Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕྱག་འཚལ་བའི་ཕན་ཡོན།
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousཕྱག་འཚལ་བའི་ཕན་ཡོན།next

ཕྱག་འཚལ་བའི་ཕན་ཡོན།


CMR035_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བའི་ཕན་ཡོན་ནོ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོ་མཆོག་ལ་ཕྱག་འཚལ་ལོ། །འདིར་ཕྱག་འཚལ་བའི་ཕན་ཡོན་མདོར་བསྡུས་པ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐིང་མི་འགྱུར། །ཞེས་སོགས་ནས། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་པའི་དལ་བ་ཞིག །མདོག་བཟང་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མེ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང་། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། །གཏོང་བ་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྟོན་པ། །གླིང་བཞི་དག་གི་དབང་ཕྱུག་བླ། །


CMR035_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ཞེས་དང་། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་བརྒྱ་སྟོང་བསྟི་སྟང་བྱེད་པ་བས། །གང་ཞིག་ཕྱི་དུས་མི་ཟད་བསྐལ་པ་འདི་ལ་ནི། །།མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཆེས་མང་ངོ་། །འདི་ནི་དུས་སྙིགས་མའི་ཆོས་བྱེད་མཁན་དཀོན་པས་གཙོ་བྱེད་པ་ངོ་མཚར་ཆེ་ཞིང་འགྱུར་ཆེ་བ་སྟེ་སྔར་དགྲ་བཅོམ་ཐོབ་བ་བས། ད་ལྟ་སེར་གོས་གྱོན་ཙམ་ཕན་ཡོན་ཆེ་བར་གསུངས་པ་ལྟ་བུའོ། །ཞེས་དང་། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་འཐོབ་ཅིང་། །མཛེས་མ་མཚན་གྱི་གོ་ཆར་བྱས་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱག །ལྷ་ཡི་ཙནྡན་ཁྱད་འཕགས་རབ་མཛེས་པའི། །གཞལ་ཡས་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ། །དེ་ན་དེ་ལ་གཞར་ཡང་སྲིད་མི་


CMR035_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ། །ཞེས་དང་། འཇིག་རྟེན་སངས་རྒྱས་འབྱུང་བར་ལས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ། །དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར། །དེང་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟེང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན། །དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །དེས་ནི་ངན་སོང་པ་ཡང་རྣམ་པར་སྤངས། །དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲན་ལྡན་མཆོད་འོས་འགྱུར། །དབུགས་འབྱིན་ཐོབ་པའི་འཇིག་རྟེན་ཀུན་ཏུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་བསྐྱེད། །སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན། །དེ་ལ་སུ་ཡང་དབང་ཕྱུག་མེད་མི་བྱེད། །སྐྱེ་བོས་ཚོགས་ཆེན་རྣམས་ཀྱི་བལྟར་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པར་སྨྲ་དང་དོན་སྤྱོད་དང་། །


CMR035_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐུན་དག་པ་སྐྱེ་བོ་མང་ལ་བྱེད། །སྨྱོས་ཤིང་བརྒྱད་ཀྱང་ཁོང་ཁྲོ་དངོས་མི་བསྐྱེད། །སངས་རྒྱས་མཆོད་རྟེན་ཕྱག་འཚལ་ཐལ་སྦྱར་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་། འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འགྱུར། །དེ་ནི་གཞར་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་གཞར་ཡང་ངན་སོང་ཕྱིས་མི་ལྟུང་། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤངས། །ནོར་ཅན་ནང་ན་ཕྱུག་ཅིང་མཛོད་མང་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་གུས་ཕྱག་འཚལ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱིས། །ཆེར་ཡང་རྟག་ཏུ་བཀུར་བའི་གནས་སུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་མདོ་ནས་གསུངས་པའི་ཕྱག་ཚང་མ་ནི་གནས་ལྔ་ས་ལ་གཏུགས་པའི་ཕྱག་གཙོ་བོ་ཡིན། གཞན་ཡང་ལུས་ངག་གི་ཕྱག་གཙོ་ཆེ་བས། ཕན་ཡོན་ཡང་། དེའི་ཕན་ཡོན་ཡིན་པར་ངེས་ཏེ། དམ་ཆོས་པདྨ་དཀར་པོའི་མདོ་ལས། མཆོད་རྟེན་དེ་ལོ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་


CMR035_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་གཅིག་གམ། །ཡང་ན་མགོ་བོས་སྐད་ཅིག་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་སོ། །ཡང་གསང་སྔགས་ཀྱི་དམ་ཚིག་ཆག་ཉམས་ཕྱག་འཚལ་བས་དག་སྟེ། དྲི་མེད་བཤགས་རྒྱུད་ལས། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལྷ། །གང་གིས་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ། །ཅེས་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། །ལུས་ས་ལ་རྡེབ་པའི་བརྐྱང་ཕྱག་ནི་རྙིང་མའི་ཞི་ཁྲོའི་རྒྱུད་ནས་གསུངས་པ་ཡིན་གྱི་མདོ་ནས་མ་གསུངས། གསར་མའི་རྒྱུད་རྣམས་ནས་མི་གསལ་ལོ། །རྒོད་ཚང་པའི་མན་ངག་མོས་གུས་ཕྱག་ཆེན་གྱི་དོན་ཡང་། ཕྱག་འཚལ་པས་ཐང་ཆད་རླུང་དབུ་མར་ཚུད་པས་ཕྱག་ཆེན་གྱི་རྟོགས་པ་སྐྱེ་བར་དགོངས་སོ། །འཁྲུལ་འཁོར་གྱི་དོན་ཡང་ཕྱག་ལ་ཚང་བར་བཞེད་པའོ། །ཕྱག་འཚལ་བའི་གཟུངས་འདི་འདོན་ཞིང་ཕྱག་གཅིག་འཚལ་ན་འབུམ་དུ་འགྱུར་བར་ཇོ་བོ་རྗེས་རྒྱ་གར་གྱི་ཆོས་


CMR035_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་ནས་བསྡུས་སྐད་དོ། །ན་མོ་མཉྫཤྲཱི་ཡེ། ན་མསུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་པ་ཆོས་དབང་ཀུན་བཟང་གིས་བསྐུལ་ནས། །༧ ཨ་རཱ་གས་འཕྲལ་དུ་བྲིས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕྱག་འཚལ་བའི་ཕན་ཡོན།next