Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ།
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ།next

ཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ།


CMR035_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ་བཞུགས་སོ། །


CMR035_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡ། ཨོཾ་མ་ཎི་པདྨེ་ཧཱུྃ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཕྱག་གི་རྣམ་དབྱེ་ཕན་ཡོན་བཅས་པ་བྲི། དེ་ཡང་རྒྱ་གར་ཤར་ན་གྲགས་ཆེ་བ་དཀྱིལ་འཁོར་ལྔ་པའི་ཕྱག་དང་། བྱིན་པ་ནས་འཁྱུད་པའི་ཕྱག་གཉིས་ཡོད་དེ། དཀྱིལ་འཁོར་ལྔ་པའི་ཕྱག་ནི་མགོ་བོ་དང་ལག་མཐིལ་གཉིས་དང་པུས་མོ་གཉིས་ས་ལ་བཙུགས་པ་འདི་ཡིན་ནོ། །བྱིན་པ་ནས་འཁྱུད་པའི་ཕྱག་ནི་བྱང་ཆུབ་སེམས་དཔའ་འམ་དགེ་སློང་དགྲ་བཅོམ་པས་བླ་མ་ལ་དད་ཅིང་གུས་པས། ཞབས་ཀྱི་བྱིན་པ་གཉིས་ནས་ལག་པ་འཇུས་པུས་མོ་ལ་ཐོད་པ་གཏུགས་པ་དེ་ཡིན་ནོ། །ཡང་


CMR035_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་གྱི་ཕྱག་གསུམ་ཡོད་དེ། ལུས་ཀྱིས་གུས་པས་ཕྱག་འཚལ་བ་ལུས་ཀྱི་ཕྱག །ངག་གིས་ཕྱག་འཚལ་བ་བརྗོད་པ་ངག་གི་ཕྱག །ཡིད་ཀྱིས་ཕྱག་འཚལ་བ་བསམ་པ་ཡིད་ཀྱི་ཕྱག་ཡིན་ཏེ། འདུལ་བ་ལུང་ལས། མུན་པ་ནང་དུ་མགོ་བོ་སར། །གཏུགས་ཏེ་བླ་མར་ཕྱག་མི་བྱ། །དེར་ནི་ངག་གི་ཕྱག་བྱའམ། །ཞེས་གསུངས་ཏེ། དགེ་སློང་མུན་ནག་ནང་དུ་ལུས་ཀྱི་ཕྱག་འཚལ་བས། དཔྲལ་བ་ལ་ཚེར་མ་ཟུག་པ་དང་མི་གཙང་བ་འགོས་པར་གྱུར་པས་དེ་ཕྱིར་སྟོན་པས་བཀག་པ་ཡིན་ནོ། །ལག་པ་ཐལ་མོ་སྦྱར་བ་ཙམ་དང་། མགོ་བོས་གུག་གུག་བྱེད་པ་


CMR035_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དང་། ཐལ་མོ་ཡ་གཅིག་བསླང་ཙམ་དང་། གུས་པས་ལུས་ཞུང་ཞུང་བྱེད་པ་ཙམ་ཡང་ཕྱག་གོ་ཆོད་ཅིང་ཕན་ཡོན་ཡོད་དོ། །དམ་པའི་ཆོས་པདྨ་དཀར་པོ་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱེད་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཎྞཾཐོབ། །ཅེས་དང་། མདོ་སྡེ་བསྐལ་བཟང་ལས། ཐལ་མོ་ཡ་གཅིག་བསླང་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །དེ་རྣམས་ཕྱི་མདོ་ལུགས་ཀྱི་ཕྱུག་ཡིན་ལ། ནང་སྔགས་ལུགས་ཀྱི་ཕྱག་འཚལ་ལུགས། ཨོ་རྒྱན་རིན་པོ་ཆེས། བླ་མ་དགོངས་འདུས་ཀྱི་ཕྱག་འཚལ་ཆོ་ག་ལས། དེ་ལྟར་ཕྱག་འཚལ་རྒྱ་ཡི་རིམ་པ་རྣམས། །ཕྱི་ལྟར་བེར་ཕོད་ཆོས་གོས་ལྡིང་ཐབས་བཅས། །སྙན་པའི་དབྱངས་དང་གུས་པའི་ཚུལ་ཉིད་ཀྱིས། །ལུས་ཀྱི་གནས་ལྔ་ས་ལ་ཕབ་ཅིང་འཚལ། །ནང་ལྟར་ཁ་ལག་གདོང་


