་པའི་བསོད་ནམས། ཟས་སྣ་ཚོགས། གོས་སྣ་ཚོགས། འཁོར་མང་པོ་ལ་ལོངས་སྤྱོད་པར་འགྱུར་རོ། །འཁོར་ལོ་འདིས་སྨོན་ལམ་མཐར་ཕྱིན་ནས་རྣམ་པར་དག་པའི་འགྲོ་དོན་ཕྱོགས་མེད་དུ་འབྱུང་ངོ་། །གཞན་སུས་ཀྱང་འགྲན་ཟླ་ཐམས་ཅད་དང་བྲལ་བའི་བསམ་གཏན་ནམ་མཁའ་དང་མཉམ་པར་འགྱུར་རོ། །གཞན་ཐམས་ཅད་རྗེས་སུ་ཡི་རང་བའི་དགོས་འདོད་འབྱུང་ནས་རེ་བ་ཐམས་ཅད་སྐོང་བར་འགྱུར་རོ། །འཁོར་ལོ་འདིས་སུས་ཀྱང་བློ་རུ་མི་ཚུད་པའི་མངའ་བདག་གང་བསམ་འགྲུབ་ཅིང་ཅི་ཙམ་སྤྱད་ཀྱང་མི་ཟད་ཅིང་འཕེལ་བའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །འཁོར་ལོ་འདིས་ཚེ་ཕྱི་མ་བར་དོ་ནས་བཀྲ་ཤིས་པའི་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན། འདོད་ཡོན་ལྔ། །མཆོད་པ་ལྔ། ལྷ་མོ་བརྒྱད་སོགས་སངས་རྒྱས་ཀྱི་ཞིང་ཁམས་དང་མཆོད་པ་སྔོན་དུ་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཁམས། ཤར་ཕྱོགས། ལྷོ་ཕྱོགས། ནུབ་ཕྱོགས་། ༔ བྱང་ཕྱོགས་དེ་རྣམས་སུ་སངས་རྒྱས་རྣམ་པར་སྣང་མཛད། རྡོ་རྗེ་སེམས་དཔའ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་རྣམས་ལ་དམ་ཆོས་ཉན་


CMR035_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྙེན་བཀུར་བྱེད་པའི་སྐལ་པ་དང་ལྡན་པར་འགྱུར། འཁོར་བ་མ་སྟོང་བར་དུ་སེམས་ཅན་དཔག་ཏུ་མེད་པའི་དོན་འབྱུང་བར་གསུངས། འཁོར་ལོ་འདི་ཡིས་མཐུ་སྟོབས་དང་ཤེས་རབ་སྙིང་རྗེ་དག་རིགས་གསུམ་མགོན་པོ་དང་མཉམ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་མཆོད་པའི་ཡོན་ཏན་བསྒྲུང་བར་ནུས་སོ། །སེམས་བསྐྱེད་ཆེན་པོས་འཁོར་ལོ་ལན་གཅིག་བསྐོར་བའི་ཡོན་ཏན་བསྒང་བར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ས་ཡི་རྡུལ་རེ་རེ་ནས་བསླང་བར་ནུས་ཀྱི༔ ཡི་གེ་དྲུག་པའི་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བསྒྲང་བར་མི་ནུས་སོ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྲོག་གི་སྦྱིན་པ་རེ་རེ་བཏང་ན་དེ་ཡི་བསོད་ནམས་ཀྱི་ཚད་ནི་བསྒྲང་བར་ནུས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་བསྒྲེང་བར་མི་ནུས་སོ། །དམིགས་བཅས་དགེ་རྩ་ཐམས་ཅད་ཀྱི་ཡོན་ཏན་ནི་རྩིས་དང་བསླང་བ་ཡོད་ཀྱང་། དམིགས་མེད་ཀྱི་ངང་ནས་འཁོར་ལོ་འདི་ལན་གཅིག་བསྐོར་བའི་བསོད་ནམས་ཀྱི་ཚད་ནི་དུས་གསུམ་གྱི་སངས་རྒྱས་


CMR035_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བསྒང་བར་མི་ནུས་སོ། །སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལ་མཆོད་པ་ཕུལ་བ་དང་བསོད་ནམས་མཉམ་པར་བཤད་དོ། །འཁོར་ལོ་འདིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་གཟུགས་སྐུའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་རོ། །སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས། ལུས་ངག་གི་དགེ་སྦྱོར་བྱ་ཐབས་ལ་ཡི་གེ་དྲུག་པའི་འཁོར་ལོ་འདི་བས་ཕན་པ་དང་ཡོན་ཏན་ཆེ་བ་མེད་གསུངས། བྲམ་ཟེ་ཆེན་པོ་སྤང་འོད་ཟེར་བླ་མའི་ཞལ་ནས་ཡི་གེ་དྲུག་པའི་འཁོར་ལོ་འདི་ཡི་གྲངས་ལ། །རབ་སྟོང་ཕྲག་གམ། འབྲིང་བརྒྱ་བདུན་ནམ། ཐ་མ་བརྒྱ་དང་རྩ་བརྒྱད་ལ་རབ་གནས་དང་བཀྲ་ཤིས་སྨོན་ལམ་ནི། བླ་མ་མཚན་ཉིད་ལྡན་པ་ཞིག་གིས་བྱས་ན་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །འཁོར་ལོ་འདི་དུས་ཉིན་མཚན་མེད་པར་རྒྱུན་དུ་བསྐོར་ན། དགེ་སློང་ཤོག་ལྡེབ་ཀྱི་གྲངས་ཙམ་ལ་ཞབས་ཏོག་བྱས་པའི་བསོད་ནམས་དང་མཉམ། ཡང་འཁོར་ལོ་འདི་ལ་ན་བཟའ་བཀོན་ན་བླ་མ་ཡིག་དྲུག་གི་གྲངས་ཙམ་ལ་ན་བཟའ་གསོལ་བ་དང་བསོད་ནམས་མཉམ་མོ། །ཉིན་མཚན་དུས་དྲུག་ཏུ་བསྐོར་ན་ལུས་ངག་གི་ཆོས་སྤྱོད་ཐུན་


CMR035_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་དགེ་སྦྱོར་དང་བསོད་ནམས་མཉམ་མོ། །གཞན་ཡང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱི་ཚེ་སྒྲུབ་དང་ནོར་སྒྲུབ་དང་སྲུང་འཁོར་ཐམས་ཅད་ལ་འཁོར་ལོ་འདིས་ཆོག་པར་གསུངས། གཞན་ཡང་མོ་ལྟས་ངན་པ། འཆི་བའི་དུས་བཏབ་པ་ལ་འཁོར་ལོ་འདི་དད་བརྩོན་དྲག་པོས་བསྐོར་ན