CMR035_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་ཆས་ཀྱིས་བརྒྱན། །མཛེས་ཤིང་ཡིད་འོང་གོས་ཀྱིས་སྤྲས་བྱས་ཏེ། །ལྷ་ཡི་ཕྱག་མཚན་གང་རིགས་ལག་ཏུ་ཐོགས། །གར་སྟབས་དབྱངས་སྙན་གྱེར་སྟབས་སྤྱད་ཅིང་འཚལ། །གསང་བ་ལྟར་དུ་མཆེད་དང་ལྕམ་དྲལ་རྣམས། །བླ་མ་ལྷ་དང་དཀྱིལ་འཁོར་ཚོགས་གྲལ་དུ། །ལུས་ཉིད་གཅེར་བུར་ཕྱུང་ཞིང་སྨྲེ་ངག་བཅས། །གནོང་འགྱོད་སེམས་ཀྱིས་ལུས་རྡེབ་བརྐྱངས་ཕྱག་འཚལ། །ཞེས་གསུངས་སོ། །དེ་ལ་བརྐྱངས་ཕྱག་འཚལ་ལུགས་ནི། ས་གཞི་འཇམ་ཞིང་རྡོ་དང་ཚེར་མ་མེད་པར་རླུང་བཟུང་ནས་བར་སྣང་ལ་གྲུ་གང་ངམ་མདའ་གང་འཕར་ནས། ལུས་ཁ་སྦུབ་ཏུ་ས་ལ་བརྡབས་ནས། ལག་པ་གཡས་བརྐྱང་བ་ས་ལ་ལན་གསུམ་བརྡབ། ལག་གཡོན་བརྐྱང་བ་ལན་གསུམ་བརྡབ། །ཐོད་པ་ལན་གསུམ་བརྡབ། རྐང་པ་གཡས་ས་ལ་ལན་གསུམ་བརྡབ། རྐང་པ་གཡོན་ས་ལ་ལན་གསུམ་བརྡབ་པ་བརྐྱང་ཕྱག་གཅིག་ཡིན་ཅིང་། འདི་དམ་ཚིག་ཉམས་ཆག་བཤགས་པའི་ཕྱག་ཡིན་ཏེ་།་ནག་རཀ་དོང་སྤྲུགས་ལས། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་བརྐྱངས་ཕྱག་ལན་སྟོང་འཚལ་ཞིང་ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚལ་


CMR035_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཞེས་གསུངས་པ་དང་། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏེ། རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཆུང་བ་རྣམས་ཀྱིས་ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ། །དེ་ཡི་ཐབས་ནི། རྡོ་རྗེ་སློབ་དཔོན་ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་གནས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ། མཚན་ནས་བརྗོད་ཅིང་ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚལ་བ་ནི་འབྱོང་བའི་ཐབས་ཡིན་ནོ། །ཞེས་གསུངས་སོ། །བརྐྱང་ཕྱག་འདི་རླུང་འབྱོང་བ་མེད་ན་ཆག་གྲུག་སྨས་འོང་བས་མི་བྱའོ། །དེ་རྣམས་ནི་ཕྱི་ལུས་གཙོ་ཆེ་བ་རྟེན་འབྲེལ་གྱི་ཕྱག་ཡིན། ནང་ཏིང་ངེ་འཛིན་གཙོ་ཆེ་བ་དོན་གྱི་ཕྱག་ནི། སྟོང་པ་ཉིད་ཀྱི་དབང་པོ་བསྒོམ་པ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་གསུངས་སོ། །ཡང་སངས་རྒྱས་དངོས་ལ་ཕྱག་དང་མཆོད་པ་བྱེད་པ། སངས་རྒྱས་དངོས་སུ་མི་བཞུགས་ཀྱང་ཡིད་ཀྱིས་དམིགས་ནས་


CMR035_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་མཆོད་པ་བྱས་པ་ཡང་བསོད་ནམས་མཉམ་སྟེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ལ་གསོལ་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད་། །ཅེས་གསུངས། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། ང་འདུག་ས་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག །ང་ཡོངས་སུ་མྱ་ངན་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་ཡང་བསྟི་སྟང་བྱེད་པ་ཡང་ལྟ་ཞོག །ངའི་ཕྱིར་མཆོད་རྟེན་བྱ་བ་དང་། གང་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ། གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་འདས་པར་ང་སྨྲའོ། །ཞེས་གསུངས་ཀྱང་། བླ་མ་དང་མཆོད་རྟེན་ཁྱད་པར་ཅན་ལ་རྩ་བ་དྲུང་ནས་ཕྱག་འཚལ་བ་དང་། ཐག་རིང་ནས་ཕྱག་འཚལ་བ་ཡང་བསོད་ནམས་མཉམ་སྟེ༔ ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོལ་མའི་ཞལ་ནས། སེམས་མོས་གུས་ཀྱི་ཕྱག་ལ་ཉེ་རིང་མེད། ཅེས་གསུངས། དེ་ལྟར་ཕྱག་ལ་རྣམ་གྲངས་མང་ན་ཡང་། མདོ་སྔགས་


CMR035_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ནས་གསུངས་ཤིང་ཡོངས་སུ་གྲགས་པ་གནས་ལྔ་ས་ལ་བཙུགས་པའི་ཕྱག་ནི་མཆོག་ཡིན་ནོ། །ཕྱག་གི་ཕན་ཡོན་ནི། སངས་རྒྱས་ལ་དང་བའི་སེམས་ཀྱིས་ཐལ་མོ་སྦྱར་ན། མཆོག་ཏུ་བྱུང་བ་བརྒྱད་ཐོབ་པ་ནི། གཟུགས་མཆོག་ཏུ་བྱུང་བ་དང་། གཡོག་འཁོར་མཆོག་ཏུ་བྱུང་བ་དང་། ཚུལ་ཁྲིམས་མཆོག་ཏུ་བྱུང་བ་དང་། ལྷ་དང་མི་ཡི་སྐྱེ་བ་མཆོག་ཏུ་བྱུང་བ་དང་། དད་པ་མཆོག་ཏུ་བྱུང་བ་དང་། སྤོབས་པ་མཆོག་ཏུ་བྱུང་བ་དང་། འཕགས་ལམ་མཆོག་ཏུ་བྱུང་བ་དང་། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཐོབ་པར་གསུངས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོ་བོས་བཏུད་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་གསུངས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་ཕྱག་འཚལ་བའི་ཕན་ཡོན་རྒྱས་པ་ནི། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤང་། །སངས་རྒྱས་འབྱུང་ཉིད་རབ་མཛེས་པ། །མཉེས་པར་བྱེད་པའི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་


CMR035_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མེ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྟོན་པ། །གླིང་བཞི་དག་ནི་དབང་ཕྱུག་བླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །ས་ཡི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐིང་མི་འགྱུར། །གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་


CMR035_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡང་བསྟི་སྟང་བྱེད་པ་ནས། །གང་ཞིག་ཕྱིས་དུས་མི་ཟད་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་བསོད་ནམས་ཆེས་མང་ངོ་། །འཇིག་རྟེན་སངས་རྒྱས་འབྱུང་བ་མོས་སྐྱེད་དེ། །སྟོན་པའི་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །འཇིག་རྟེན་དག་ན་བླ་མར་བཀུར་བསྟི་བྱེད། །དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར། །དེང་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟེང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་དུ་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་པ་ཡང་རྣམ་པར་སྤངས། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོ་ཚོགས་ཆེན་དག་གིས་ལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་


CMR035_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལྡན། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ནའང་མི་ཡི་རྒྱལ་པོར་འགྱུར། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྷུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤངས། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཡོན་ཏན་ལྡན་ལ་ཚིག་གཅིག་སུས་སྨྲ་བ། །དེ་ནི་མི་རིགས་སྔགས་ལ་གཞིར་མི་སྤྱོད། །མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་ངོ་དགའ་བར་འགྱུར། །ཞེས་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་མཆོད་རྟེན་དངོས་ནི། སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཡིན་ལ། རིང་བསྲེལ་ལ་ཡང་རིགས་ལྔ་ཡོད་དེ། ཡུངས་དཀར་ལྟ་བུའི་རིང་བསྲེལ་ནི་འཕེལ་གདུང་ཡིན། སྐུ་གདུང་གི་རིང་བསྲེལ་ནི་གདུང་རུས་ཤངས་མཚལ་ཕྱག་སེན་ཞབས་སེན་རྣམས་ཡིན། སྐུ་བལ་གྱི་རིང་བསྲེལ་ནི་དབུ་ལོ་དང་ན་བཟའ་བཞུགས་གདན་དུམ་བུ་ཡིན་ནོ། །གཟུངས་སྔགས་ཀྱི་རིང་བསྲེལ་ནི་གཟུངས་སྔགས་བྲིས་པའི་ཤོག་དྲིལ་ལྟ་བུ་ཡིན་ལ། དེ་