་བཟློག་པ་ལ་ཐེ་ཚོམ་མེད་དོ། །དགྲ་རྐུན་ཇག་གསུམ། ཚ་ལང་འབྲུ་གསུམ། དམག་སྣ་ཇག་སྣ་རྐུན་སྣ། གཅན་སྣ་ཐམས་ཅད་ལ། འཁོར་ལོ་འདིས་ཡོན་ཏན་འབུམ་ལྡན་བཅས། མཆོག་གི་དད་པ་དང་། ངེས་ཤེས་དྲག་པོས་བསྐོར་ན་བཟློག་པར་འགྱུར་རོ། །འཁོར་ལོ་འདི་བྲིས་པ་ལ་ལྷག་ཆད་འགྲོ་བས་པར་འདི་ངོ་མཚར་ཆེ། མེ་འཁོར་འདི་མྱུར། ཆུ་འཁོར་འདི་ཡུན་རིང་ལ་བཀྲ་ཤིས། རླུང་འཁོར་འདི་དར་དྲག་ན་བར་ཆད་ཡོང་། ས་འཁོར་འདི་དཀའ་ཚེགས་ཆེ། འཁོར་ལོ་འདི་རིན་ཆེན་སྣ་ལྔ་དང་། སྨན་དྲི་བཟང་ལ་སོགས་པ་རྣམས་སྣག་ཚ་ལ་བསྲེས་ནས་ལྷག་ཆད་མེད་པར་བཞེངས། བླ་མ་མཚན་ཉིད་དང་ལྡན་པས་རབ་གནས་དང་། བཀྲ་ཤིས་སྨོན་ལམ་དང་བཅས་པ་བྱས་ཤིང་། རིན་པོ་ཆེ་ལྔ་དང་། གོས་དར་གང་འཛོམ་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱའོ། །དུས་


CMR035_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལ་ཚོགས་ཀྱི་འཁོར་ལོ་བསྐོར། མཆོད་པ་སྣ་ཚོགས་འབུལ། རང་གི་འདོད་གསོལ་གྱི་སྨོན་ལམ་གང་འདོད་བཏབ་ན་འགྲུབ་པར་གསུངས་སོ། །འཁོར་ལོ་འདི་ཡོན་ཏན་འབུམ་དང་ལྡན་ཞིང་བཀྲ་ཤིས་དོན་འགྲུབ་པ་ཡིན་ནོ། །འཁོར་ལོ་འདི་བསྐོར་བའི་དུས་སུ་རྩེར་རྩེར་ཟེར་ན་སྲོག་ལ་གནོད། དྲག་ཏྲག་ཟེར་ན་ནོར་ལ་གནོད། ཧྲག་ཧྲག་ཟེར་ན་འཁོར་ལ་གནོད་། སྐད་མེད་ཆུ་བོའི་རྒྱུན་བཞིན་བསྐོར། སྡིག་པ་ལ་སློབ་དཔོན་བསད་པ་དང་། ཕ་བསད་པ་དང་། མ་བསད་པ་དང་། སྡོམ་པ་ཉམས་པ་དང་། རང་རྒྱུད་བསད་པ་དང་། དགེ་འདུན་གྱི་བར་ལ་དབྱེན་བྱས་པ་དང་། མི་དགེ་བ་བཅུ་ལ་སོགས།་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་འཁོར་ལོ་འདི་བསྐོར་ཞིང་འགྱོད་པ་དྲག་པོས་བཤགས་ན་བྱང་བར་གསུངས་སོ། །ཁེ་འགྱུར་སྤྱོག་གསུམ། རྐུ་རྫུན་བྱི་གསུམ། གཡོ་སྒྱུ་ཟོལ་གསུམ་ལ་སོགས་པ་ཐམས་ཅད་བྱང་བར་གསུངས་སོ། །ཡི་གེ་དྲུག་པ་འདི་རྡོ་ལ་བཞེངས་པ་དང་། བྲག་གི་ངོས་ལ་བཞེངས་པ་དང་། ཤིང་ལ་བཞེངས་པ་དང་། རིན་པོ་ཆེ་ལ་སོགས་པ་བང་མཛོད་ལ་བཞེངས་ནས། རི་ཡི་རྩེ་མོ་ལ་བཞག་པའམ། ལམ་གྱི་གཞི་མདོ་ལ་བཞག་པའམ། རི་སྣ་