CMR035_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་ནི་ནང་གཞུག་ཐམས་ཅད་ལ་ཡོད་པས། མཆོད་རྟེན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཆོད་རྟེན་ཡིན་ནོ། །མཆོད་རྟེན་དེ་ན་དངོས་སུ་མེད་ནའང་། རྒྱ་གར་དང་ཙཱ་རི་སོགས་ན་ཡོད་པའི་རང་བྱོན་གྱི་མཆོད་རྟེན་རྣམས་དེར་བཞུགས་པར་བསྒོམས་ནས་ཕྱག་འཚལ་ན། དངོས་སུ་འཚལ་བ་དང་བསོད་ནམས་མཉམ་མོ། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། ནམ་མཁས་གར་ཁྱབ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་མ་ཁྱབ་པ་མེད་པར། གསང་བ་བསྟན་པའི་མདོ་ནས་གསུངས་སོ། །ཡང་ཕྱག་འཚལ་བས་དམ་ཚིག་ཉམས་པ་དང་དམ་ཚིག་ཆག་པ་ཐམས་ཅད་ཀྱང་དག་པར་གསུངས་ཏེ། ན་རཀ་དོང་སྤྲུགས་ཀྱི་རྒྱུད་ཆེན་པོ་ལས། སྒྲུབ་པ་བཀའ་བརྒྱད་ཀྱི་རིག་འཛིན་དང་བཅས་པ་རྣམས་ལ་ཕྱག་འཚལ་བས། ཉམས་ཆག་མ་ལུས་ཀུན་བྱང་ནས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པས། བཀའ་བརྒྱད་རྩ་བའི་རྒྱུད་ལས།་གསང་བ་འདུས་པ་དང་ཞི་ཁྲོ་གསང་བའི་སྤང་སྐོང་སོགས་ཚིག་ཕལ་ཆེར་མཐུན་པར། གང་ཞིག་རྒྱལ་བ་ཞི་ཁྲོ་


CMR035_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས། དེ་ཡན་སྤྱིར་ཕྱག་གི་ཕན་ཡོན་ཡིན་ལ། ཁྱད་པར་ལྟུང་བཤགས་ཀྱི་ལྷ་རེ་རེ་ལ་ཕྱག་འཚལ་ན་སྡིག་པ་སོ་སོར་དག་ལུགས་མཁན་པོ་བྷོ་དྷི་སཏཱས་རྒྱ་ཆེར་གསུངས་པ་དང་། གཞན་ཡང་སངས་རྒྱས་བྱང་སེམས་རེ་རེ་ལ་ཕྱག་འཚལ་བའི་ཕན་ཡོན་མཚན་ཆེན་ཡོངས་གྲགས་དང་མཚན་ཆུང་དང་ངོ་མཚར་ཅན་གྱི་མཚན་བརྒྱད་སོགས་སུ་ཇོ་བོ་རྗེས་རྒྱ་ཆེར་གསུངས་པ་ནི་བྲིར་མི་ལོང་ལ། ཕྱག་ཕུལ་བའི་འགྱུར་ཕུལ་དུས་ཀྱི་འགྱུར་ཕུལ་མཁན་གྱི་འགྱུར་ཕུལ་ལུགས་ཀྱི་འགྱུར་ཅུང་ཟད་བཤད་ན། རིག་པ་མཆོག་གི་རྒྱུད་ལས། དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་གི་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། རིག་པའི་རྒྱལ་པོ་ཆེན་པོ་མཆོག་ཕྱག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ལས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་བརྗོད་ཅིང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ན་


CMR035_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཤིན་ཏུ་ཆེའོ། །པདྨ་དཀར་པོའི་མདོ་ལས། གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ན་བཟའ་དང་བསོད་སྙོམས་དང་མལ་ཆ་དང་། སྙན་གྱི་གསོས་སྨན་དག་དང་། ཡོ་བྱད་རྣམས་ཀྱིས་མཆོད་པའི་བསོད་ནམས་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ནས་བརྗོད་ཅིང་ཕྱག་འཚལ་བ་གཉིས་བསོད་ནམས་མཉམ་པར་གསུངས་པའི་ཕྱིར། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་བརྗོད་ཅིང་ཕྱག་འཚལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །ཕྱག་འཚལ་བའི་དུས་ནི་ཆོ་འཕྲུལ་ཆེན་པོ་ཞེས་བྱ་བ། སྟོན་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའི་དུས། ས་སྒང་དུས་བཟང་ནི་ཚེས་གཅིག་ནས་ཉ་ཡི་བར་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། རམ་ཟླའི་ཚེས་བཞི་དང་། ལྷ་ལས་བབ་པ་ཞལ་བཞེས་དུས་ཡུངས་བརྐོ་ཟླ་བའི་བཅོ་ལྔ་དང་། ལྷ་ལས་བབ་པའི་དུས་ཡུངས་བརྐོ་ཟླ་བའི་ཉི་ཤུ་གཉིས་རྣམས་ལ་ཕྱག་གཅིག་ཕུལ་ན། ཕྱག་འབུམ་ཐེར་རེར་འགྱུར་རོ། །སྟོན་པ་ལྷུམས་སུ་ཞུགས་པ་དང་རབ་ཏུ་བྱུང་བ་དང་སངས་རྒྱས་པའི་དུས་གསུམ་འཛོམས་པས། རྣམ་གསུམ་འཛོམ་པའི་དུས་ཞེས་བྱ་བ་བྱ་གྲག་ཟླ་བའི་ཚེས་བཅོ་ལྔ་ལ་ཕྱག་གཅིག་འཚལ་ན་


CMR035_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཐེར་གསུམ་ཡིན་ནོ། །དེ་རྣམས་ནི་འདུལ་བ་ལུང་དང་མདོ་སྡེ་མང་པོ་ནས་བཤད་པས་ཐེ་ཚོམ་མེད་དོ། །ཡང་རྟ་ཆེན་ཟླ་བ་ཞེས་པ་ས་སྒང་དུས་བཟང་གི་ཚེས་གཅིག་ཉི་དྲོས་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ །གདུ་གུ་ཟླ་བ་ཞེས་པ་དབྱར་མཆོད་ཀྱི་ཚེས་དགུའི་ཉིན་ཕྱེད་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་འབུམ་ཁྲིའི་སྡིག་པ་དག་གོ །གྲེ་ཡི་ཟླ་བ་ཞེས་པ་གོ་བོ་ཕུག་ཟླའི་ཚེས་དྲུག་ཉི་མ་ཕྱེད་ལ་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ་བྱ་སྦོའི་ཟླ་བ་ཞེས་པ་ཆབ་མདོ་དུས་བཟང་གི་ཚེས་དྲུག་གི་ཉིན་ཕྱེད་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན། བསྐལ་པ་བཞི་ཁྲིའི་སྡིག་པ་དག་གོ །ཕན་ཡོན་དེ་རྣམས་ས་ཡི་སྙིང་པོས་ཞུས་པའི་མདོ་ནས་གསུངས་སོ། །ཤར་དུ་ཕྱག་འཚལ་དུས་ཤར་རྡོ་རྗེ་སེམས་དཔའ་འཁོར་བཅས་ལ་དམིགས་ནས་འཚལ་བ་གལ་ཆེའོ། །དུས་ཚོད་དེ་རྣམས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་དྲུང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཚོགས་ནས། སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད་པས་