CMR035_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདོང་སྣ་ལ་བཞག་པས་བྱང་ཆུབ་སེམས་དཔའ་རེ་རེའི་འགྲོ་དོན་བྱེད་པ་དང་འདྲའོ། །ཡང་ཡི་གེ་དྲུག་པ་འདི་རས་ལ་བྲིས་ནས་རབ་ཏུ་གནས་ཤིང་གནས་བཟང་པོ་དང་། རི་ཁྲོད་གཙུག་ལག་ཁང་། ཆུ་ཆེན་པོའི་སྟེང་། རི་རྩེ་ལ་སོགས་པ་ལ་ཕྱར་ན་རླུང་དེས་གར་ཁྱབ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་གསུངས་སོ། །དེ་ཡི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་བརྒྱུད་པའོ། །ཐུགས་རྗེ་ཆེན་པོའི་ཕན་ཡོན་ལ། མ་ཎི་ཆོས་འབྱུང་དང་གཅིག །ཐུགས་རྗེ་ཆེན་པོའི་རྒྱ་གཞུང་དང་གཉིས། ཐུགས་རྗེ་ཆེན་པོ་པདྨ་དཀར་པོ་དང་གསུམ། མདོ་ཟ་མ་ཏོག་དང་བཞི། རྟ་མཆོག་རོལ་པའི་རྒྱུད་དང་ལྔ། ཡང་སྙིང་འདུས་པའི་རྒྱུད་དང་དྲུག །ཕྱག་སྟོང་གི་རྒྱུད་དང་བདུན། ཕྱག་བརྒྱ་པའི་རྒྱུད་དང་བརྒྱད། གངས་ཆེན་མཚོ་རྒྱལ་གྱི་རྒྱུད་དང་དགུ། ཕྱག་གཉིས་པ་དང་བཅུ། ཕྱག་བཞི་པ་དང་བཅུ་གཅིག །རྒྱལ་བ་རྒྱ་མཚོའི་རྒྱུད་དང་བཅུ་གཉིས། ལས་མཐའི་རྒྱུད་དང་བཅུ་གསུམ། འཁོར་བ་དོང་སྤྲུགས་ཀྱི་རྒྱུད་དང་བཅུ་བཞི། འཇིག་རྟེན་དབང་ཕྱུག་གི་རྒྱུད་དང་བཅོ་


CMR035_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། ཡིད་བཞིན་འཁོར་ལོའི་རྒྱུད་དང་བཅུ་དྲུག །མི་འཇིགས་སྐྱོབ་བྱེད་དང་བཅུ་བདུན། པདྨ་རྒྱལ་པོའི་རྒྱུད་དང་བཅོ་བརྒྱད། ཁ་སར་པཱ་ཎི་དང་བཅུ་དགུ། རྒྱལ་པོའི་བཀའ་འབུམ་དང་ཉི་ཤུ། སྤང་འོད་ཟེར་བླ་མས་མཛད་པའི་ཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན་རྣམས་དང་། བླ་མ་དགོངས་འདུས་ནས་འཁོར་ལོའི་ཕན་ཡོན་རྣམས་དང་། གཞན་ཡང་རྒྱལ་བའི་བཀའ། སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཀྱི་སྙིང་པོ་གྲུབ་ཐོབ་གོང་མ་རྣམས་ཀྱི་བསྟན་ཆོས། བླ་མ་སྤྲུལ་སྐུ་རྣམས་ཀྱི་ལུང་། མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་ཀྱི་མན་ངག །རྒྱུ་འབྲས་ལ་མཁས་པ་མང་པོའི་གསུང་སྒྲོས་རྣམས་ནས་ཕན་ཡོན་བརྗོད་ཀྱིས་མི་ལངས་ཏེ། སློབ་དཔོན་པདྨས་མ་འོངས་ལུང་བསྟན་ལས། ལྷོ་ནུབ་ཏུ་འབྱོན་ཁར་ངས་སྲིན་པོ་ཐམས་ཅད་ཐུལ་བའི་རྟགས་ལ། ས་ཡི་མཐར་ཡི་གེ་དྲུག་པའི་འཁོར་ལོ་དར་ནས་ཡོངས་ཏེ། དེ་དུས་འཁོར་ལོ་བསྐོར་བ་དང་། མཐོང་ཐོས་དྲན་རེག་དེའི་རླུང་ཕོག་ཚད་ཐམས་ཅད་བཀྲ་ཤིས་དོན་འགྲུབ་སྒྲིབ་པ་དག །མཐར་བྱང་ཆུབ་ཐོབ་པ་ལ་སོགས་པ་འཁོར་ལོ་འདིའི་ཕན་ཡོན་དཔག་ཏུ་མེད་པ་མཐོང་བས། བདག་གཞན་གྱི་དོན་ཚད་མེད་པར་འགྲུབ་ཐབས་སྣང་


CMR035_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བས་རེག་པས་དོན་ཆེན་པོར་བསམ་སྟེ། གོང་གི་མདོ་རྒྱུད་བསྟན་ཆོས་གསུང་རབ་ཕན་ཡོན་ལུང་བསྟན་རྣམས་མཐོང་སྟེ། དེ་རྣམས་ལ་དཔང་པོ་བྱས་ནས་བློ་ཆུང་བ་རྣམས་ཀྱིས་གོ་བདེ་བ་དང་། ལོག་ལྟ་ཅན་དང་ཐེ་ཚོམ་ཅན་རྣམས་ཡིད་ཆེས་པའི་ཕྱིར་རང་གི་མཐོང་སྣང་དང་བཅས་པ་རྣམས་ཉུང་ངུར་བསྡུས་ནས་བྲིས་པ་ཡིན་ནོ། །ད་ལྟ་ཆོས་ཡིན་ཟེར་ནས། ལྷ་བཞེངས། རྟ་རྒྱུག་གཏམ་ཟློ།། སྟོན་ཤིད་བྱེད། བཀའ་འགྱུར་བསྟན་འགྱུར་མདོ་མང་འབུམ་དང་མདོ་ལ་སོགས་པ་འབྲི་ནས་དེ་ཡི་ཕྱོགས་སུ་སེམས་ཅན་མང་པོའི་སྲོག་པ། གཅོད་ནས་བཏང་སྟེ་ཆོས་སུ་རློམ་པར་སྣང་སྟེ། དེ་ནི་ཁྲག་མཚོ་དང་རྣག་མཚོའི་དཀྱིལ་ན་ཡི་གེ་བྲིས་པ་སྟེ། གསུང་རབ་ཁྱད་དུ་བསད་པ་མ་ཡིན་ཀྱང་། གོ་བ་ལོག་པར་སོང་སྟེ་སྡིག་པའི་རྣམ་སྨིན་ཤིན་ཏུ་ཆེའོ། །དེ་བས་འཁོར་ལོ་འདིའི་ཕྱིར་དུ་ཆང་གྲལ་དུ་ཁ་རྩོད་བྱེད་པ་ཙམ་གྱི་སྡིག་པ་ཡང་མི་འགྲོ། ཕྱི་མའི་དོན་ཆེན་པོ་ནི་འགྲུབ་། རྒྱུ་དངོས་པོ་མི་འགྲུབ་འགྲུབ་ཀྱང་མི་འགྲོ། ང་རྒྱལ་དང་དྲེགས་པ་མེད་པས་ལམ་དུ་འགྲོ་བ་ཡིན་ནོ། །ཆོས་ཡིན་ཟེར་ནས་སྡིག་པ་བྱས་པའི་སྟེང་དུ་ང་རྒྱལ་དང་དྲེགས་པ་ནི་ཆེ་བས་ཕྱི་མའི་དོན་ནི་མེད། དགེ་སྡིག་