CMR035_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཆེ་བ་ཡིན་ནོ་གསུངས་སོ། །དེ་དག་ནི་དུས་ཀྱི་འགྱུར་ཡིན་ལ། གང་ཟག་གི་འགྱུར་ནི་སྐྱེ་བོའི་ཕྱག་འབུམ་ཕྲག་གཅིག་དང་། བྲམ་ཟེ་གཙང་མ་གཅིག་གི་ཕྱག་གཅིག་དང་མཉམ་མོ། །བྲམ་ཟེ་ནི་བོད་ན་མེད་དེ་རྒྱ་གར་ན་ཡོད་པས་ལྷ་ཚངས་པའི་ཆོས་ལུགས་བཟུང་ནས་ཤ་ཁྲག་མི་ཟ། སྡིག་པ་ཅི་ཡང་མི་བྱེད་གཙང་སྦྲ་ཁོ་ན་བྱེད་ཅིང་ལྷ་ཚངས་པ་ལ་སྦྱིན་སྲེག་གི་མཆོད་པ་བྱེད་མཁན་གྱི་རིགས་ཤིག་ཡོད་སྐད། བྲམ་ཟེའི་ཕྱག་འབུམ་ཐེར་གཅིག་དང་བནྡེ་གཙང་མའི་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་མོ། །བནྡེ་གཙང་མ་བརྒྱ་དང་། དགེ་ཚུལ་གྱི་ཕྱག་གཅིག་བསོད་ནམས་མཉམ། དགེ་ཚུལ་གྱི་ཕྱག་བརྒྱ་དང་། དགེ་སློང་གཙང་མའི་ཕྱག་གཅིག་བསོད་ནམས་མཉམ། དགེ་སློང་གཙང་མའི་ཕྱག་འབུམ་ཐེར་གཅིག་དང་ཕྱག་རྒྱ་ཆེན་པོའི་དོན་ངེས་པར་རྟོགས་པའི་གང་ཟག་གིས་ཕྱག་གཅིག་ཕུལ་བ་བསོད་ནམས་མཉམ་སྟེ། སྐྱེ་བོ་ཕལ་པ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཚུལ་ཁྲིམས་ལྡན་པ་སྟོང་ཕྲག་བརྒྱ། །ཡེ་ཤེས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །འདི་ཡི་དོན་མདོ་རྒྱུད་དང་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་གསུངས་སོ། །ཕུལ་ལུགས་


CMR035_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འགྱུར་ནི་རང་གི་དོན་དུ་ཕུལ་བ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་བ་བསོད་ནམས་ཆེ། དད་གུས་མེད་པར་ཕུལ་བ་བས། དད་པ་རྩེ་གཅིག་གིས་ཕུལ་བ་བསོད་ནམས་ཆེ། ཡེངས་ཤིང་ཕུལ་བ་བས། མ་ཡེངས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་ཕུལ་ན་བསོད་ནམས་ཆེ། དེ་བས་ཀྱང་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་མ་བྲལ་བར་ཕུལ་ན་བསོད་ནམས་ཆེའོ། །སྔགས་ཀྱི་འགྱུར་ནི། ཕྱག་གི་གཟུངས་བཅོམ་ལྡན་འདས་ཀྱིས་གསུངས། ན་མོ་མཉྫ་ཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། སྔགས་འདི་ལན་གསུམ་བརྗོད་ནས་ཕྱག་འཚལ་ན་ཕྱག་བྱེ་བ་གཅིག་ཏུ་འགྱུར་རོ། །འདི་ཇོ་བོ་རྗེས་ཀྱང་གསུངས་པས་གྲྭ་ས་ཆེན་པོ་ན་དར་བས། སྔགས་འདི་ཡང་དག་པར་ཡོད་པས་ཡིད་ཆེས་སོ། །གཞན་ཡང་མདོ་རྒྱུད་མན་ངག་དུ་མ་ནས་ཕྱག་གི་ཕན་ཡོན་གསུངས་པ་ཚིག་ཉུང་ངུར་བསྡུས་ནས་བརྗོད་ན། རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ན། །ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བར་འགྱུར། །དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ན། །ངན་སོང་གསུམ་གྱི་སྡུག་བསྔལ་སྐྱོབ་པར་འགྱུར། །ཀུན་རིག་རྣམ་སྣང་