CMR035_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་མར་བྱས་པས་མགོ་བསྡུས་ཡིན། ཅེས་ཆོས་ཀྱི་རྒྱལ་པོས་གསུངས་སོ། །དེ་བས་ཚེ་ཕྱི་མའི་དོན་ལ་ཉ་ཚང་གྲོག་ཚང་གསན་པ་དང་། རྡོ་རྗེ་གཅོད་པ་ཚར་རེ་ཙམ་དང་། །འཁོར་ལོ་རེ་ཙམ་དང་། ཡི་གེ་དྲུག་པ་འབུམ་ཐར་རེ་ཙམ་དང་། བསྔོ་བ་སྨོན་ལམ་རེ་ཙམ་གྱིས་སྒྲིབ་པ་དག་པ་སྟེ། རྒྱུ་ཆུད་ཟོས་བྱེད་ནས་ལས་ངན་པའི་སེམས་ཅན་གྱི་དེ་འདྲ་མི་ཤེས་ཟེར་རྫུནས་མི་ཉན་པར་གདའ་བ་མ་གཏོགས་པ། འཁོར་ལོ་འདི་ངོ་བོ་དག་ཕན་ཡོན་ཆེ། རྒྱུ་འགྲུས་ཆུང་བས་རྣམ་སྨིན་མི་འགྲོ། ཁོ་ཐོན་མི་འཆགས། ངེས་དོན་མི་སྒྲིབ། ཞབས་ཏོག་སླ། སུས་ཀྱང་འགྲུབ། འགྲོ་འདུག་ཞོར་ལ་བསྐོར་བས་ཆོག །དགེ་རྩ་ཞོར་ལ་བསྒྲུབས་པས་ཆོག །ཕྱི་མའི་དོན་ཞོར་ལ་འོང་བའི་ཆོས་འདི་ཁོ་ན་ཡིན་པས་ཐམས་ཅད་ཀྱིས་ཉམས་སུ་ལོངས་ཤིག །གཞན་ལ་སྤེལ་ཅིག །སྤང་པོ་ཤི་ལོག་པའི་ཚེ་ཕྱི་མའི་དོན་དང་།་གཞན་ལ་ཨི་ཕན་བསམ་པ་མ་གཏོགས་པ། བཀའ་ལ་རས་ཆོད་དང་གཟུ་ལུམ་དང་། རང་བཟོ་ཆོས་མིན་གྱི་བྱ་བ་རང་འདོད་དང་།། རྒྱུ་ཟས་ཀྱི་འདོད་པ་འདྲེས་ན་མཁའ་འགྲོ་ཆོས་སྐྱོང་གིས་སྙིང་ཁྲག་དྲོངས་ཤིག །འཁོར་ལོ་འདི་ལྷ་འདྲེ་མི་གསུམ་ཁམས་གསུམ་སྲིད་པ་གསུམ་གྱི་


CMR035_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་སྣང་དུ་གྲུབ་ནས། ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་ནས། ཆོས་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་། འཇིག་རྟེན་ཁམས་ཐམས་ཅད་དུ་དར་ནས། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཡང་མདོ་རྒྱུད་དེ་དག་ཐམས་ཅད་ཀྱི་ནང་ནས། དམ་པ་ཆོས་ཀྱི་འཁོར་ལོ་གང་ཡིན་གང་མིན་དང་། ཚོད་བཟོ་བྱེད་པ་དང་། ཡོན་ཏན་ཨི་ཡོད་ཨེ་མེད་ཀྱི་ཐེ་ཚོམ་དང་། མི་དད་པ་དང་། འབར་བ་དང་། ཕྱིན་ཅི་ལོག་ཏུ་བསྐོར་བ་དང་། ཡབ་བསྐོར་ཡུམ་བསྐོར་མེད་པར་བསྐོར་བ་དང་། བར་བསྐོར་ལ་བར་རྒྱུར་བྱེད་པ་ལ་སོགས་པ་རྔ་མ་ཐོད་དཀྲིས་བྱེད་ནས་མི་མཉེས་པར་ཕྱག་དང་བཀུར་སྟིའི་གནས་མི་བྱེད་པ་དང་། གར་ཡིན་དུ་སྐྱུར་ནས་འགོམ་ཡུག་དང་བརྙས་ཆོས་བྱས་པ་དེ་ཡི་ཉེས་པ་སྨྱོ་བ་དང་། བརྒྱལ་བ་དང་། ཞ་ལོང་འོན་ལྐུགས་དང་། ན་ཚ་དང་། སྡུག་བསྔལ་བ་དང་། དགྲ་རྐུན་ཇག་གསུམ་དང་། གོད་ཁ་རྒྱུན་མི་འཆད་པ་འོང་ཞིང་། དབུལ་ཕོངས་དང་ཤི་ཆད་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་སྟེ། ཕྱི་མ་ཡང་དམྱལ་བར་འགྲོ། ཞེས་མདོ་རྒྱུད་དེ་དག་ནས་གསུངས་སོ། །དེས་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས། དད་པ་