CMR035_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་ཕྱག་འཚལ་ན། །ཚེ་འདས་ངན་སོང་གནས་ནས་ཐར་བར་འགྱུར། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ན། །འཇིགས་པ་ཀུན་ཞི་ལས་ཀྱི་སྒྲིབ་པ་དག །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ན། །ཚེ་འདིར་ཚེ་རིང་ཕྱི་མ་ཞིང་ཁམས་བརྗོད། །འཇམ་པའི་དབྱངས་ལ་དྲན་པར་ཕྱག་འཚལ་ན། །ཤེས་རབ་འཕེལ་ཞིང་ཕྱི་མ་མཁས་པར་སྐྱེ། །བཅོམ་ལྡན་ཤཱཀྱ་ཐུབ་ལ་ཕྱག་འཚལ་ན། །འཁོར་བ་མཐའ་ཡོད་ནམ་ཞིག་བྱང་ཆུབ་ཐོབ། །སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ན། །ཚེ་འདིར་ནད་ཉུང་ཕྱི་མ་ངན་སོང་སྤང་། །སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་དེ་ལ། །ཕྱག་འཚལ་དགྲ་དང་ཁ་མཆུ་ཞི་བར་འགྱུར། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ན། །འཇིགས་པ་ཀུན་ཞི་རིགས་དྲུག་སྡུག་བསྔལ་སྐྱོབ། །ཕྱག་ན་རྡོ་རྗེ་ལ་ནི་ཕྱག་འཚལ་ན། །བགེགས་རིགས་གནོད་བྱེད་ཀུན་ཞི་བསོད་ནམས་འཕེལ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ། །རྩེ་གཅིག་ཕྱག་འཚལ་ལོ་ནི་ལེགས་པར་འགྱུར། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ན། །གོད་ཁ་ཞི་ཞིང་ནོར་རྣམས་འཕེལ་བར་འགྱུར། །ཛམ་བྷ་ལྷ་ལ་རྩེ་གཅིག་ཕྱག་འཚལ་ན། །ནོར་དང་ལོངས་


CMR035_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཤུགས་ཀྱིས་འཕེལ་བ་ཡིན། །ཨོ་རྒྱན་པདྨ་ལ་ནི་ཕྱག་འཚལ་ན། །ལྷ་འདྲེའི་གནོད་པ་ཀུན་ཞི་ཐར་པ་ཐོབ། །སོ་སོར་འབྲང་མ་ལ་ནི་ཕྱག་འཚལ་ན། །བྱིས་མི་འཆི་བུ་ཚ་འཕེལ་བ་ཡིན། །སྒྲོལ་མ་སྔོན་མོ་ལ་ནི་ཕྱག་འཚལ་ན། །འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་ཞི། །སྒྲོལ་མ་དཀར་མོ་ལ་ནི་ཕྱག་འཚལ་ན། །ཚེ་དང་བསོདནམས་ཡར་ངོའི་ཟླ་ལྟར་འཕེལ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ན། །ཇག་རྐུན་འཕྲོག་བཅོམ་ཐམས་ཅད་མི་འབྱུང་ངོ་། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཁའ་འགྲོ་ལ། །ཕྱག་འཚལ་ཤར་དུ་སོང་ན་བསམ་དོན་འགྲུབ། །རིན་ཆེན་འབྱུང་ལྡན་རིན་ཆེན་མཁའ་འགྲོ་ལ། །ཕྱག་འཚལ་ལྷོ་ཕྱོགས་སོང་ན་དོན་དེ་འགྲུབ། །སྣང་བ་མཐའ་ཡས་པདྨ་མཁའ་འགྲོ་ལ། །ཕྱག་འཚལ་ནུབ་ཕྱོགས་འགྲོ་ན་བར་ཆད་མེད། །དོན་ཡོད་གྲུབ་པ་ལས་ཀྱི་མཁའ་འགྲོ་ལ། །ཕྱག་འཚལ་བྱང་ཕྱོགས་སོང་ན་བསམ་པ་འགྲུབ། །དེ་ལྟར་ཕྱག་གི་ལས་ཚོགས་གང་བསྒྲུབས་ཀྱང་། །དད་གུས་ཐེ་ཚོམ་མེད་པར་ཕྱག་མང་འཚལ། །མཇུག་ཏུ་འདོད་དོན་གང་ཡིན་གསོལ་བ་བཏབ། །ལས་ཀྱི་རྣམ་སྨིན་དྲག་པོ་མ་གཏོགས་པ། །གང་བསམ་དོན་དེ་


CMR035_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་རྒྱལ་བས་གསུངས། །ཕྱག་གི་བཤད་པ་ཕན་ཡོན་མདོར་བསྡུས་འདི། །རང་བཟོ་མ་ཡིན་མདོ་རྒྱུད་མན་ངག་དོན། །རཱ་གའི་མིང་ཅན་དགེ་སློང་རྒན་པོ་ཡིས། ཁྲུམས་ཟླའི་ཚེས་པ་ལྔ་ལ་སྦྱར། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་དྲུང་དུ་བཤགས། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་འཚལ་བའི་དབྱེ་བ་དང་བཤད་པ་ཕན་ཡོན་འགྱུར་ཡོད་ཚུལ་དུས་གནད་ཕྱག་གི་གཟུངས་དང་བཅས་པ།next