CMR035_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དང་དང་བ་དང་མོས་གུས་ཀྱིས་བསྐོར་ཅིག །ཤ་རུས་སྙིང་གསུམ་གྱི་སྒོ་ནས་ཕྱག་དང་བསྐོར་བ་ལ་འབད་པ་གལ་ཆེ། ཚེ་ཕྱི་མ་ལས་ངན་སྡིག་སྒྲིབ་ལ་བྲེད་པ་རྣམས་ཀྱི་སྙིང་གི་དཀྱིལ་དུ་འཆོང་ལ་ཉམས་སུ་ལོངས་ཤིག །བདུད་བཞིའི་དགྲ་ལས་རྒྱལ་བའི་འཁོར་ལོ་འདིས། །ལོག་ལྟ་མཐའ་ཡས་མ་ལུས་གཅོད་གྱུར་ཏེ། །དོན་གཉིས་ལྷུན་གྲུབ་དགོངས་པ་ཡོངས་རྫོགས་ནས། །སྲིད་གསུམ་འཁོར་བ་མ་ལུས་དོང་སྤྲུགས་ཤོག །ད་རེས་འཁོར་ལོ་འདི་ལ་བྱང་ལྡེབ་བརྒྱ་རྩ་བརྒྱད་ནང་གི་ཡི་གེ་དྲུག་པ་བདུན་སྟོང་ཉིས་བརྒྱ་ཡོད། སྨོན་ལམ་ཉིས་བརྒྱ་བཅུ་དྲུག་ཡོད། ཡབ་འཁོར་ཡུམ་འཁོར་གཉིས་ལ་སྔགས་ཚན་བཞི་བཅུ་ཞེ་དྲུག་ཡོད། ཆོས་ཀྱི་བརྩེགས་པ་ཡིན་པས་ཀུན་གྱིས་ཉམས་སུ་ལོངས་ཤིག །ཆོས་འདི་བས་ཡོན་ཏན་དང་སྟོབས་ཆེ་བ་ཟབ་པ་ངས་མ་མཐོང་། ངེད་རང་ཆོས་པ་ལ་འབར་བའི་བདུད་བྱ་བ་ཡོད་དེ་བླ་མའི་སྤྱོད་པ་འདྲ་བས་མི་ནག་ཕོ་མོའི་ནང་དད་མི་སྔོན་དུ་བཟང་བཟང་ལྟར་བྱེད་ཅིང་བློ་ཕུག་ཆགས་སྡང་རྨོངས་གསུམ་དང་ཚེ་འདི་ཡི་བྱ་བ་ཆོས་བརྒྱད་དང་། སྙན་གྲགས་ཟས་ནོར་ལ་བློ་ཕུག་གཏད་ཅིང་། ཁ་ནས་ཟས་མི་འདོད་ཟོག་དང་ཉེ་དུ་མི་འདོད་སེམས་ཅན་རྣམས་སྙིང་རེ་རྗེ་ཟེར་བའི་


CMR035_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཁ་ཅིག་དག་གིས་འཁོར་ལོ་བསྐོར་བ་ལ་ཡོན་ཏན་མེད་པའི་སྟེང་དུ་སྐྱོན་འདི་དག་ཡོད་ཟེར་བ་འོང་སྟེ་དེ་ནི་འབྱུང་པོ་ཡི་དྭགས་ནང་དུ་བཏུམ་ནས་བནྡྷེའི་ཆས་སུ་ཞུགས་ཏེ་བར་ཆད་བྱེད་དུ་འོང་བས་ཐམས་ཅད་ཀྱིས་ཡིད་ལ་བཞག་ནས་བར་ཆད་ཀྱི་དབང་དུ་མ་སོང་བ་གལ་ཆེ། ཀུ་སུ་ལུ་པས་དམྱལ་ཁམས་བཅོ་བརྒྱད་འགྲིམས་པའི་དུས་ལུས་ངག་གི་དགེ་སྦྱོར་ཚིག་ལ་འཁོར་ལོ་འདི་ལས་ཡོན་ཏན་ཆེ་བ་མི་འདུག་པས། རྒྱལ་ཁམས་སུ་ཨི་ཕན་བསམས་ནས་བཀོད་པའོ། །བདུད་དང་མུ་སྟེགས་ཀྱི་དབང་དུ་མ་སོང་བར་ཉམས་སུ་ལོངས་ཤིག སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨ་གླིང་པའི་ཆུ་འཁོར་རྒྱ་མཚོ་ལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ལས། གང་ཞིག་བྱང་སེམས་ལྡན་པ་ཡིས༔ སྐྱེས་བུ་བློ་གྲོས་སྟོབས་ལྡན་གྱིས༔ ཡིག་དྲུག་གླེགས་བམ་ཆེན་པོ་བཞེངས༔ བསྐྱེད་རིམ་རབ་གནས་མངའ་གསོལ་ནས༔ ཆུ་འམ་རླུང་ངམ་ལག་པས་བསྐོར༔ ངེས་པར་འཁོར་བ་ཕྱིར་བསྙིལ་ཞིང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ དེ་ཡི་ཡོན་ཏན་བརྗོད་མི་ནུས༔ ཞེས་གསུངས་སོ༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་འཁོར་ལོའི་


CMR035_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས༔ སེམས་དཔའ་ཆེན་པོའི་རྣལ་འབྱོར་གྱིས༔ ཐབས་ཀྱི་འགྲོ་དོན་བྱེད་འདོད་ན༔ རིན་ཆེན་སྣ་ལྔའི་གླེགས་བམ་བྲི༔ རྒྱུན་འབབ་ཆུ་ལ་བསྐོར་བ་ནི༔ དེ་ཡི་ལས་སྒྲིབ་མྱུར་དུ་འདག༔ མཐོ་རིས་ཐར་པའི་ཐེམ་སྐས་འཇུག༔ ཅེས་གསུངས་སོ༔ ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་རྒྱུད་ལས༔ བྱང་སེམས་སྐྱེས་བུ་གང་ཟག་གིས༔ ཡིག་བདུན་འཁོར་ལོ་མང་བཞེངས་ནས༔ འབྱུང་བ་བཞི་ལ་བསྐོར་བ་ན༔ ཕྲིན་ལས་གང་འདོད་མྱུར་དུ་འགྲུབ༔ ཁྱད་པར་རྒྱུན་ཆད་མེད་པ་ཡི༔ ལུས་ལ་བསྐོར་ན་ཡང་དག་འགྲུབ༔ ཅེས་གསུངས་སོ། ཨོ་རྒྱན་གྱིས་གསུངས་པ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་འདོད་པས་འཁོར་ལོ་འདི་ལ་འབད་པར་གྱིས་ཤིག །མཚམས་མེད་པ་ལྔ་ཡི་སྡིག་པ་ཡང་འདིས་འདག་པར་འགྱུར་རོ། །ཨེ་མ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཀྱང་༔ ཁྱད་པར་ཆོས་འདི་ཁམས་ཀོང་ཕྱོགས་སུ་དར༔ ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་བཟུང་༔་ཞེས་གསུངས་སོ༔ ༧ འཁོར་ལོའི་ཕན་ཡོན་འདི་རྗེ་ཚིགས་མེད་རིན་པོའི་ཕྱག་བྲིས་དཔེ་རྒྱུན་ལས་སོ།། །།


previousཐུགས་རྗེ་ཆེན་པོའི་འཁོར་ལོའི་ཕན་ཡོན།next